བོད་ཀྱི་ན་གཞོན་སྙན་ངག་པ་ཁ་བ་སྙིང་ལྕགས་ལགས་ལ་མྱ་ངན་ཞུ།

157069770ངེད་གཞོན་གསར་དྲ་བས་བོད་ཀྱི་ན་གཞོན་སྙན་ངག་པ་ཁ་བ་སྙིང་ལྕགས་ལགས་
ལ་སེམས་ཁོང་རུས་པའི་སྟེང་ནས་མྱ་ངན་ཞུ།


སྤྱི་ཟླ6པའི་ཚེས26ཉིན་གྱི་མཚན་མོའི་ཆུ་ཚོད20:00ཡས་མས་ཤིག་གི་སྟེང་བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་གུང་ཧོ་རྫོང་མཚོ་སྔོན་པོ་ཅང་སི་སྟེ་ཁོང་གི་ཕ་ཡུལ་ནས་མཚོ་སྔོན་པོའི་ནང་དུ་ཉ་རྒྱ་ལེན་པར་བསྐྱོད་དེ་སྟབས་མ་ལེགས་པར་འདས་གྲོངས་སུ་གྱུར་བ་རེད།

སྤྱི་ཟླ6པའི་ཚེས25ཉིན་ཁོང་གིས་ས་གནས་ན་གཞོན་སྐོར་ཞིག་དང་ལྷན་དུ“མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་དང་ས་གནས་མི་རིགས་ཀྱི་རྩིས་ཐང་སྲུང་སྐྱོབ”(འདི་ནི་ཁོང་སྐུ་མ་གཤེགས་ཡར་སྔོན་གྱི་ཆེས་མཐའ་མཇུག་གི་སྐད་ཆ་ཡིན)བྱ་ཆེད་གྲུ་བཏང་ནས་གསེར་ཉ་འཛིན་པའི“རྒྱ་ཉ་བདའ”སྐོར་ཞིག་བཀག་འགོག་བྱས་མོད།  དེ་དག་གིས་ཁས་བླངས་མ་བྱས་པར་བསྟེན་ཉིན་གཉིས་པར་ཁོང་གིས་ན་གཞོན་སྐོར་ཞིག་ཁྲིད་དེ་མཚོ་ནང་དུ་འཕངས་པའི་ཉ་རྒྱ་མང་བོ་བླངས་ཤིང་དེ་གར་ཉ་འཛིན་པའི་མི་ཡང་ ཟིན་པ་རེད།  ད་དུང་བརྙན་པར་སོགས་ཀྱི་འབྲེལ་ཡོད་རྒྱུ་ཆ་འཐུས་ཚང་ཅན་ཡང་ལོན།   འོན་ཏེ་ཆེས་མཐའ་མཇུག་གི་ཉ་རྒྱ་དེ་ལེན་ཕྱིར་མཚོ་ནང་དུ་གོམ་པ་ཉི་ཤུ་ཙམ་ཕྱིན་ རྗེས་ལོ་ན་ཉེར་དྲུག་ཡིན་པའི་ཚེ་སྲོག་གཞོན་ནུ་དེ་ཧམ་སེམས་ཀྱི་གྲིབ་མར་འབྱར་ནས་ང་ཚོ་དང་དུས་གཏན་དུ་གྱེས་སོང་ཨང་།

དོན་དངོས་མིག་ལམ་དུ་ལྷུང་ནས་ཆུ་ཚོད་ངེས་ཅན་ཞིག་འགོར་ནའང་ངེད་ཅག་ནི་ད་དུང་རང་ཉིད་ཀྱི་རེག་ཚོར་ལའང་ཡིད་མི་ཆེས་པའི་ཚོད་དུ་ཡར། ཡིན་ནའང་དོན་དངོས་ནི་གདུག་རྩུབ་ཅན་གྱི་མེ་ལྕེ་ཞིག་དང་འདྲ་བར་སྙིང་རྗེ་མེད་པ་ཞིག་རེད་པས། མཚན་མོའི་ཆུ་ཚོད20:00ཡས་མས་ཤིག་གི་སྟེང་འུ་ཅག་ལ་དབང་ཆོག་པའི་ལང་ཚོ་གསར་ཐག་ཆོད་པ་ཞིག་ཕྱིར་འོང་མེད་པའི་ལོ་ཟླ་བཞིན་འདས་པའི་དུས་ཚོད་ལ་དབང་སོང་ངོ་།།

དངོས་ཡོད་གནས་ཚུལ་འདི་ནི་ཁོང་གི་ལས་གྲོགས་སུ་གྱུར་བའི་ངེད་ཅག་དང་ཡུལ་དངོས་མི་སྣ་དག་གིས་དངོས་མཐོང་དུ་གྱུར་བ་ཞིག་གོ།

ཞིང་འབྲོག་གསར་བའི་རིག་གནས་ལས་ཤག་གིས
2015/6/27ཉིན་ཡི་གེར་བཏབས་སོ།།


ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་
ང་ཚོ་དང་གཏན་དུ་གྱེས་སོང་།

480570692

ཕྲན་ཉི་ཟེར།

འདི་ནས་ཡར་བརྩིས་པའི་ཉིན་གྲངས་ཁ་ཤས་ཀྱི་སྔོན་དུ་ཁྱེད་ཀྱིས་《འབུ་མེ་ལྕེབས་》ཞེས་པའི་དཔེ་དེབ་དེ་སྣམ་ནས་ཁྱེད་ཀྱི་མ་ཡུམ་སློབ་གྲྭ་དེ་ནུབ་བྱང་མི་རིགས་སློབ་ཆེན་དུ་འབྱོར་སོང་། དེ་དུས་ཕྲན་གྱིས་ཁྱེད་ལ་སེམས་ཞིབ་མོའི་ཁ་བརྡ་ཞིག་གློད་མ་ཐུབ་ཀྱང་ཁྱེད་ཀྱི་《འབུ་མེ་ལྕེབས་》ཞེས་པའི་དཔེ་དེབ་དེའི་སྐོར་ནས་ཅུང་དྲིས་པ་ཡིན། ཡིན་ཡང་། ཁྱེད་ནི་ནམ་ཡང་རྩེད་དགོད་ལ་མཁས་པའི་གསར་བུ་ཞིག་ཡིན་པས་དེ་དུས་ཁྱེད་ཀྱིས་རྩེད་མཚར་གྱི་ལམ་ནས་དྲིས་ལན་མདོར་བསྡུས་རེ་བཏབ་པ་ད་དུང་བརྗེད་དུ་མེད། སྲོད་ཁའི་ཉི་འོད་ཀྱི་ཟེར་མ་ཡལ་བའི་ཕྱི་དྲོའི་དུས་དེར་སློབ་རྭའི་དཔེ་ཁང་གི་ཉེ་འགྲམས་སུ་ངས་ཁྱོད་དང་ལྷན་དུ་འབུ་མེ་ལྕེབས་ཞེས་པ་དེ་བཀླགས་པ་ཡིན། དེ་དུས་ཁྱེད་ཀྱིས་ང་ལ་ཅི་འདྲའི་མགྱོགས་པོར་ངང་བཀླགས་ཚར་སོང་ཞེས་ཀུ་རེའི་ཚུལ་དུ་ལབ། རེབ་དེར་ཁྱེད་ཀྱིས་ད་དུང་རྗེ་ཙོང་ཁ་བ་དང་ཚངས་དབྱངས་རྒྱ་མཚོ་སོགས་ཀྱི་རྣམ་ཐར་དེའང་བྱིས་སྒྲུང་གི་རྣམ་པའི་དཔེ་རིས་དེབ་ཀྱི་ཚུལ་དུ་བཟོ་འཆར་ཡོད་ཚུལ་ལབ། གྲོགས་པོ་ལགས་ཐོག་མར་ངས་ཁྱོད་རང་སྙན་ངག་ཅིག་ལས་ངོ་ཤེས་པ་ཡིན་ལ་དེ་ནི་"ང་ཁྱོད་ཀྱི་སྐྱེས་པ་གསོད་མཁན་གྱི་མི་དེ་མིན་"ཞེས་པ་དེ་ཡིན། སྙན་ངག་དེས་ང་ཁྱོད་དང་ཐག་ཇེ་ཉེར་བཏང་སོང་། སྙན་ངག་དེས་ང་ཁྱོད་ཀྱི་འཇིག་རྟེན་ལ་ཁྲིད་སོང་། དུས་དེ་ནས་བཟུང་ངས་ཁྱོད་རང་གཞི་ནས་ངོ་ཤེས་སོང་། ན་གཞོན་སྙན་ངག་པ་ལགས། ཁྱོད་ཀྱིས་གཞོན་སྐྱེས་ཚོའི་མིག་ལམ་དུ་《འབུ་མེ་ལྕེབས་》ཞེས་པའི་ལྷུག་རྩོམ་གྱི་དཔེ་དེབ་ཅིག་བཀྲམས་ལ་ད་དུང་ནར་མ་སོན་པའི་བྱིས་པ་དག་གི་སླད་དུ་《འབུ་མེ་ལྕེབས་》ཞེས་པའི་བྱིས་སྒྲུང་ཞིག་ཀྱང་བྲིས་ཡོད། ཡང་ཁྱེད་ཀྱི་ན་གཞོན་སློབ་ཆེན་པའི་གློག་བརྙན་<ལམ་>ཞེས་པ་ཞིག་ཀྱང་ཕབ་སྐྲུན་བྱས་ལ་དེ་ལ་ན་གཞོན་གློག་བརྙན་བྱ་འགུལ་ཞིག་གི་སྟེང་དུ་བྱ་དགའ་ཡང་ཐོབ་མྱོང་། དེའི་རྗེས་སུ་<རྫ་ཆུ་ཁའི་བྱིས་པ་>ཞེས་པའི་དངོས་བཤུས་གློག་བརྙན་ཞིག་ཕབ་ལ་དེས་ཀྱང་ས་གནས་དེའི་རྗེས་ལུས་ཀྱི་སློབ་གསོའི་གནས་བབ་དེ་གསལ་རྗེན་དུ་བཏོན། འདི་དག་ནི་ཁྱེད་ནི་མི་རིགས་ཤིག་ལ་བློ་དཀར་བའི་ཁ་བ་ཞིག་གི་རང་མདངས་རེད། འདི་དག་ནི་ཁྱེད་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་ཤེས་བྱའི་ཉུང་བཅུད་རེད། ན་གཞོན་སྙན་ངག་པ།
དེ་རིང་བདག་གིས་གློ་བུར་དུ་གཏམ་ངན་དེ་ཐོས་པས་ཁྱེད་ཀྱི་སྐད་འཕྲིན་གྱི་བར་སྟོང་དེ་དག་ལ་ཡང་ཡང་བལྟ་དགོས་བྱུང་། དངོས་གནས་སྐད་འཕྲིན་གྱི་དུས་རབས་འདིར་ངས་ཁྱེད་ཀྱི་ཉིན་གཅིག་འཚོ་བ་ལའང་རྒྱུས་ལོན་བྱ་ཐུབ་པས་ཁ་སང་ཁྱེད་ཀྱི་འབུ་མེ་ལྕེབས་ཀྱི་དཔྱད་བརྗོད་ཅིག་སྐད་འཕྲིན་གྱི་བར་སྟོང་དུ་བཀོད་སོང་། དེ་བས་དངོས་གནས་རྣར་མི་འགྲོ་བའི་གཏམ་ངན་དེ་དག་ལ་ཡིད་ཆེས་ཐབས་བྲལ། ཡིན་ཡང་དོན་དངོས་ནི་དོན་དངོས་རང་ཡིན་པས་སྔར་ངས་བཞིན་ཁྱོད་ལ་མྱ་ངན་ཞུ་བ་ལས་འོས་མེད་དོ།། རླབས་ཆེན་གྱི་སྐྱེ་བོ་དག་ནི་གསོན་ནའང་དྲང་བདེན་དང་གནས་ལུགས་ཀྱི་སླད་དུ་གསོན་ལ་ཤི་ནའང་དེ་ལས་མ་འདས་སོ།། མཚོ་སྔོན་པོ། ཁྱེད་ཀྱི་ཆེད་དུ་སྙན་ངག་པ་ཞིག་གི་ཚེ་སྲོག་ཁ་བ་ལྟར་ཁྱེད་ལ་འཐིམ་སོང་། ཉ་ཆུང་གསེར་མིག ཁྱོད་ཀྱི་སླད་དུ་དམ་པ་ཞིག་གི་རུས་པ་ཆུ་ལ་བསྐུར་སོང་།


མཚོ་གཡས་རུ་གཡོན་རུ་བདེ་མོ་བྱོས།

1361923109ཁ་བ་ལྷ་མོ།

ཁྱོད་མ་འཚམས་པའི་སྐད་ཆ་དེ་ངས་གློ་བུར་དུ་གོ་བྱུང་། ན་ནིང་དགུན་དཀྱིལ་ཅིག་ལ་ཁྱོད་གློ་བུར་དུ་བོང་སྟག་ཏུ་སླེབས་པ་ནང་བཞིན་ང་ལ་གྲ་སྒྲིག་ཅི་ཡང་མེད། ཁྱོད་རང་དུས་རྒྱུན་འདི་ལྟར་གློ་བུར་བའི་ཀུ་རེ་རྩེད་རྒྱུར་སྤྲོ་བ་ཅི་ལ་ཡིན།
ཁྱོད་ཀྱིས་ཐེངས་དེར་ཁ་བའི་ལམ་བུ་མཐུག་པོ་གཤགས་ཤིང་མཚན་བརྒྱབ་ནས་བོང་སྟག་གི་རི་གྲོང་ཞིག་ལ་ཆས་དོན་ནི༼གེ་སར་རྟ་རྫི༽ཞིག་སྐྱོབ་པའི་ཆེད་དུ་ཡིན་ཟེར།

༼ཡིན་ཡང་ཐུག་མ་ཐུབ་ཐལ༽ཕྱི་ཉིན་རྫོང་ཐོག་གི་ཇ་ཁང་དེ་ནས་ཁྱོད་ཀྱིས་དེ་ཟེར་ཞིང་འཛུམ་དམུལ་དམུལ་བྱས་བྱུང་མོད་འཛུམ་ཆུང་དེ་དེ་མ་ཐག་ཡལ་ཅིང་གདོང་ལ་སྐྱོ་བས་ཁེངས་སོང་། རྣམ་འགྱུར་དེ་ངས་ནམ་ཡང་བརྗེེད་མི་སྲིད།

༼གེ་སར་རྟ་རྫི༽ནི་ཁྱོད་རང་དགའ་སའི་སྡུག་འོག་གི་བུ་མོ་ཞིག་ཡིན་ལ། ཁྱོད་ཀྱི་ན་ཆུང་གི་སེམས་ངོགས་ན་འཚོ་བའི་གསང་བའི་མདུད་པ་དམར་པོ་དེའང་ཡིན།

ཕྱི་ན་ཙག་རླུང་འཕྱུར་གྱིན་ཡོད་ནའང་ཁྱོད་ཀྱིས་ཅིས་ཀྱང་རྐང་ཐང་དུ་སྡོད་གནས་སུ་ལོག་དགོས་ཟེར། འུ་གཉིས་འགྲོ་རྐང་གཅིག་པས་ང་ཡང་ཐབས་མེད་པར་ཁྱོད་དང་མཉམ་དུ་སོང་།

རང་རང་སར་འགྲོ་ཁར་ཁྱོད་ཀྱིས་ང་ལ་ཁྱོད་ཀྱི་ཕ་ཡུལ་ནི་འདི་འདྲ་འཁྱགས་ཤིང་མི་གྲངས་འདི་འདྲ་ཉུང་བས་ནམ་ཞིག“无人区”༼མི་མེད་པའི་གནས༽ཤིག་ཏུ་འགྱུར་འགྲོ་བར་གདོན་མི་ཟ་ཟེར། ངས་ཁས་ལེན་མ་བྱིན་པར་ཁྱོད་ཀྱིས་དེ་ཟེེར་དོན་ནི་རང་གི༼གེ་སར་རྟ་རྫི༽འཕུར་སོང་པས་རེད། ཅེས་པས་ཁྱོད་རང་གད་མོ་ཞིག་བགད་ཅིང་། ཡང་བསྐྱར་གདོང་ལ་སྐྱོ་ཉམས་ཤིག་བསྡུས་ནས་བདེ་མོ་བཞག ངས་ཁྱོད་ལ་ཕྱི་མིག་མ་བལྟས། གལ་སྲིད་ཁྱོད་བཞུད་པ་འདི་ལྟར་སྔ་རྒྱུ་ཤེས་ཡོད་ན་ངས་ནུབ་དེར་ཁྱོད་རང་ཁྱིམ་ལ་འཛུལ་རག་བར་དུ་མིག་སྐྱེལ་བྱེད་ངེས། རྒྱབ་གཟུགས་དེ་དྲན་པའི་གཏིང་རིམ་ལ་བརྐོ་ངེས་ཡིན་ཨང་།

ད་ཚོད་ཆར་བ་གདོང་ལ་འབབ་ཚུལ་ནི་ཁྱོད་རང་དྲན་པའི་མཆི་མ་ཤམ་ཤམ་དུ་གཏོང་ཚུལ་ཡིན།
ཕྱིར་འདང་ཞིག་བརྒྱབ་ན་འཛོམས་འཕྲད་མང་པོ་མེད་ཀྱང་གཅིག་འཛོམས་གཉིས་འཛོམས་དེ་དག་ནི་ཅི་འདྲའི་ཐུན་མོང་མ་ཡིན་པ་རེ་རེ་རེད་ཨང་། དེ་ནི་ཁྱོད་རང་སྤྱིར་ན་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་ཡིན་སྲིད་དམ།
ཁྱོད་རང་ངོ་མ་རྐང་ཐང་དུ་འགྲོ་རྒྱུར་དགའ་སྟེ། ཆར་བ་འདི་ལས་ཀྱང་དྲག་ཏུ་འབབ་པའི་མཚན་མོ་ཞིག་ལ་འུ་ཅག་གྲོགས་འགའ་སྟེས་དབང་གིས་འཛོམས། ཕྱིར་ལོག་དུས་ཁྱོད་ཀྱིས་ཡང་བསྐྱར་ཅིས་ཀྱང་རྐང་ཐང་དུ་འགྲོ་དགོས་ཟེར། ལམ་བར་ནས་ཁྱོད་རང་བྱིས་པ་ཞིག་ནང་བཞིན་ཇི་འདྲ་དགའ་ཚུལ་དང་། གློག་འོད་འོག་ཏུ་ཁ་པར་གྱི་པར་མིག་ནམ་མཁར་གཟས་ནས་ཡང་ཡང་མནན་ཚུལ་དེ་ངས་ནམ་ཡང་བརྗེད་མི་སྲིད། གལ་སྲིད་ཁྱོད་བཞུད་པ་འདི་འདྲ་སྔ་རྒྱུ་ཤེས་ཡོད་ན། ངས་དེ་དུས་ཆར་ཆུས་ཕྱི་ནང་བརྟོལ་ཡོད་པའི་ཁྱོད་ལ་པར་གསལ་པོ་ཞིག་བཏབ་ཡོད་སྲིད་དེ། གཟུགས་བརྙན་དེ་བསམ་བློའི་ནང་རོལ་དུ་དཔར་ཡོད་ངེས་ཨང་།

ཁྱོད་རང་སྐད་འཕྲིན་ལས་ངའི་ལ་གཞས་འདྲ་འདྲ་བོར་ཉན་རྒྱུར་ཞེ་བསམ་པའི་དགའ་བོ་ཡོད་མོད། ཀླད་མེད་ངས་ནི་ལན་རེར་ལྷ་འཐད་ན་མ་གཏོགས་ཁྱོད་ལ་མང་པོ་ལེན་མྱོང་མེད། ད་ནི་ངོ་མ་ཇི་འདྲའི་འགྱོད་པ་ལའང་། ཡང་བསྐྱར་གོ་ཅི་ཡང་མི་ཆོད་པའི༼གལ་སྲིད༽ཅེས་པའི་ཐ་སྙད་སྟོང་པ་འདི་སྨྲ་ཞོར་རང་གིས་རང་ལ་ལེ་བདའ་ཚ་ཐག་ཆོད་པ་ཞིག་བཏང་ཡང་སྙིང་པོ་ཅི་ཨང་།

ཀྱེ། མཚོ་མཐའ་ནས་སྐྱེས་ཤིང་མཚོ་དཀྱིལ་ལ་འཐིམ་པའི་ན་ཆུང་གི་ཚེ་སྲོག་ལགས་ཡ། དེ་རིང་ངས་ཁྱོད་ལ་ལ་གཞས་ཀྱི་ལམ་ནས་བདེ་མོ་ཞིག་འཇོག་ཨང་། དེ་རིང་ངས་ཁྱོད་ལ་མིག་མཆི་མ་དང་ལྷན་དུ་མཚོ་སྔོན་པོའི་ཡུལ་གྱི་ལ་གཞས་ཞིག་གི་ལམ་ནས་བདེ་མོ་ཞིག་འཇོག་ཨང་།

༼མཚོ་གཡས་རུ་གཡོན་རུ་བདེ་མོ་བྱོས། །
ཉ་གསེར་མ་གཤོག་དྲུག་འཚམས་པོར་བྱོས། །
སྡེ་གཡས་རུ་གཡོན་རུ་བདེ་མོ་བྱོས། །
མཚོ་སྔོན་པོའི་བུ་ཆུང་བདེ་མོ་བྱོས། །༽
བདེ་བར་བཞུད་ཨང་། བདེ་བར་བཞུད་ཨང་།

རྩོམ་གྲོགས་ཁ་བ་སྙིང་ལྕགས་ལགས་གློ་བུར་བཞུད་སོང་བར་མྱ་ངན་དུ་ཁ་བ་ལྷ་མོས་ཕུལ།

ཨོཾ་མ་ཎི་པདྨེ་ཧཱུྃ ཨོཾ་མ་ཎི་པདྨེ་ཧཱུྃ
ཨོཾ་མ་ཎི་པདྨེ་ཧཱུྃ ཨོཾ་མ་ཎི་པདྨེ་ཧཱུྃ


 

བསྟོད།2

དཔྱད་མཆན:

དཔྱད་མཆན 3 ཡོད། སྐུ་མགྲོན: 3 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. མྱི་བུ།
    མྱི་བུ།སྤེལ་དུས་ནི།  

    རེ་བ་ཅན་གྱི་གླག་ཕྲུག ཁ་བ་ཅན་གྱི་སྙིང་ལྕགས། ལྕགས་ཀྱིས་གྲུབ་པའི་སྙིང་ལྕགས། ཁྱོད་རང་འདི་ལྟར་བུད་འགྲོ་བ་སེམས་ལའང་འཆར་མ་མྱོང་། ཡིན་ནའང་དོན་དངོས་ནི་དོན་དངོས་ཡིན་པས་ཅི་བྱ་ཨང་། སུས་བཟློག་ནུས་སམ། དེ་བས་མཚམས་འདིར་ཐོན་དུས། སེམས་པ་འདི་རབ་ཏུ་སྡུག་ཅིང་། མིག་ཆུ་འདི་འགོག་ཐབས་བྲལ།

  2. འབུར་འཇོམས།
    འབུར་འཇོམས།སྤེལ་དུས་ནི།  

    ག་ལེ་བྱོས།ཞེ་དག་བཟོ་ཚང་ན།

  3. འབུར་འཇོམས།
    འབུར་འཇོམས།སྤེལ་དུས་ནི།  

    ག་ལེ་བྱོས།ཞེ་དགུ་ཟོ་ཚང་ན།

དཔྱད་མཆན་སྤེལ།