སྲིད་པའི་གླུ་བ་ཨ་ཁུ་པདྨའི་གཞས་ཚིག་གཅེས་བཏུས།

ངོ་སྤྲོད་མདོར་བསྡུས།

1དངོས་མིང་ལ་དབང་ཆེན་ཚེ་རིང་དང་གཞས་ཚིག་ཏུ་བཀོལ་བའི་མིང་ལ་སྲིད་པའི་གླུ་བ་ཨ་ཁུ་པདྨ་ཟེར། ཕ་ཡུལ་རེབ་གོང་གི་འབྲོག་རི་ཀླུ་ཆུ་ཡིན་ཞིང་༢༠༡༤ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་དབྱིན་ཆེད་ལས་ནས་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ན་དེང་རབས་རྩོམ་རིགས་ཀྱི་ཞིབ་འཇུག་སློབ་མ་འདོན་གྱིན་ཡོད། ཆེད་ལས་ལ་སྦྱངས་བ་བྱེད་ཞོར་རང་གི་དགའ་ཕྱོགས་ལྟར་རྩོམ་ཡིག་འགའ་ཤས་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་སྟེང་བཀོད་མྱོང་ལ།
༢༠༡༢ལོ་དང་༢༠༡༣ལོའི་དགེ་ཐོན་སློབ་གྲྭའི་སློབ་རའི་སྙན་ངག་དང་ལྷུག་རྩོམ་འགྲན་སྡུར་དུ་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ་མྱོང་བ་དང་། ༢༠༡༣ལོར་ཁྲིམས་ལུགས་ཚགས་པར་ཁང་གིས་སྤེལ་བའི་སྨོན་ལམ་བུམ་པའི་རྒྱལ་ཡོངས་སློབ་ཆེན་སློབ་མའི་སྙན་ངག་འགྲན་སྡུར་ཁྲོད་ཨང་དང་པོ་དང་། ༢༠༡༤ལོའི་སྨོན་ལམ་བུམ་པའི་རྒྱལ་ཡོངས་སློབ་ཆེན་སློབ་མའི་ལྷུག་རྩོམ་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མྱོང་།

ད་ལྟའང་ཆེད་ལས་ཀྱི་ཁ་ཕྱོགས་དང་རང་གི་དགའ་ཕྱོགས་ལྟར་རྩོམ་དཔྱད་བརྗོད་ཀྱི་ལས་ལ་འབད་པ་ཤ་ཐང་ཐང་དུ་བྱེད་བཞིན་དཔེ་ཀློག་ཐན་ཐུན་ཙམ་ལ་མགོ་འཁོར་ནས་ཡོད། ༢༠༡༢ལོ་ནས་བཟུང་ཨ་ཁུ་པདྨའི་གླུ་མཛོད་ཅེས་གཞས་ཚིག་འབྲི་བའི་ཁུལ་བགྱིས་བ་ཡིན་ལ། ཁོས་གླུ་ཚིག་འབྲི་དོན་ནི་ཉེ་བའི་དུས་ནས་བཟུང་བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་གར་སྟེགས་སུ་ཁ་གདངས་བ་ནས་གླུ་ལེན་རྒྱུ་ཟེར་ཞིང་ཡིག་ངོ་ཆོད་པ་ནས་ཚིག་འབྲི་རྒྱུ་ཟེར་བའི་བསྟན་བཤིག་ཁ་ཤས་ཀྱིས་མི་རིགས་གྱི་སྲོལ་རྒྱུན་དང་།རིག་གནས་ཀྱི་འཛེམ་འཛི་མ་ཤེས་བར་རྡོག་རྫིས་གཏོང་བཞིན་པའི་འགན་ཁུར་མེད་པའི་ན་ཟུག་དེ་མ་གཟོད་པར་ལས་འདིར་ཞུགས་པ་ཡིན་ལ།(རང་ལའང་ཞན་ཆ་དེ་མེད་མི་སྲིད་པས། བརྩོན་པའི་རྒྱུན་མི་གཏོང་བར་ཧུར་ཐག་བྱས་ན། ནམ་ཞིག་ཆེད་ལས་རང་བཞིན་གྱི་གླུ་ཚིག་རྩོམ་པ་པོ་ཞིག་ལ་འགྱུར་རྒྱུའི་རྨི་ལམ་རྨི་བཞིན་ཡོད)དེ་ནས་བཟུང་གནའ་དེང་ཟུང་འབྲེལ་གྱི་གླུ་ཚིག་དོན་མཐུན་རེ་བྲིས་ནས་བོད་གངས་ཅན་གྱི་སྤུན་ཟླ་རྣམས་ལ་འབུལ་ཐུབ་ན་སྙམ་གྱི་ཡོད།

 (གཞས་ཚིག་མཁོ་མཁན་དག་གིས་དྲ་བའི་ཞབས་མཆན་བརྒྱུད་ནས་རྩོམ་པ་པོ་ལ་འབྲེལ་བ་གནང་རོགས།)

 

 རེ་བའི་གོང་གི་རེབ་གོང་།


སྟག་ལུང་རི་བོ་ལྷ་ཡི་ཕོ་བྲང་ཡིན།།
དགུ་འདུས་གཙང་བོ་བདུད་རྩིའི་ཆབ་རྒྱུན་ཡིན།།
ལ་དང་་ལུང་བ་ནོམ་གྱི་གཞོང་བ་ཡིན།།
ཕ་ཡུལ་རེབ་གོང་རང་བྱུང་རི་མོ་ཡིན།།
ཨ་ཨ། ཕ་ཡུལ་རེབ་གོང་། ཨ་ཨ། ལྷ་ཡུལ་རེབ་གོང་།
ཁྱོད་ནི་བྱམས་ལྡན་མ་ལོའི་རུམ་ཁ་ཡིན།
ཁྱོད་ནི་དྲིན་ཆེན་ཕ་ལོའི་བློ་ཁོག་ཡིན།
བུ་ལ་དེ་རིང་ཁྱོད་ཀྱིས་གཞིས་ཤིག་ཚུགས།
བུ་ལ་དེ་རིང་ཁྱོད་ཀྱིས་སྤུན་ཞིག་སྒྲིགས།།
སྐལ་ལྡན་མགུར་མ་རྣ་བའི་བུ་རུམ་ཡིན།།
དགེ་ཆོས་གཏམ་རྒྱུད་ཡིད་ཀྱི་སྤོབས་པ་ཡིན།།
ལྷ་རིས་སྒྱུ་རྩལ་མིག་གི་མྱོས་ཆང་ཡིན།།
ཕ་ཡུལ་རེབ་གོང་རིག་པའི་གླེགས་བམ་ཡིན།།
ཨ་ཨ། ཕ་ཡུལ་རེབ་གོང་། ཨ་ཨ། ལྷ་ཡུལ་རེབ་གོང་།
ཁྱོད་ནི་འོད་ལ་བཅིབས་པའི་ལྷ་སྲས་ཡིན།།
ཁྱོད་ནི་འོ་མས་བྱབས་པའི་ཁྱེའུ་ཡིན།།
བུ་ལ་དེ་རིང་ཁྱོད་ཀྱིས་བློ་ཞིག་སློབས།།
བུ་ལ་དེ་རིང་ཁྱོད་ཀྱིས་འདོད་ཅིག་སྩོལ།།
དཔལ་དང་འབྱོར་བ་ནོར་བུའི་བང་མཛོད་ཡིན།།
ཚན་རིག་ཤེས་བྱ་འཚོ་བའི་ལམ་ཡིག་ཡིན།།
མི་རིགས་མཐུན་སྒྲིལ་སེམས་ཀྱི་འཇུ་ཐག་ཡིན།།
ཕ་ཡུལ་རེབ་གོང་རེ་བའི་གོང་ན་ཆགས།།
ཨ་ཨ། ཕ་ཡུལ་རེབ་གོང་། ཨ་ཨ། ལྷ་ཡུལ་རེབ་གོང་།
ཁྱོད་ནི་དུས་རབས་ཤིག་གི་རྟོགས་འབུལ་ཡིན།།
ཁྱོད་ནི་རྨི་ལམ་ཞིག་གི་གཤོག་པ་ཡིན།།
བུ་ལ་དེ་རིང་ཁྱོད་ཀྱིས་གཏམ་ཞིག་ཤོད།།
བུ་ལ་དེ་རིང་ཁྱོད་ཀྱིས་འཛུམ་ཞིག་སྟོན།།

སྟག་ཤར་གཞོན་པ།

 


སྟག་ཤར་གཞོན་པའི་བློ་ན།།
རྒྱལ་བའི་བཀའ་ཡིག་མེད་ཀྱང་།།
ཁྱོད་ཀྱིས་བཤད་པའི་ཚིག་གསུམ།།
སྙིང་ལ་འོད་ཀྱིས་གསོས་ཡོད།།
རྨི་ལམ་གང་ཡིན་མ་གསུངས།།
ཕུགས་བསམ་ཅི་ཡིན་མ་འདྲི།།
སྤྲིན་པའི་བང་རིམ་བརྟོལ་ནས།།
ཉི་མའི་ཁྱིམ་ལ་ལོག་འགྲོ །
སྟག་ཤར་སྟག་དང་འདྲ་བྱུང་།།
སྟག་ཤར་སེང་དང་འདྲ་བྱུང་།།
སྤོབས་པས་རི་བོ་སྒུལ་ནས།།
རྩལ་གྱིས་རབ་ཁ་བཅད་འགྲོ །།
སྤྱོད་པ་འཆལ་པོ་མ་ཟེར།།
བྱེད་སྟངས་ལོག་འདུག་མ་གསུངས།།
པོ་ཏ་ལ་ཡི་མདུན་ནས།།
སེམས་ཀྱི་དར་ཆ་བསྒྲེངས་ཆོག །
གཞས་མ་གཏམ་གྱིས།
སྟག་ཤར་གཞོན་པའི་སྙིང་ལ་གངས་ཀྱི་ཟེར་མ་ཕོག་ཡོད།
རུས་པའི་བྲང་གི་ནང་ལ་སྐར་མའི་མིག་ཟུང་སྒྲུག་ཡོད།
ཁྱོད་ཀྱིས་ཁྱོད་ཀྱི་རྒྱལ་ཁམས་འགྲིམ་དུས།
སྟག་ཤར་སྙིང་ཁོང་མི་འདར།
༢༠༡༤ལོའི་མཇུག་ཏུ།

ཉི་མའི་ཚོ་བ།

 


ནམ་མཁའི་རྩྭ་ཐང་ལ་ཆགས་པའི་གླུ་གར་གྱི་ཚོ་བ་ཞིག
རྟེན་འབྲེལ་གྱི་རྟ་ལ་ཞོན་ནས་གསེར་གྱི་མཆོད་རྟེན་ཞིག་སྐོར།
ལག་པ་མཐོ་རུ་བཏེགས་ནས་རྨི་ལམ་ལྷ་ལ་འབུལ།
མིག་ཟུང་རྒྱང་ལ་གཏད་དེ་གཏན་གྱི་འདུན་མ་འཚོལ།
ཨ་ལ་ཡེ།
རྒྱང་རིང་རྒྱང་རིང་ནས་འོངས་བའི་ཉི་མའི་ཚོ་བ།
རྒྱང་རིང་རྒྱང་རིང་ལ་ལོག་པའི་ཉི་མའི་ཚོ་བ།

དབྱངས་མཁན་གྱི་པང་བར་ཉལ་བའི་སྒྱུ་རྩལ་གྱི་ཤོག་ཁག་ཅིག
རྒྱུད་སྐུད་ཀྱི་གྲེ་བར་ཞུགས་ནས་དབྱངས་ཀྱི་པི་ཝང་ཞིག་དཀྲོལ།
ཟླ་བའི་གཙང་བོ་འགྲིམས་ནས་གདངས་ཀྱི་འགྱུར་ཁུག་རྒུམ།
ཕ་སའི་གདན་ལ་ཞུགས་ཏེ་ཚིག་གི་ཕྲེང་བ་བསྡེབས།
ཨ་ལ་ཡེ།
སྔ་མོར་བསམ་གཞིགས་ལས་སད་པའི་ཉི་མའི་ཚོ་བ།
ཕྱི་མར་ལོ་རྒྱུས་ལ་སིམ་པའི་ཉི་མའི་ཚོ་བ།
གཞས་མ་གཏམ་གྱིས།
ཉི་མའི་ཚོ་བ་ཡང་ན་དགུ་ཚིགས་ཀྱི་བུ་རབས་ཚ་རྒྱུད།
ལོ་རྒྱུས་ཀྱིསས་རྨས་བའི། བར་ཐག་གིས་བྱེར་བའི།
ཁ་བཏགས་རིང་མོ་ཞིག
གསལ་གསལ་དུ་སྣང་ལ་མག་མོག་གིས་ཡལ་འགྲོ།
ཨ་ཉི་མའི་ཚོ་བ།

༢༠༡༤ལོར།

གྲོགས་པོ།

 


གྲོགས་དམ་པར་ཕ་འདང་བཞག་ནས།།
འདང་བརྩེ་བ་ནོམ་ལ་བརྩིགས་ཡོད།།
ཐུགས་ཚངས་བ་འདྲ་བའི་གྲོགས་པོ།།
སྐྱིད་འཚོ་བ་འགྲིམ་རོགས་ཁྱོད་ཡིན།།
གཞས་མ་གཏམ་གྱིས།
གྲོགས་པོས་ང་ལ་རྒྱབ་རོགས་བྱས་སོང་།།
དམར་ཡག་སྟག་ལ་ཐུང་འཇུ་བྱས་སོང་།།
གྲོགས་པོས་ང་ལ་ནོམ་པ་སྦྱིན་སོང་།།
རྒྱ་ནག་ཚོང་བའི་ཅ་ག་བསྒྲིགས་ཡོད།།
གྲོགས་པོ། གྲོགས་པོ། གྲོགས་པོ། གྲོགས་པོ།
གྲོགས་སྒམ་པོར་སྲོག་འདང་རྒྱབ་ནས།།
ཚེ་མི་འཆི་གདེངས་ཤིག་རྙེད་ཡོད།།
མགོན་རྒྱལ་བ་འདྲ་བའི་གྲོགས་པོ།།
ཕྱི་བར་དོར་ལག་འཇུ་ཐུབ་དགོས།
གཞས་མ་གཏམ་གྱིས།
གྲོགས་པོས་ང་ལ་རིག་པ་བསླབ་བྱུང་།།
ཡིད་ཀྱི་མུན་པ་དྭངས་སེ་དྭངས་སོང་།།
གྲོགས་པོས་ང་ལ་རྒྱུ་འབྲས་བསྟན་བྱུང་།།
ལེགས་ཉེས་དབྱེ་བ་འདི་ནས་གསལ་སོང་།།
ཨ་ཁུ་པདྨ།

རྫི་བོ་ལ་ཡེ།


རྫི་བོ་ལ་ནས་ཡེ།
འུར་མགོ་དགུང་ལ་གཏད་སོང་།
རྫི་བོ་ལ་ནས་ཡེ།
འུར་མཐིལ་ས་ལ་མནན་ཡོད།
རྫི་བོ་ལ་ནས་ཡེ།
དབང་ཆེན་གསེར་གྱི་ས་གཞི།
འུར་རྡོ་གནམ་ལྕགས་གཡོར་དང་།


རྫི་བོ་ལ་ནས་ཡེ།
ཕར་འགྲོ་སྔུན་ལ་མ་འགྲོ།
རྫི་བོ་ལ་ནས་ཡེ།
ཚུར་འགྲོ་གཞུག་ནས་མ་འདུག །
རྫི་བོ་ལ་ནས་ཡེ།
གཡང་ལ་གཡང་གི་སྒོ་ཟོག །
རྩྭ་ཆུ་ག་ལེར་ཐུངས་དང་།


གཞས་མ་གཏམ་གྱིས།
ལ་མོ་ལ་མོ་ཡང་ཡང་རྒྱབ་པའི།།
རྐང་གི་རས་ལྷམ་རྩི་མགོར་གཡེངས་སོང་།
འུར་ཆའི་ཆ་ག་བྲག་ལ་འཁོར་ན།།
རི་སྤྱང་རི་ཡི་སྒང་ལ་བྲོས་འགྲོ །

༢༠༡༤ལོར།

སྲིད་པའི་ཕ་རྒན།


གཏམ་དང་བཤད་པ་ལ་ལྷོད་ལྷོད་ཅིག་གནང་བའི།།
སྡེ་བ་ཚོ་བ་ལ་མགོ་བསྡུ་ཞིག་རྒྱག་པའི།།
སྲིད་པའི་ཕ་རྒན།
ཁྱེད་ནི་འུར་ཆ་ཐོགས་པའི་སོ་བ་ཡིན།།
ཁྱེད་ནི་མེ་མཐའ་སྐོར་བའི་མལ་ཚེ་ཡིན།།
(གཞས་མ་གཏམ་གྱིས།)
ཨོ་ལགས་སོ། ཁྱེད་ལ་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་ཅིག་ཡོད།།
ཁྱེད་ལ་འགུག་ལུགས་མི་གཅིག་གླུ་དབྱངས་ཤིག་ཡོད།།
གཏམ་རྒྱུད་སྐྱིད་སོང་། གླུ་དབྱངས་སྙན་སོང་།
ང་ཡི་སེམས་ཀྱི་གསོས་སུ་སྨིན་ཡོད།
ལོ་ཟླའི་སྡུག་རྩུབ་ལ་ཉམས་ཆུང་ཞིག་སྣང་བའི།།
བུ་ཡི་མདུན་ལྗོངས་ན་སྟོབས་ཤུགས་ཀྱིས་རྒྱུ་བའི།།
སྲིད་པའི་ཕ་རྒན།
ཁྱེད་ནི་རུལ་རྒྱུ་མེད་པའི་ལང་ཚོ་ཡིན།།
ཁྱེད་ནི་ཡལ་རྒྱུ་མེད་པའི་འཛུམ་མདངས་ཡིན།།
(གཞས་མ་གཏམ་གྱིས།)
ཨོ་ལགས་སོ། ཁྱེད་ལ་ཚར་རྒྱུ་མེད་པའི་བང་མཛོད་ཅིག་ཡོད།།
ཁྱེད་ལ་ཉམས་རྒྱུ་མེད་པའི་དཔའ་བོ་སྟོབས་ཡོད།
ནོམ་གྱིས་ཚིམ་སོང་། དཔའ་ཡིས་བསྐྱེད་སོང་།

ང་ཡི་འཚོ་བ་ལ་བདེ་སྐྱིད་བསྩལ་ཡོད།


འཚོ་བ་འཚོ་བ་འདི་རེད།
ཨ་ཁུ་པདྨའི་གཞས་ཚིག
ལོ་གཅིག་ལོ་གཉིས་བུད་སོང་།།
ལོ་གསུམ་ལོ་བཞི་བུད་སོང་།།
དུས་ཚོད་ག་ལེར་ཟད་ནས།།
རང་རང་སོ་སོར་གྱེས་སོང་།།
མ་ཕྲིས་འཕྲིན་གྱི་ལྷག་མ།།
མ་ཤོད་གཏམ་གྱི་འཕྲོ་མ།།
ཚིག་གསུམ་ལྷོད་ཤ་ཅན་ཞིག །
སེམས་ཀྱི་གཏིང་ན་ལུས་ཡོད།།
འགྲོགས་དབང་མེད་ནོ་ཤེས་ཡོད།།
ཐུག་དབང་མེད་ནོ་ཚོར་ཡོད།།
ཅིས་ཀྱང་སྟབས་ཀ་མེད་ན།།
བཤད་མཚམས་ཞིག་མཚམས་འདི་བྱེད།།
ཨ་གསར་ཆེ་བ་མ་རེད།།
གཡམ་རྒྱུགས་ཆེ་བ་མ་རེད།།
འཚོ་བ་འཚོ་བ་འདི་རེད།།
བརྩེ་དུང་བརྩེ་དུང་འདི་རེད།།
གཞས་མ་གཏམ་གྱིས།
ཐུག་འདོད་ཡོད་ན་ད་ཡིན།
འགྲོག་འདང་ཡོད་ན་ད་ཡིན།།
ལོ་ལོན་རྒས་ཁ་ཞིག་ལ།།
འཕྲད་ཀྱང་སྙིང་བོ་ཅི་ཡོད།།

༢༠༡༤ལོར།

ལས་ཀྱི་གླུ།


ལས་ཀྱི་སྐུད་པ་དཀར་ནག་ཆ་རུ་བརྒྱུས་ནས།།
བརྩེ་བའི་རྟ་ཕོ་སེམས་ཀྱི་གདང་ལ་བཏགས་ཡོད།།
འཚོ་བའི་བྱང་ཐང་འགྲིམ་པའི་ཞོན་རྟ་ཡིན་ཚེ།།
ཚིག་གི་སྒ་སྲབ་རྡུང་ལ་གོམ་པ་ཁྱེར་རོ།།


ནག་མཁའ་གུར་དུ་ཕུབ་པའི་གཡང་གི་ཁྱིམ་ནས།།
འདང་གི་འོ་མ་དུང་བའི་སྣོད་ལ་བསྙལ་ཡོད།།
ཚེ་ཡི་མགྲོན་པོ་སླེབས་དུས་མགྲོན་ངོ་ལོན་ན།།
དམ་བཅའི་མཆོད་གསུམ་འཕེན་ལ་དགའ་བ་བྲོད་དོ།།


རེ་སྒུག་རི་མོར་ཕབ་པའི་ཤོག་དཀར་ངོས་ལ།།
རྟག་བརྟན་རྡོ་རྗེ་བྲག་གི་དབྱིབས་སུ་བྲིས་ཡོད།།
མཐའ་ཡི་དྲོད་འཇམ་འཁྱིལ་བའི་ཚང་དུ་རུང་ན།།
མི་ཁའི་རྒུམ་བུ་འཐུ་ལ་ཆས་སུ་བསྒྲིག་གོ།


གཞས་མ་གཏམ་གྱིས།
ཨེ་མ་ལམ་འཕྲད་བུ་མོ།།ཨེ་མ་ལས་ཀྱི་བུ་མོ།།
རླུང་བུ་གཡུག་པའི་ཕྱོགས་ལ།། སྙན་མོ་གཞས་ཤིག་ཐོངས་དང་།།
གས་ཆག་ཤོར་བའི་གཡུ་ཆུང་དྲུག་དཀར།
ཨ་ཁུ་པདྨའི་གཞས་ཚིག
བུ་མོ་མེ་ཏོག་འདྲ་བོར་གྱེས་དགོས་ཐལ།།
དུང་བ་མར་ལོ་འདྲ་བོ་མ་དབང་ཐལ།།
མིག་ཆུས་གདུང་བ་མཚོན་ཐབས་དཀའ་ན་ཡང་།།
ཚིག་གི་ཕྲེང་བ་དྲན་པའི་རྟེན་ལ་འཇོག།།


མྱི་ཁ་འདི་ལ་སྙིང་རྗེ་མེད་གི་མོ།།
བར་ཐག་འདི་ཡིས་མི་སྲོག་ལེན་གི་མོ།།
ལས་དབང་འདི་ལ་བཅོས་ཐབས་མེད་ན་ཡང་།།
ལ་འོག་བརྒྱུད་ནས་ཐུག་ན་འདོད་གི་ལགས།།
མི་འགྱུར་བརྩེ་དུང་དབང་གིས་འགྱུར་ཏུ་བཅུག།
མི་ཉམས་དམ་བཅའ་ཐབས་ཀྱིས་བསླུ་རུ་བཅུག།
འཚོ་བ་འདི་ལ་ཡིད་རྟོན་དཀའ་ན་ཡང་།།
ཁྱོད་ཀྱི་ཕྱོགས་ལ་མིག་ཟུང་ཅེེར་ནས་ཡོད།།
ཉིན་དཀར་སླེབས་དུས་མུན་པ་རུབ་ན་འདོད།།
མཚན་མོར་ཐོན་ན་སྐྱ་རེངས་བཀྱག་ན་སྙམ།།
སེམས་ཀྱི་བྲེལ་བ་འཇགས་ཐབས་དཀའ་ན་ཡང་།།
ཐོབ་བྱ་ཀླད་ཀོར་ཡིན་པ་གསལ་ནི་རེད།།
གན་གཉིས་རིག་ན་སྡང་མིག་བགྲད་ན་འདོད།།
འདི་གཉིས་ཕྲད་ན་ཁ་ལོག་རྒྱག་སྙིང་སྐྱེས།།
གཞན་ལ་འཚིག་ནས་འདུག་ཐབས་མེད་ན་ཡང་།།
ཁྱོད་རང་དྲན་ན་ལུས་སེམས་འཁྱག་གི་ཡ།།
བློ་ཁོག་གཞན་ལ་གཏོད་དགོས་ལས་དབང་རེད།།
ལུས་པོ་གཞན་ལ་འགྲོགས་དགོས་ལས་དབང་རེད།།
ཅིས་ཀྱང་འུ་གཉིས་འདུག་ཐབས་དཀའ་ན་ཡང་།།
གོ་སྐབས་ཡོད་དུས་འཕྲིན་རེ་སྐུར་རོགས་མཛོད།།


དམར་ཆུང་སྙིང་ཁྱོད་འབྱུང་གཞི་བདེ་བར་ཤོག །
བྱ་བཞག་ཐམས་ཅད་ལྷུན་གྱིས་འགྲུབ་པར་ཤོག །
བུ་ངའི་སེམས་ན་ན་ཟུག་ཆེ་ན་ཡང་།།
ཁྱོད་རང་བདེ་ཞིང་སྐྱིད་པའི་སྨོན་ལམ་འདེབས།།

 

འཚོ་བ།


འཚོ་བ་རབ་རིབ་མག་མོག།
མི་ངོ་དཀར་འཚུབ་ནག་འཚུབ།།
རླུང་བུའི་ནང་གི་མར་མེ།།
ང་ཚོའི་ཤ་ཚུགས་ཡིན་སོང་།།
བལྟས་ན་མཛེས་མཛེས་འདྲ་བ།།
ལག་པས་ལོན་ཐབས་མི་འདུག །
སེམས་པ་ཨ་ཐང་ཆད་ན།།
སེམས་ངལ་གསོ་རོགས་སུ་ཡིན།།
ལང་ཚོ་དུས་ཀྱིས་ཟོས་སོང་།།
རིག་པ་རྒས་ནས་ཉམས་སོང་།།
སེམས་པ་ནོམ་ལ་འཁེན་ཡང་།།
ནོམ་པ་ཁྲེལ་མེད་ཡིན་ཤག།
ཕུགས་བསམ་སེམས་ལ་རུམ་ནས།།
མལ་སའི་ནང་ན་ལུས་ཡོད།།
ང་ཡིས་ཅི་ཞིག་འགྲུབ་སོང་།།
ང་ཡིས་ཅི་ཞིག་འཁྱོངས་སོང་།།
གཞས་མ་གཏམ་གྱིས།
དེ་ལྟར་ན་ཡང་ང་ཡིས་འཚོ་བའི་ཁ་གཏད་དུ།
ཆེས་མཐའ་མའི་རྨི་ལམ་རྨི་དགོས།
རྨི་ལམ་ལ་སླར་ཡང་གཤོག་པ་ཐོགས་ན།
ང་ཡིས་འཚོ་བའི་བདེན་པ་བརྡར་རྒྱུ་འོ།

 

རེབ་གོང་མ་ཆགས་རེབ་གོང་ཆགས།


ངུར་སྨུག་མཚམས་སྤྲིན་འཕྱུར་བའི་གཡས་ཟུར་ཞིག་ན།།
མཇལ་བ་ས་རྡུལ་འཁྲིགས་པའི་གཡོན་ཟུར་ཞིག་ན།།
རྒྱ་ཕིབས་གསེར་འོད་ཁྱུག་ཁྱུག་བདེ་ཆེན་ཆོས་འཁོར།།
ང་ཡི་ལུས་སེམས་བདེ་བའི་ཁག་གནོན་མཛད་ཡོད།།
དགུ་ཆུ་ལྷུང་ལྷུང་འབབ་པའི་གཡས་ཟུར་ཞིག་ན།།
ནགས་ཀླུང་ཚིང་ཚིང་རྒྱས་པའི་གཡོན་ཟུར་ཞིག་ན།།
འབྱོར་ཕྱུག་དཔལ་ཀྱིས་ཕྱུག་པའི་རིག་འབྱུང་གྲོང་ཁྱེར།།
ང་ཡི་འཚོ་བ་འཁེན་སའི་རྟེན་དུ་འགྲེངས་ཡོད།།
རི་ལུང་ཕྱུགས་ཀྱིས་བཀང་བའི་གཡས་ཟུར་ཞིག་ན།།
ཐང་གཞི་རྣང་མས་ཁེབས་པའི་གཡོན་ཟུར་ཞིག་ན།།
ངོ་མཚར་གནམ་ནས་ལྷུང་བའི་འཕྲུལ་གྱི་པུར་སྨྱུག །
ང་ཡི་སྒྱུ་རྩལ་བཀོད་པའི་སྲོག་ཏུ་བབས་ཡོད།།
ཕ་སྐད་རྫ་ཆུ་རྡོལ་སའི་གཡས་ཟུར་ཞིག་ན།།
ཚན་རིག་མེ་ཏོག་བཞད་པའི་གཡོན་ཟུར་ཞིག་ན།།
དབྱངས་གསལ་སོ་བཞིས་བཀྱགས་པའི་རེབ་གོང་རིག་གནས།།
རིག་པའི་བུ་ཆུང་བདེ་བའི་གུར་དུ་ཕུབ་ཡོད།།

སྲིད་པའི་གདོང་ལ་བྲིས་བའི་རི་མོ།


སྣ་མང་ཤེས་བྱ་འཇའ་ཡི་གུར་ཁང་ལ།།
ནང་བའི་རིག་པ་འོད་ཀྱི་ཀ་བ་ཡིན།།
ཚན་རིག་མགྲོན་པོ་བཟི་བའི་འཕྲུལ་གཏམ་གྱིས།།
ང་ཡི་རེབ་གོང་འཛམ་གླིང་རྩེ་ནས་བསྒྲགས།།
རེབ་གོང་། ཁྱོད་ནི་ས་ཚིགས་ཤིག་ཡིན།
ལྷོད་ཀྱིས་སེམས་ངལ་གསོ་སའི་བསྟི་གནས་ཞིག་ཀྱང་ཡིན།
རེབ་གོང་། ཁྱོད་ནི་ཟས་སྡེར་བཀང་ཡིན།
སྐོམ་པ་གཏིང་ནས་གསོ་བའི་བཏུང་བ་ཞིག་ཀྱང་ཡིན།


ལོ་རྒྱུས་རིང་མོ་ལྷ་ཡི་ལྗོན་པ་ལ།།
རིག་འབྱུང་གྲོང་ཁྱེར་གསེར་གྱི་ཡལ་འདབ་རྒྱས།།
བིཤོ་གྭར་མ་འཁྲེང་བའི་ནག་ཉེས་ཀྱིས།།
པིར་སྨྱུག་ས་ལ་ལྷུང་སྟེ་རི་མོ་དྲུབས།།
རེབ་གོང་། ཁྱོད་ནི་ཁ་དོག་ཞིག་ཡིན།
སྲིད་པའི་གདོང་ལ་བྲིས་བའི་རི་མོ་ཞིག་ཀྱང་ཡིན།
རེབ་གོང་། ཁྱོད་ནི་གཞས་ཚིག་ཅིག་ཡིན།
ཡིད་ཀྱི་སྒོ་ལ་མདུད་པའི་དབྱངས་རྙིང་ཞིག་ཀྱང་ཡིན།
ལྷག་བསམ་འོ་མཚོ་འཕྱུར་བའི་ཟོ་བ་རུ།།
གཤིས་བཟང་མར་ལོ་སེར་པོ་སྟབས་ཀྱིས་མགུལ།།
བརྩེ་དང་དུངས་བའི་ཐ་སྙད་མཚོན་ཕྱིར་དུ།།
རེབ་གོང་རེབ་གོང་ཟེར་ནས་ལྕེ་བརྒྱས་སྨྲས།།
རེབ་གོང་། ཁྱོད་ནི་སྙིང་གཏམ་ཞིག་ཡིན།
འགྱུར་མེད་བྲག་ལ་བརྐོས་བའི་དམ་བཅའ་ཞིག་ཀྱང་ཡིན།
རེབ་གོང་། ཁྱེད་ནི་སྣང་བ་ཞིག་ཡིན།
དུས་ཀྱིས་རྗེན་པར་དཔང་བའི་མངོན་སུམ་ཞིག་ཀྱང་ཡིན།

༡༠༡༣ལོར།

སྐོར་བྲོ།


ལག་པ་མཁའ་ལ་གཡུགས།། རྐང་བ་ས་ལ་བརྡབ།།
སེམས་པ་སྤྲོ་སྤྲོ་དང་།། ལུས་པོ་ལྷོད་ལྷོད་ཀྱིས།།
མཉམ་དུ་སྐོར་བྲོ་འཁྲབ།།
གཞས་མ་གཏམ་གྱིས།
ཚིག་འདི་སྐོར་བྲོའི་ཚིག་རེད། གདངས་འདི་སྐོར་བྲོའི་གདངས་རེད།།
མི་འདི་སྐོར་བྲོའི་མི་རེད།། ཡུལ་འདི་གངས་ཅན་བོད་རེད།།
དྲིལ་ཆུང་སིང་སིང་སིང་།། ལྡེམ་མྱུར་འཁྱུག་འཁྱུག་འཁྱུག །
ཟླ་བས་མིག་ཟུང་བགྲད།། ཆུ་མོས་རྣ་བ་བླགས།།
ལྷན་འཛོམས་སྐོར་བྲོ་འཁྲབ།།
གཞས་མ་གཏམ་གྱིས།
བྱེས་བ་ཕྱི་ལ་སླེབས་བྱུང་།། གཞེས་བའི་བསམ་དོན་འགྲུབ་སོང་།།
གོར་གོར་གཅིག་ལ་འཛོམས་ན།། མེས་པོའི་སྐོར་བྲོ་ལོས་འཁྲབ།།
མེ་ལྕེ་མཁའ་ལ་མཆེད།། མུན་པའི་ངོ་གདོང་བསྲེགས།།
སང་གི་བགྲོད་པ་ལ།། ཉི་མ་འདྲ་བ་བཟོས།།
སྐོར་བྲོ་འཁྲབ་བཞིན་འགྲོ །
གཞས་མ་གཏམ་གྱིས།
མིག་ཟུང་རྒྱང་ལ་གཏད་ཡོད།། སེམས་ལ་ཕུགས་བསམ་བཏེགས་ཡོད།།
ལག་ཟུང་ཁྱོད་ལ་སྦྲེལ་ཡོད།། སྐོར་བྲོ་ལྷན་དུ་རྩེ་དགོས།།

ཨ་ཕོ་ཆང་གིས་མྱོས་རྗེས།


ཨ་ཕོ་ཆང་གིས་མྱོས་རྗེས།།
སྟག་གི་གོང་ལ་ཞོན་འདྲ།།
སེང་གི་རལ་བར་འཐམས་འདྲ།།
ལུས་ལ་རང་དབང་མེད་ཀྱང་།།
སྣང་བ་སྤྲིན་པའི་གོང་ཡིན།།
ང་ལ་ཕོག་ཐུག་མ་གཏོང་། ང་ལ་ངན་ཁག་མ་བཀྲི།
ང་རང་རླུང་བུ་བཞིན་འཁྱམ་ནས་ང་ཡི་སྤུན་ཟླ་འཚོལ་དགོས། ཡེ་ཡེ་ཡེ།
ཨ་ཕོ་ཆང་གིས་མྱོས་རྗེས།
སེམས་ཀྱི་གཏམ་ཞིག་ཤོར་ཡོད།།
སྙིང་གི་ན་ཟུག་གླེང་ཡོད།།
སྐད་མགོ་མཐོན་པོ་མེད་ཀྱང་།།
ཚིག་འབྲུ་མིག་ཆུས་བརླན་ཡོད།།
ང་ལ་ལྐོག་ཉན་མ་རྒྱག ང་ལ་གླེང་ལོག་མ་འདེབས།
གཞས་མ་གཏམ་གྱིས།
དཀར་དམར་སེར་གསུམ་གློག་གི་ཚོན་ཁ།།
དགའ་སྐྱོ་ཆགས་སྡང་མི་ཡི་གཤིས་ལུགས།།
མཐོན་པོ་གནམ་ལ་འཁང་ར་མི་བྱེད།
དམའ་མོ་ས་ལ་ལེ་བདའ་མི་བྱེད།
ང་ཡི་ལམ་བུ་ང་ཡི་ལས་ཡིན།
ཡེ་ཡེ་ཡེ།

གྲོགས་པོ།


གྲོགས་དམ་པར་ཕ་འདང་བཞག་ནས།།
འདང་བརྩེ་བ་ནོམ་ལ་བརྩིགས་ཡོད།།
ཐུགས་ཚངས་བ་འདྲ་བའི་གྲོགས་པོ།།
སྐྱིད་འཚོ་བ་འགྲིམ་རོགས་ཁྱོད་ཡིན།།
གཞས་མ་གཏམ་གྱིས།
གྲོགས་པོས་ང་ལ་རྒྱབ་རོགས་བྱས་སོང་།།
དམར་ཡག་སྟག་ལ་ཐུང་འཇུ་བྱས་སོང་།།
གྲོགས་པོས་ང་ལ་ནོམ་པ་སྦྱིན་སོང་།།
རྒྱ་ནག་ཚོང་བའི་ཅ་ག་བསྒྲིགས་ཡོད།།
གྲོགས་པོ། གྲོགས་པོ། གྲོགས་པོ། གྲོགས་པོ།
གྲོགས་སྒམ་པོར་སྲོག་འདང་རྒྱབ་ནས།།
ཚེ་མི་འཆི་གདེངས་ཤིག་རྙེད་ཡོད།།
མགོན་རྒྱལ་བ་འདྲ་བའི་གྲོགས་པོ།།
ཕྱི་བར་དོར་ལག་འཇུ་ཐུབ་དགོས།
གཞས་མ་གཏམ་གྱིས།
གྲོགས་པོས་ང་ལ་རིག་པ་བསླབ་བྱུང་།།
ཡིད་ཀྱི་མུན་པ་དྭངས་སེ་དྭངས་སོང་།།
གྲོགས་པོས་ང་ལ་རྒྱུ་འབྲས་བསྟན་བྱུང་།།
ལེགས་ཉེས་དབྱེ་བ་འདི་ནས་གསལ་སོང་།།

དོ་ཞག་ཆུང་འདྲིས་དྲན་བྱུང་།


བཞུར་སྒྲ་ལྷང་ལྷང་གི་ཆུ་འགྲམ་ཞིག་ནས།།
འཛུམ་མདངས་ཀྱིག་ཀྱིག་གི་ཆུང་འདྲིས་དྲན་བྱུང་།།
དྭངས་གསལ་ཆུ་ངོས་ཀྱི་དཀར་གསལ་ཟླ་བ།།
ང་ཡི་སྙིང་ཐུབ་ཀྱི་ཞལ་རས་ཨེ་ཡིན།།
ཡེ་ཡེ་ཡེ།སྙིང་ཐུབ་ཤ་འདྲེས་པགས་འདྲེས། དྲན་པ་ཆུ་མོས་བརླན་ཡོད།
བསེར་བུ་བསིལ་བསིལ་ཞིག་དལ་ཀྱིས་གཡུགས་ནས།།
རྩི་ཤིང་མེ་ཏོག་དག་ལྕུག་ལྕུག་སྒུལ་བྱུང་།།
སྐྲ་ལོ་ཤིག་ཤིག་ཅིག་རྒྱབ་ལ་དཔྱངས་བའི།།
ཆུང་འདྲིས་གཟུགས་ཡག་མ་དྲན་པ་བབས་སོང་།།
ཡེ་ཡེ་ཡེ། ཆུང་འདྲིས་གཟུགས་ཡག་ཚིག་ཡག དྲན་པ་རླུང་ལ་སྐུར་ཡོད།།
མིག་ཟུང་རྒྱང་རིང་གི་མཚམས་ལ་ཅེར་ཏེ།།
ལ་གཞས་སྙན་མོ་ཞིག་དམའ་མོས་ལེན་དུས།།
རིག་པའི་སྡིངས་ཀ་ན་འོད་དུ་འཚེར་བའི།།
ཡིད་མཐུན་དྲན་པ་ལ་ཚུགས་ཐུབ་མི་འདུག །
ཡེ་ཡེ་ཡེ། ཡིད་མཐུན་རིག་བཟང་བུ་མོ། དྲན་པ་ཤོག་ངོར་ཕབ་ཡོད།།

རྟ་ནག་སྒྲོག་འགྲོས།


ཕ་གིའི་རི་བོའི་སྒང་ནས།།
དབྱངས་ཤིག་སྤང་ལ་མཆེད་ཡོང།།
མེ་ཏོག་ཁུག་ན་རྩེན་པའི།།
རྟ་ཕོས་བང་རྩལ་འགྲན་སོང།།
དིང་གླིང་འབུད་པའི་མེས་པོ།།
རྟ་ལ་རྟ་རྩིས་ཆེ་བ།།
གཞས་མ་གཏམ་གྱིས།
ཨོ་ཡ། རྟ་ནག་སྒྲོག་འགྲོས།རྟ་ནག་སྒྲོག་འགྲོས། དབྱངས་སྙན་སྟོང་གི་རྒྱལ་བོ། །
འཚེ་མེད་གདངས་དང་འགྲོགས་ན།།
སྒོ་ཡི་རི་སྐྱེས་རི་དྭགས།།
འདབས་ལ་འཁོར་ཞིང་འཁོར་བ།
ཐང་སྨུག་སྦྲ་ཡི་འདབས་ནས།།
དབྱངས་ཤིག་ལྷས་ལ་ཁྱབ་སོང་།།
ལྕི་བ་འཐུ་བའི་བུ་མོས།།
སྙིང་གཏམ་སྙིམ་པར་བཅུས་ཡོད།།
གླིང་བུ་འབུད་པའི་ཨ་ཇོས།།
དམ་ཚིག་དབྱངས་ལ་དྲངས་ཡོད།།
གཞས་མ་གཏམ་གྱིས།
ཨོ་ཡ།རྟ་ནག་སྒྲོག་འགྲོས། རྟ་ནག་སྒྲོག་འགྲོས། དབྱངས་སྙན་བརྩེ་བའི་བརྡ་རྟགས།།
སྲོད་ལ་ཁིས་ནས་གྲག་ན།།
ཆུང་འདྲིས་མཚེ་མ་སྲོག་གཅིག།
དོ་དགོང་ལུས་སེམས་དྲོ་བ།།

གངས་ཅན་བོད་ཀྱི་རྟ་རེད།

 


རྟ་འདི་མི་ཞོན་མ་གསུངས།
ཁ་བ་ཅན་གྱི་རྟ་རེད།
རྟ་ཁ་མི་ལེན་མ་གསུངས།
ཁ་ལས་ཁུར་བའི་རྟ་རེད།
རྟ་ལ་རྟ་གཤིས་ཡག་པ།
རྟ་མཆོག་རྐྱང་ངེའི་རྒྱུད་རེད།
རྟ་ལ་སྒ་སྲབ་མཛེས་བ།
བེ་སང་ཉི་མ་རང་ཤར།
རྟ་ཕོ་སྤང་ནས་རྒྱུག་ན།།
རྨིག་པས་ས་གཞི་མནན་ཡོང་།།
རྟ་མཆོག་རི་ནས་འཚེར་ན།
རི་ལུང་གཉིད་ལས་དཀྲོགས་འགྲོ།
རྟ་ལ་རྣམ་རིག་འཛོམས་པ།
ཅང་ཤེས་འདོ་རིག་རྟ་རེད།
རྟ་གོང་གནན་ཁ་དཀའ་བ།
རྟ་བདག་གང་འདོད་མ་གནང་།
གཞས་མ་གཏམ་གྱིས།
བཙན་པོ་རྒྱ་སྟག་ངར་མའི་དམག་རྟ་རེད།
སྟག་ཤར་གློག་ཞགས་མྱུར་མོའི་ཇག་རྟ་རེད།
ཕ་མ་ཉི་ཟླ་ཟུང་གི་དབུས་རྟ་རེད།
དེ་རིང་གནམ་ལོ་གསར་བའི་ལོ་རྟ་རེད།
སྤུན་ཟླ་ཚོ་ཡ་ཉེ་མི་ཚོ།
རྟ་ཡི་ལོ་ལ་གངས་སྐོར་ལ་འགྲོ།
ཤར་གྱི་རྨ་རྒྱལ་སྦོམ་ར་སྐོར།
དད་པའི་ཕྱག་གསུམ་སྒུར་ཡ།
ཨ་ཁུ་པདྨ།

དབུས་མཇལ་པ།


གཞིས་ལ་ནོམ་པ་ཉུང་རུང་།།
སེམས་ལ་དད་པ་བརྟན་ཡོད།།
དབུས་ཀྱི་ཉི་མ་ལྷ་ས།།
འཚོ་བའི་ཁ་ཕྱོགས་ཡིན་འགྲོ།
ཉི་མའི་རྔུལ་ཆུ་ཁུར་ཡོད།།
ཟླ་བའི་རྨི་ལམ་བརྐུས་ཡོད།།
རྩི་ཤིང་མིག་ཆུ་གཏོང་དུས།།
དབུས་པ་དབུས་ཀྱི་ལམ་རེད།།
མ་ཤི་ཐོད་པ་གཏུགས་རྒྱུ།།
ཚེ་ཡི་འདུན་པ་ཞུ་ཆོག །
ཤི་ན་གསོལ་འདེབས་སྐུར་རྒྱུ།།
ཇོ་བོའི་ཐུགས་ལ་འཇོག་རོགས།།
གཞས་མ་གཏམ་གྱིས།
ངའི་དད་པ་སྲ་མོ་བྲག་ཡིན།།
བྲག་དམར་པོ་ཞིག་རྒྱུ་ཡོད་ཀྱང་།།
སེམས་བརྟན་པོར་འགྱུར་བ་མི་སྲིད།།
དབུས་མ་མཇལ་ཕྱིར་འཁོལ་མི་རྒྱག །

ཁྱིམ་མཚེ་ཨ་ལྕག་སྒྲོན་དཀར།

 


ལྷ་སའི་འབུ་རས་དཀར་པོ།།
ཟླ་འོད་ཁྲོད་ན་ལམ་ལམ།།
ཁམས་ཀྱི་ཇ་ལ་དམར་པོ།།
ཉི་འོད་འོག་ན་ཤམ་ཤམ།།
ཨ་མདོའི་ཨ་ལྕག་སྒྲོན་དཀར།།
མི་ཡག་ནང་གི་ལྷ་མོ།།
ཨོ་ཡ། ཁྱིམ་མཚེ་ཨ་ལྕག་སྒྲོན་དཀར།།
མཚན་མོ་མལ་སའི་ནང་ནས།།
ལུས་པོ་གྱང་ལ་བརླན་ཡང་།།
ཨ་ལྕག་ཡིན་ཡིན་སྙམ་ན།།
སེམས་པ་དྲོད་ཀྱིས་ཁྱབ་འོང་།།
སྐྱ་རེངས་ད་དུང་མ་ཤར།།
རི་བྱིའུ་ད་དུང་མ་གྲག།
ཨ་ལྕག་ལགས་ཀྱི་ཇ་དྲི།།
ལྷས་རའི་ནང་ལ་འཁྱུད་ཅིང་།།
སྒྲོལ་འདོན་དབྱངས་རྟ་སྙན་མོ།།
ང་ཡི་ཁྱིམ་ལ་འཛུལ་ཡོང་།།
ཨོ་ཡ། ཁྱིམ་མཚེ་ཨ་ལྕག་སྒྲོན་དཀར།།
ཉིན་མོ་སྒེའུ་ཁུང་འགྲམ་ནས།།
ཕྱི་ལ་བལྟ་ཡུན་རིང་ཡང་།།
ཨ་ལྕག་ཡོང་ཡོང་བསམ་ན།།
དུས་ཚོད་ག་ལེར་ཟད་ཆོག །
གཞས་མ་གཏམ་གྱིས།
ཁྱིམ་མཚེ་ཨ་ལྕག་སྒྲོན་དཀར།།
ལོ་གསར་ཚེས་གཅིག་ཤར་ན།།
ང་ཡི་མགྲོན་ལ་ཕེབས་རོགས།།
ཁྱོད་ཀྱི་འཛུམ་ལ་སྒུག་ཡོད།།

ཨ་ཞང་ལོ་ལོ།


ཨ་ཞང་ལོ་ལོ་རི་གསུམ་རྩེ་ནས་གྲག །
སྟག་ཤར་གཞོན་ནུའི་སྣང་བ་སྤྲིན་ལ་འདྲེས།།
རྒྱ་གླིང་ཁེར་འབུད་བྱེད་པའི་གླུ་བ་ལ།།
ཨ་ཞང་ལོ་ལོ་ངག་གི་འགུག་ཆ་ཡིན།།
(གཞས་མ་གཏམ་གྱིས། )
ཨ་ཞང་ལོ་ལོ། ཨ་ཞང་ལོ་ལོ། ཨ་ཞང་ལོ་ལོ།
རྒྱ་གླིང་སྨྱུག་མར་འབུད་སྟངས་མི་གཅིག་བརྒྱ་དང་བརྒྱད།།
ཨ་ཞང་ལོ་ལོར་འགུག་ལུགས་མི་གཅིག་བརྒྱ་དང་བརྒྱད།།
འདོ་རིག་རྟ་ཡི་གོང་ནས་གུག་ཆོག ཐུལ་དཀར་འབྲི་མོའི་འོག་ནས་གུག་ཆོག
ལག་གདང་སྦྲེལ་བཞིན་འགུག་ཡ། གར་ལ་འགྲོ་བཞིན་འགུག
ཨ་ཞང་ལོ་ལོ་སྡེ་ཆེན་གྲོང་ནས་གྲག །
སྨན་ཤར་བུ་མོའི་བཞིན་ལ་འཛུམ་མདངས་གསལ།།
ཡིད་ཀྱི་དུངས་ཤ་ལྷོད་པའི་ན་ཆུང་མར།།
ཨ་ཞང་ལོ་ལོ་སྙིང་གི་བསིལ་བ་ཡིན།།
(གཞས་མ་གཏམ་གྱིས། )
ཨ་ཞང་ལོ་ལོ། ཨ་ཞང་ལོ་ལོ། ཨ་ཞང་ལོ་ལོ།
རྒྱ་གླིང་སྨྱུག་མར་འབུད་སྟངས་མི་གཅིག་བརྒྱ་དང་བརྒྱད།།
ཨ་ཞང་ལོ་ལོར་འགུག་ལུགས་མི་གཅིག་བརྒྱ་དང་བརྒྱད།།
གོས་ཆེན་གོང་བའི་ནང་ནས་གུག་ཆོག
སྤང་དཀར་ན་ལུང་ཁུག་ནས་གུག་ཆོག
སྙིང་གཏམ་བཤད་བཞིན་འགུག་ཡ། དམ་བཅའ་འཇོག་བཞིན་འགུག
ཨ་ཞང་ལོ་ལོ་ཁྲོམ་ཆེན་གྲལ་ནས་གྲག །
ཕ་དང་ཨ་ཁུས་གླུ་སྣེ་ཤགས་ལ་མཐུད།།
ཡ་ཆུང་སྒྲུང་གིས་བཀང་བའི་སྟོང་བརྒྱ་འབུམ།།
ཨ་ཞང་ལོ་ལོ་དབུགས་ཀྱི་ལེན་སྟངས་ཡིན།།
(གཞས་མ་གཏམ་གྱིས། )
ཨ་ཞང་ལོ་ལོ། ཨ་ཞང་ལོ་ལོ། ཨ་ཞང་ལོ་ལོ།
རྒྱ་གླིང་སྨྱུག་མར་འབུད་སྟངས་མི་གཅིག་བརྒྱ་དང་བརྒྱད།།
ཨ་ཞང་ལོ་ལོར་འགུག་ལུགས་མི་གཅིག་བརྒྱ་དང་བརྒྱད།།
ལག་ནས་འཕྲེང་བ་བགྲང་བཞིན་གུག་ཆོག
ངག་ནས་མ་ཎི་འདོན་བཞིན་གུག་ཆོག
བཏགས་ས་བྱེད་བཞིན་འགུག་ཡ། ཧབ་ཆ་རྒྱག་བཞིན་འགུག

རྟ་ཁྱུ།


སྤང་དཀར་གསེར་གྱི་གཞོང་བར།།
འདོ་བ་ངང་བ་གསེར་སྒོང་།།
གོམས་རྩལ་བརྒྱ་ལས་ལྷག་པ།།
ཡག་བྱད་ལྷ་རྟར་མཉམ་ཡོད།།
འཚེར་སྐད་མཁའ་ལ་སྒྲོག་ནས།།
རྨིག་ཤས་ས་གཞི་མནན་ན།།
ལུས་ལ་ཁྲབ་མོག་གྱོན་པའི།།
ང་ཡི་མེས་པོ་དྲན་གི །
(གཞས་མ་གཏམ་གྱིས)
རྟ་ར་གོང་མ་རྟ་ཡིས་བཀང་ཡོད།།
རྟ་ཁྱུ་མགོ་མ་རྐྱང་ལ་འདྲེས་ཡོད།།
རྟ་ཁྱུ་རྗེས་མ་ལྷས་ན་ལུས་ཡོད།།
སྒ་སྲབ་འཛིན་པའི་རྫི་བོ་སུ་ཡིན།།
གནམ་ས་འདྲེས་མཚམས་བར་ནས།།
ང་ཡི་རླུང་ནག་རྗེས་ཆོད།།
ཡིད་ལ་ཤར་བའི་ས་ལ།།
མི་ཐོན་བསམ་པ་མི་འདུག །
ཉག་ཆེན་ཉག་ཆུང་གཏུབ་ནས།།
ཐང་ཆེན་ཐང་ཆུང་ལྟེབ་དུས།།
ལག་པ་ཐོད་ལ་བཞག་པའི།།
ང་ཡི་ཆུང་འདྲིས་དྲན་གི

སྙིང་ཐུབ་ལ་གསོལ་བ།


སྙིང་ཐུབ་ཆུ་ཤེལ་འདྲ་བོ།། ཕྱིས་ཀྱིན་ཕྱིས་ཀྱིན་ཇེ་དྭངས །
མ་འགྱུར་བརྟན་པོ་མཛོད་དང་།། ཉི་མའི་སྣང་བ་གསལ་ཡོང་།།
སྙིང་ཐུབ་མེ་ཏོག་འདྲ་བོ།། བཞད་ཀྱིན་བཞད་ཀྱིན་ཇེ་མཛེས།།
མ་ཡལ་རང་མདངས་ངོམ་དང་།། ཆར་བས་བྱབས་འཁྲུས་གནང་ཡོང་།།
སྙིང་ཐུབ་གེའུ་འདྲ་བོ།། བཏགས་ཀྱིན་བཏགས་ཀྱིན་ཇེ་ཡག །
མ་བོར་བྱིན་རླབས་སྩོལ་དང་།། དད་པས་ཐལ་མོ་སྦྱར་ཡོང་།།
སྙིང་ཐུབ་སྙིང་གི་ཚི་ལུ།། སྙིང་གཏམ་བཞན་ལ་མ་བཤད།།
སྙིང་གི་རུས་པ་ཆགས་འགྲོ ། སྙིང་ལ་གས་ག་ཤོར་འགྲོ །།

 

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།2

དཔྱད་མཆན་སྤེལ།