[འོས་སྦྱོར]བཟོ་བཀོད་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པའི་ཀ་དག་གཞིས་ཀ

ཀ་དག་གཞིས་ཀ་ནི་ཟི་ལིང་གྲོང་ཁྱེར་གྱི་ཤར་ལྷོ་སྤྱི་ལེ100ཙམ་གྱི་ས་སྟེ། མདོ་སྨད་གཅན་ཚ་རྫོང་གི་བྱང་ཕྱོགས་རྨ་ཆུའི་འགྲམ་ངོགས་སུ་གནས་བཅས་ཡོད། རྫོང་ཆེན་བཞིའི་ཡ་གྱལ་ཨ་ཆུང་གནམ་རྫོང་གི་ཉེ་འདབས།ཁམས་ར་རྒྱལ་ཁབ་སྤྱི་གླིང་གི་ལམ་འགྲམ་ཏག་ཏག་ན་ཡོད།

དེ་ཡང་ཟི་ལིང་མཚོ་སྔོན་སོགས་ཀྱི་སྔ་འགྱུར་རྙིང་མའི་ཆབ་སྲིད་སྤྱི་བདག་ཆེན་པོ་དགུ་རོང་ཏཱ་བླ་མ་སྐུ་ཕྲེང་ན་རིམ་གྱི་བླ་བྲང་ལྔ་རིག་འོད་གསལ་ཕོ་བྲང་གི་སྐྱེད་མོས་ཚལ་ལགས་སོ།། བླ་བྲང་གང་འདིར་མི་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་དེ། 2008ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་གྲས་སུ་བགྲངས་ཡོད་པ་ཡིན།

སྐྱེད་མོས་ཚལ་འདིར་ས་མུའུ20ལྷག་ཡོད་པ། ལོ་ཡུན་ནི་རིང་། སྒྲིག་གཞི་ནི་ལེགས། ཤིང་སྡོང་ནི་རྒྱས། མེ་ཏོག་ཡལ་འདབ་བཀྲ་ལ་བྱ་སྐད་སྣ་ཚོགས་སྙན་པ་ས་སྐྱོང་རྒྱལ་པོའི་སྐྱེད་ཚལ་གྱི་བཀོད་པའི་མཛེས་པ་མངོན་སུམ་ལགས་ན། ངེད་ཅག་གིས་མི་ལོ་གསུམ་ཡུན་ལ་གནའ་བོའི་གཞིས་ཀའི་ཚུལ་དུ་ཞིག་གསོ་དང་གསར་བཞེངས་བརྒྱུད། ད་ལྟ་སྔ་ན་མེད་པའི་མཛེས་ཉམས་སུ་ཀུན་གྱི་ལུས་ཡིད་ངལ་བ་གསོ་བའི་དཔྱིད་དུ་སྨིན་པར་བྱས་ཏེ། མཚན་ལ་ཀ་དག་གཞིས་ཀ་ཞེས་སུ་གསོལ། བཟའ་བཏུང་དང་གནས་མལ། རོལ་རྩེད་བཅས་ར་བ་གཅིག་ཏུ་འདུས་པའི་ངལ་གསོའི་བསྟི་གནས་ཕུལ་བྱུང་དུ་གྲུབ་པ་ཡོངས་ལ་གྲགས་ཡོད།

ཀ་དག་གཞིས་ཀ་ནི་དགེ་བཅུ་ཡོངས་སུ་རྫོགས་པའི་ཡུལ་ལུང་དུ་གནས་བཅས་པ་སྨོས་མེད་ཐོག བསྟན་པ་ཕྱི་དར་གྱི་མགོ་ཁུངས་གཉིས་མེད་ཀྱི་ས་ཡི་ཐིག་ལེའི་དཀྱིལ་དབུས་སུ་ཆགས་པ། མཚོ་ངོས་ལས་སྨི1900ཙམ་དང་དབྱར་དུས་ཆ་སྙོམས་དྲོད་གྲང28°ཡས་མས་ཡིན། གང་འདི་ལྟེ་བ་བྱས་པའི་སྤྱི་ལེ་བརྒྱ་ཡི་ནང་རོལ་ཏུ་ནི་མདོ་སྨད་ཡུལ་དུ་སྙན་གྲགས་འབར་བའི་གནས་འགངས་ཆེན་ཤ་སྟག་སྟེ། ཤར་ལྷོར་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་མཚེས་སུ་ཡོད་ཅིང་། ནུབ་ཏུ་ཨ་ཆུང་གནམ་རྫོང་ཐོས་པ་དོན་ལྡན་དུ་བཞུགས་པ། བྱང་གི་ཕྱོགས་སུ་ཆོས་རྗེ་དོན་རིན་པས་ཕྱག་བཏབ་གནང་ཞིང་རྗེ་རིན་པོ་ཆེ་རབ་ཏུ་བྱུང་བའི་གནས་བྱིན་ཅན་བྱ་ཁྱུང་དགོན་པ་མིག་གི་དཔལ་དུ་མངོན་པར་འཕགས་ནས་ཡོད། 

གཞིས་ཀ་འདིར་དང་པོ་མི་ལོ་སྟོང་གི་སྔ་རོལ་ཏུ་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེས་ཞབས་ཀྱིས་བཅགས་ཤིང་། བར་དུ་མི་ལོ་དྲུག་བརྒྱའི་སྔ་རོལ་ཏུ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་རྗེ་ཙོང་ཁ་པས་བྱིན་གྱིས་རླབས་པ། མཐའ་མར་མི་ལོ་ཉིས་བརྒྱའི་སྔོན་ནས་དགུ་སྤྲུལ་རིམ་བྱོན་གྱིས་སྔ་རྗེས་བཞེངས་སྐྲུན་ལེགས་པར་བཀོད་པས་བྱིན་ཆེ་བ་བརྗོད་པར་དཀའ།

གཞིས་ཀ་འདིར་རི་ཆུ་ནགས་གསུམ་མ་འཛོམས་པ་མེད་ལ། དབེན་གནས་ཉམས་སྣང་དགའ་བ། གནམ་མཐོ། ས་ཡངས། དྲི་བྲལ་དབུགས་ཀྱི་རྒྱུ་བ་གཙང་བས་བག་དྲོ། ཁྱུང་ཆེན་མཁའ་ལ་ལྡིང་འདྲའི་ཨ་མྱེས་བྱ་ཁྱུང་མགོན་དུ་བཞུགས་ཡོད་ཅིང་། བཻ་སྔོན་སྐ་རགས་བཅིངས་འདྲའི་རྨ་ཆུ་ལི་མས་རྣམ་ཀུན་སྐྱབས་འཇུག་ཞུ་བཞིན་ཡོད། ཁོ་ར་ཁོར་ཡུག་གི་རྣང་ཞིང་གྲུ་བཞི་སྣུམ་ཚོན་རི་མོ་དང་གཉིས་སུ་མེད་པ་བཅས་ནི་མཐོང་བ་ཀུན་སྨོན་མིན་པ་འགའ་ཡང་མེད། རྨ་ཆུའི་འགྲམ་ངོགས་སུ་ཡོད་པའི་གཞལ་ཡས་ཁང་ཤར་ནུབ་གཉིས་ནི་སྤྱི་བྱེ་ཐམས་ཅད་བོད་ཀྱི་བཟོ་བཀོད་གནའ་སྲོལ་ད་ལུགས་སུ་བཞེངས་པ་ཤ་སྟག་ཡིན་ལ་བབ་ཆགས་བཀོད་ལེགས་ལྟ་ན་སྡུག་པ། མཐོང་ཚེ་འདུག་འདོད་དང་བསྡད་ཚེ་འབྲལ་འདོད་མེད་པར་ཡོད།

 བོད་ལུགས་སུ་བྱས་པའི་ལྡིང་ཁང་རྣམས་དག་གཙང་ཡིད་དུ་འོང་ལ་མིག་གི་དང་བ་འདྲེན་པ། ཉིན་མོར་བསིལ་བྱེད་མཚན་མོར་གསལ་བྱེད་དུ་ཡོད་དེ། བཟའ་བ་རི་རབ་དང་བཏུང་བ་རྒྱ་མཚོས་ངོམས་པ་ན། གླུ་ལེན་རོགས་ལ་སྙན་འཇེབས་བྱ་སྐད་སྣ་ཚོགས་ཀྱི་རམ་འདེགས་ལྷང་ལྷང་དུ་ཡོད་པ་ཡིན།

སྦྲ་ནག་གྲུ་བཞི་བོད་མིའི་ཁང་པ་ཡིན།།
རྩྭ་ལྗང་མཉེན་མོ་བོད་མིའི་འཚོ་རྟེན་ཡིན།།
མར་རྩམ་འོ་མ་བོད་མིའི་ཁ་ཟས་ཡིན།།
ཀ་དག་སྒྲོལ་མ་བུ་མོ་འཇོན་མ་ཡིན།།
མཆོད་གཅིག་མཆོད་གཉིས་འདྲེན་པ་དང་པོ་ཡིན།།
ཀ་དག་གཞིས་ཀའི་ཕྱི་ནང་གི་བཀོད་པ་ཐམས་ཅད་རང་བྱུང་གི་རྡོ་དང་ཤིང་ལས་བྱས་པ་ཤ་སྟག་དང་། ཕྱི་ངོས་མཐོང་ཚད་དཀར་རྩི་འོ་མས་བྱུགས་པ། ནང་ངོས་ཡོངས་རྫོགས་དར་གོས་བཀྲ་ཤིས་རྟགས་བརྒྱད་ཀྱིས་སྤྲས་པ། ཕོ་བྲང་པོ་ཏ་ལ་ནང་བཞིན། རྫས་ཀྱིས་མ་བསླད། དུག་གིས་མ་བཟུང་བ་རང་ཡིན།

གཞིས་ཀའི་ཁ་ཟས་གཙོ་བོ་བོད་ཟས་ཡིན།།གཡག་ལུག་ར་ཕག་རི་དང་ནགས་ལ་འཚོས།།སྐྱེ་ལྡན་ཚོད་མ་རྣང་མའི་ཞིང་ལ་བཏབ།།འདི་དག་གཙང་མའི་ཟས་ལ་གཡོས་པ་ལགས།།དཔེ་རུ་བསྟན་ན་གཤམ་གྱི་འདི་ལྟར་ཡོད་དེ། འབྲོག་པའི་ལམ་དྲོ་དང་། གཡག་བརླ་ཁུར་འདེགས་དང་། 

རྩྭ་ཕག་ཤ་བསྲེགས་དང་། ཀ་དག་ལུག་རྩིབ་བསྲེགས་མ་དང་། རྒྱུ་མ་རིགས་གསུམ་དང་། ཟར་ཉོག་སྒོག་བཞི་དང་། བོད་ལུགས་སླང་འབྱར་སོགས་ཟས་སྣ་བརྒྱད་ཅུ་ལྷག་བསྟེན་རྒྱུ་ཡོད།

མི་ལོ་གསུམ་གྱི་ཡུན་ལ་བཟོས་གྲུབ་པའི་ཀ་དག་གཞིས་ཀ་འདི་ལྷ་ལས་བབས་པའི་མཛེས་མ་ཞིག་དང་འདྲ་བར་ཀུན་གྱི་མིག་གི་དཔལ་དུ་ཤར་བ་དགེའོ།།

ཉེ་ལོགས་ཀྱི་མཛེས་ལྗོངས་ལ།

དགུ་རོང་དགོན་པ་དང་། བྱ་ཁྱུང་དགོན་པ། ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་། སྔོ་རྒྱའི་འགག་ཆུ་མཛོད། རེབ་གོང་རིག་འབྱུང་གྲོང་ཁྱེར། ཨ་ཆུང་གནམ་རྫོང་། ལོ་རྡོ་རྗེ་བྲག་སོགས་ཡོད་དོ།།

འབྲེལ་གཏུག་བྱེད་ཡུལ། 18697190122  09738332222

བསྟོད།19

དཔྱད་མཆན་སྤེལ།