ཉན་ཐོས་རིག་པའི་ཁུ་བྱུག་ལ་ལན་དུ་སྤྲིངས་པ།

དགུ་རོང་སྤུན་གྲོལ།

ཉན་ཐོས་ཁྱེད་ཀྱི་བྲིས་རྩོམ་ལ་སེམས་གཏིང་ནས་བརྩི་འཇོག་བྱེད་པ་དང་འབྲེལ་ཁྱེད་ཀྱི་བསམ་བློ་ལ་དགག་སྒྲུབ་ཚ་ནན་བྱ་རྒྱུ་ཡིན་ཙ་ན་དཀྱེལ་ཡངས་ལ་བློ་སྦྱོང་བྱེད་རོགས། ཁྱེད་ཀྱིས་བཤད་པ་བདེན་ཏེ〝མི་གཙང་པའི་སྣོད་དུ་བཅུད་ཅན་གྱི་ཟས་ཅི་ཞིག་བླུགས་ཀྱང་མི་གཙང་བ་ཉིད་དུ་འགྱུར་བ་ཆོས་ཉིད་ཡིན〞ཞེས་པ་དེར་སེམས་ཁམས་རིག་པའི་ཐད་ནས་ལན་ཅུང་ཙམ་སྤྲས་ན་འདི་ལྟ་སྟེ། གཙང་མི་གཙང་དང་མཛེས་མི་མཛེས་ཞེས་པ་དག་གོམས་འདྲིས་དང་སྲོལ་ལུགས་ཀྱི་གཞན་དབང་དུ་གྱུར་པའི་སྣང་བྱེད་ཤེས་པ་དེས་ཕར་བཏགས་པ་ལས་སྣང་བྱ་ཡུལ་གྱི་ངོས་ན་མཛེས་པའི་ཆ་དེ་ཚུགས་ཐུབ་དང་བདེན་ཐུབ་ཀྱིས་གྲུབ་མེད། དེ་གང་གིས་ཤེས་ཐུབ་ཟེར་ན། དཔེ་མཚོན་གསུམ་གྱི་སྒོ་ནས་འཆད་པར་བྱ། རྒྱ་ནག་པས་མི་མཛེས་མི་མཛེས་དེ་དེའི་ཤ་མདོག་དཀར་པོ་ཡིན་མིན་ལ་བལྟ་བ་དང་། ཧྥེ་གླིང་པས་མི་མཛེས་མི་མཛེས་དེ་དེའི་ཤ་མདོག་ནག་པོ་ཡིན་མིན་ལ་བལྟ་བ་རེད། ཧྥེ་གླིང་པའི་སྣང་ངོར་རྒྱ་ནག་པ་མི་མཛེས་པ་ཡིན་ལ། རྒྱ་ནག་པའི་སྣང་ངོར་ཧྥེ་གླིང་པ་མི་མཛེས་པ་ཡིན། དེ་གཉིས་ནི་ཤེས་པ་དེ་འཚར་ལོངས་འབྱུང་སའི་ཁོར་ཡུག་མི་གཅིག་པ་དང་རིག་གནས་མི་གཅིག་པ་གཉིས་ཡིན་སོང་བས་ཉིན་རེའི་འཚོ་གནས་ཀྱི་རིན་ཐང་བལྟ་ཚུལ་ཡང་མི་གཅིག་པ་དེ་གཉིས་བྱུང་བ་རེད། སྐྱེས་པ་གསུམ་གྱིས་ཡིད་དུ་འོང་པའི་བུ་མོ་ཞིག་ལ་དུས་གཅིག་ལ་བལྟ་དུས་སྐྱེས་པ་དེ་གསུམ་ལ་སྣང་བའི་བུ་མོ་དེའི་མཛེས་ཆ་ཁ་ཁ་ཡིན་པ་རེད། དེ་འདྲ་བ་ཁྱེད་ལ་མྱོང་བ་དངོས་མ་ཡོད་རྒྱུ་རེད་བསམ་པས་ཞིབ་ཏུ་མི་སྤྲོ། ཡང་སྐྱག་པའི་གསེབ་ཀྱི་ཕྲ་འབུ་དེས་ག་དུས་ཡིན་ཀྱང་སྐྱག་པའི་དྲི་མ་ཞིམ་པོར་འབྱིན་གྱིན་ཡོད་ལ་ཚོར་བ་ཡང་དེ་འདྲ་ཡིན་པ་རེད། དེ་ནི་ཁོ་འཚར་ལོངས་བྱུང་ས་སྐྱག་པ་ཁོ་ན་ཡིན་སོང་བ་རེད། དེ་བཞིན་དུ་འུ་གཉི་ག་ཡང་སོ་སོའི་བསམ་བློ་འཚར་ལོངས་བྱུང་ས་མ་གཅིག་པས་ཁྱེད་ཀྱིས་ཁོ་བོ་མི་གཙང་བར་སྣང་གྱིན་ཡོད་ལ། ངེད་ཀྱིས་ཁྱེད་རང་མི་གཙང་བར་སྣང་གྱིན་ཡོད། དེ་བས་ཁྱེད་ཀྱིས་ཁོ་བོར་མི་གཙང་བའི་སྣོད་ཅེས་དམའ་འབབ་བྱས་པ་དེར་ཁོ་བོ་ཁོང་ཁྲོ་ག་ལ་སྐྱེས། ཡིན་ནའང་དེའི་ཤུགས་ན་ཁྱེད་ཀྱིས་བྱིས་པའི་བརྡ་རྟགས་གསལ་པོ་ཞིག་བསྟན་ཡོད་པ་ནི་〝ཁྱེད་ཀྱིས་བཤད་པ་ཐམས་ཅད་རྫུན་དང་ངེད་ཀྱིས་བཤད་པ་ཐམས་ཅད་བདེན་པ་དང་ཚད་མ་དཔང་པོ་ཡིན་〞ཞེས་པ་དེ་རེད། གལ་ཏེ་གནས་ལུགས་ཀྱི་ཤན་འབྱེད་ན་ཕ་རོལ་བོ་ལ་ཡང་བདེན་པ་ཅུང་ཙམ་ཡོད་པར་ཁས་ལེན་དགོས་སྙམ། དེས་རྐྱེན་གྱིས་ཁོ་བོའི་བྲིས་རྩོམ་དུ་ཡང་དཔལ་འབྱོར་དུས་རབས་དང་བརྡ་འཕྲིན་དུས་རབས་ཚན་རྩལ་དུས་རབས་ལ་སྦྱར་ཏེ་ཁྱེད་ཀྱི་སློབ་དཔོན་ཆེན་མོའི་སྤྱི་དོན་དང་འབྲེལ་བའི་ཞན་ཆའི་ཟུར་ཞིག་བརྗོད་པ་ཡིན་པས་ངེད་ཀྱི་བྲིས་རྩོམ་གྱི་དམིགས་འབེན་གསལ་བོར་ངེས་པའི་སྒོ་ནས་དགག་ལན་འབྲི་རོགས། ཁྱེད་རང་གཟེབ་ཏུ་ཚུད་པའི་བྱིས་པ་མ་ཡིན་པས་ཟུར་བསྟན་ལེབ་མཐོང་གི་གོ་རྟོགས་ཡོད་ན་ཆོག་མོད། ཁྱེད་ཀྱིས་བྲིས་རྩོམ་ལ་བལྟས་ན་ངའི་བྲིས་རྩོམ་མཐོང་དུས་ཁྱེད་རང་གློག་གིས་བརྒྱབ་པ་བཞིན་ལྷབ་སེ་བཏང་ཡོད་པ་ཤེས་ཐུབ། ཁྱེད་ཀྱི་བྲིས་རྩོམ་ནང་དུ་ངའི་རྩོམ་དང་འབྲེལ་བ་ཅི་ཡང་མེད་པའི〝སྤྱི་ཚོགས་ཀྱི་མི་བུ་དང་མི་མང་གི་མི་བུ་〞ལ་རྒྱ་ཡེས་བཀྲ་བྷོས་བཟོས་པའི་མིག་ཤེལ་ལྗང་ཁུ་དེ་གོན་ནས་དམའ་འབབ་བྱས་ཡོད་ཀི ཁྱེད་ཀྱིས་མིག་ཤེལ་ལྗང་ཁུ་དེ་གོན་ནས་བལྟས་ན་སྣང་བྱ་ཐམས་ཅད་ལྗང་ཁུ་ཡིན་པས་དཀར་ཁྲ་དམར་གསུམ་གྱི་ཚོན་གྱི་རང་མདངས་ག་ལ་མཐོང་།

ཁོ་བོས་གཏན་ནས་རྣ་ཐོས་ཚད་མར་མི་འཛིན་ཏེ་༢༠༠༨ ལོའི་སྟོན་ཁའི་ཉིན་ཞིག་གི་ཞོགས་པ་སྔ་མོར་རྒྱ་ཡེ་བཀྲ་བྷོའི་སློབ་འཁྲིད་ལ་ཕྱིན་པ་ཡིན། ཁོས་དུས་ཚོད་བཞིའི་རིང་ལ་སློབ་འཁྲིད་བྱས་རྐྱེན་ངེད་ཀྱི་རྐུབ་ཤ་ན་ཞིང་དབང་པོ་འཁྱམས་སོང་བས་སུན་སྣང་ཆེན་པོ་སྐྱེས་སོང་། ཁོང་གི་ཆེད་རྩོམ་དེའི་ནང་དུ་མཚམས་རེར་〝ཡིག་ཚོགས་ལ་དོགས་ནས་རྒྱས་པར་མི་སྤྲོ〞ཞེས་བཀོད་ཡོད་ཀི། འོན་ཀྱང་སློབ་འཁྲིད་བྱེད་སྐབས་ཡིག་ཚོགས་ལ་དོགས་མི་དགོས་པས་རྒྱ་བཀྲོལ་ནས་བཤད་ན་ལོས་ཆོག རེད་དེ་རྡོ་ཐོག་ནས་ཆུ་རྒྱུགས་པ་བཞིན་གལ་ལ་ཐུག་ཚེ་མ་མཐོང་མ་རིག་མདོག་མདོག་བྱས་ནས་ཤར་སེ་བུད་འགྲོ་གི། ཚིག་རྩུབ་པོའི་ངོས་ནས་བཤད་ན་གལ་ལ་ཐུག་ཚེ་ཕྱིར་བསྣུར་བརྒྱབ་པ་རེད། དེ་ཡང་ཁོང་གཅིག་བུ་མ་ཡིན་ལ་ཀུན་མཁྱེན་འཇམ་དབྱངས་བཞེད་པ་དང་རྡོ་སྦིས་དགེ་བཤེས། མ་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ་ལ་སོགས་པ་ཡང་ཙོང་ཁ་པའི་དྲང་ངེས་ལེགས་བཤད་སྙིང་བོའི་དགག་བྱ་ངོས་འཛིན་སྐབས་སུ་ཕྱིར་བསྣུར་བརྒྱབ་སྟེ་དགེ་བཤེས་ཆེན་པོའི་མིང་བྱང་ཡང་ཐང་ལ་གཡུག་ཨེ་ཡོད་སྙམ་པའི་དོགས་པ་ཞིག་ཤུགས་ཀྱིས་འབྱུང་། ཡིན་ནའང་དགག་བྱ་ལབ་ན་ཁྱེད་ལ་ཤིན་ལྐོག་ཅིག་ཡིན་པས་མཚམས་འདི་ནས་བསྐྱུར་རྒྱུ་ཡིན།་

༢༠༡༠་ལོའི་ཁྱེད་ཅག་སྡེ་ཁག་གི་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་སྒྲོག་སྤེལ་སྐབས་སུ་ཁྱེད་ཀྱི་སློབ་དཔོན་གྱིས་ཆོས་འཛིན་རྡོ་རྗེ་ལ་དྲིས་པའི་དྲི་བ་ནི་〝བོད་ཀྱི་རུས་མིང་འདོགས་སྟངས་ལ་རྒྱ་གར་བྲམ་ཟེའི་རིག་གནས་ཀྱི་ཤན་ཐེབས་ཨེ་ཡོད་〞ཅེས་པ་རེད། དེ་ལ་ཆོས་འཛིན་རྡོ་རྗེས་ལན་ཚ་བོ་ཞིག་བཏབ་པ་ནི་〝ལགས། དགེ་རྒན་ཁྱེད་ཀྱིས་འབུམ་རམས་པའི་ཆེད་རྩོམ་གྱི་ནང་འཁོད་པ་ལྟར་བྲམ་ཟེའི་རིགས་གནས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་ཀི་〞(ཚིག་ཇི་མ་ཇི་བཞིན་པར་མི་དྲན་མོད་དོན་དེ་འདྲ་ཡིན་པར་གདེང་ཚོད་ཡོད )ཞེས་བཤད། རྒྱ་ཡེ་བཀྲ་བྷོས་ཁོ་ཚོའི་ཞིབ་འཇིག་སློབ་མའི་དུས་ཡུན་རིང་ལ་ཁོའི་ཆེད་རྩོམ་འཆད་འཁྲིད་བྱས་ཟིན་པས་སློབ་བུ་དེས་ཁོའི་ཆེད་རྩོམ་ལ་བལྟ་ཀློག་ཤུགས་ཆེན་བྱས་ཡོད་པ་ཤེས་བཞིན་དུ་ག་རེས་བྱས་ནས་དྲི་བ་དེ་འདྲ་འདྲི་དགོས་བྱུང་བ་རེད། ངས་བལྟས་ན་དེ་ནི་གནད་དོན་ཐག་གཅོད་པའི་དྲི་བ་ཞིག་མ་རེད་བསམ། ཁྱེད་ཅག་སློབ་མ་བཅུ་གྲངས་ལྷག་ཙམ་གྱིས་མང་མོས་འདོད་པ་ལྟར་དགེ་རྒན་ལ་ཆེད་རྩོམ་དེ་འཆད་འཁྲིད་བྱེད་པའི་སྐྱབས་འཇུག་བྱས་པ་ཡིན་ལབ་ན་ཅུང་ཙམ་འགྲིག་མོད། དམངས་གཙོའི་ལམ་ལུགས་ནང་བཞིན་གྲོས་བསྡུར་བྱས་ཟེར་བ་ནི་དགོད་བྲོ་བ་ཞིག་ཏུ་འཁུམ། ཉན་ཐོས་ལགས་དམངས་གཙོ་དང་མང་གཙོ་གཅིག་པ་མ་ཡིན་པས་མི་མང་དང་དམངས་གཉིས་ལ་བར་ཁྱད་ཆེན་པོ་ཡོད། དམངས་ལ་གོ་བ་མི་ཆགས་ན་《སྤྱི་དམངས་ཀྱིས་མི་རྟོན་པ་》ཞེས་པའི་དཔེ་དེབ་ལ་ཞིབ་མཇལ་གནང་རོགས། ཡང་ཚན་རིག་དང་མཐུན་པ་ཞེས་འུར་བརྒྱབ་ཡོད་པས། ཁྱེད་ཀྱི་དགེ་རྒན་གྱིས་ལུང་མང་པོ་ཕྱོགས་བསྒྲིགས་བྱས་ཡོད་པ་ལས་ཚན་རིག་པའི་དཔྱད་འབྲས་ལྟར་རང་ཉིད་ཀྱི་བསམ་གཞིག་བཙགས་ནས་བྲིས་པའི་ཆེད་རྩོམ་གང་ན་ཡོད། ཆེད་རྩོམ་དེའི་ནང་དུ་འདྲེན་རྟགས་མེད་པའི་གཞན་གྱི་བྲིས་རྩོམ་བཤུ་འབྲི་བྱས་ཡོད་པ་མཐོང་སོང་བས་དཔེ་དེབ་པར་སྐྲུན་བྱས་རྗེས་མ་རྩོམ་དང་གཤིབ་བསྡུར་བྱས་ཏེ་སྟག་ཚང་དཀྲིག་རྩིས་ཡོད་པས་དེ་དུས་འུ་ཅག་མཉམ་དུ་དགག་སྒྲུབ་ཀྱི་གཡུལ་སར་དཔུང་རྒྱུགས་བྱས་ཆོག ངའི་ཟིན་ཐོ་མ་བོར་ཚེ་དེ་དུས་ཀྱི་དགག་སྒྲུབ་དེ་འཁྲུག་ཆ་དོད་པོ་ཡོང་རྒྱུ་རེད་བསམ་ཡོད།

ཁོས་དེང་རབས་ཀྱི་ཞིབ་འཇུག་པའི་ཁ་ཕྱོགས་ཟུར་དུ་དོར་ནས་རྒྱ་གར་གྱི་རིག་གནས་ལ་རྒྱ་ཡིག་གི་རྒྱང་ཤེལ་ནག་པོ་དེ་གོན་ནས་ཞིབ་འཇུག་བྱས་ཡོད་པས་དེ་ཚན་རིག་གི་དཔྱད་འབྲས་དང་ག་ལ་མཐུན། ཕྱི་གླིང་བ་སྐོར་ཞིག་ཀྱང་ས་གནས་ས་ཐོག་ཏུ་ཡོང་ནས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་དེ་དག་ཀྱང་ཁོ་ཚོར་དངུལ་ལོར་མང་དྲགས་ནས་ཡོང་པ་ག་ལ་ཡིན། རྒྱལ་སྤྱིའི་ཞིབ་འཇུག་པའི་ལམ་ཕྱོགས་ནང་ལ་གོམ་པ་སྤོས་པ་རེད། ཁྱེད་ཅག་ལ་ཡང་དགེ་རྒན་དེ་དག་གིས་ནད་ཡམས་འགས་ཏེ་ཉལ་ཁང་གྲུ་བཞིའི་ནང་ན་དཔེ་རྙིང་སྐོར་ཞིག་ལ་བལྟས་ནས་ཞིབ་འཇུག་བྱེད་ཀྱིན་ཡོད་ཀི འཛམ་བུ་གླིང་མིག་གིས་མི་མཐོང་ན་ཁག་མེད་ཀི ནང་ལོག་གི་སློབ་གྲྭ་ཆེན་མོའི་ཁ་ཕྱོགས་དེ་གདོང་གི་མིག་ཤེལ་ལྗང་ཁུ་དེ་ཕུད་ནས་གསལ་བོ་ཞིག་བལྟས་ན་ཆོག རིག་པ་བྲན་དུ་ཚུད་པའི་ངང་ཚུལ་བཟུང་ཏེ་ས་ཁུལ་ཁུག་ཀྱོག་ཟི་ལིང་ལྟ་བུ་ནས་ལོ་གསུམ་གྱི་རིང་ལ་བསྐོར་ར་ཞིག་བརྒྱབ་ནས་ལོག་བཞིན་པ་དེ་མཐོང་དུས་སེམས་ལ་ཟུག་གཟེར་ལང་གི ད་དེ་ཙམ་གྱིས་འཐུས་པར་བྱ། བོད་ཡིག་མེད་པོ་ཡིན་པའི་དངོས་ཡོད་ཀྱི་སྒྲུབ་བྱེད་དག་རྗེས་མའི་ལམ་ནས་འཁོད་རྒྱུ་ཡིན། ཡིན་ནའང་རྗེས་མའི་ལམ་ནས་ལུང་ཚིག་སྐམ་པོ་དེ་འདྲ་དྲངས་མ་ཡོང་། ང་གྲྭ་ས་ནས་ལུང་ཚིག་སྐམ་དེ་འདྲ་མང་པོར་ཐུག་མྱོང་བས་དངོས་གནས་སུན་སྣང་སྐྱེས་ཀི ད་དུང་ཤེས་དགོས་པ་ནི་འདི་ནི་བསམ་བློ་བགྲོ་གླེང་ཡིན་ཙ་ན་རང་ཉིད་ཀྱི་བསམ་གཞིག་དང་རང་ཉིད་ཀྱི་ལྟ་བ་བརྗོད་དེ་དགག་སྒྲུབ་འབེན་ལ་ཕོག་ཐུབ་པ་ལྟ་བུ་ཡིན་དགོས་པས་གད་སྙིགས་གང་བྱུང་འཁྱེར་མ་ཡོང་རོགས་ཞུ།

བསྟོད།8

དཔྱད་མཆན་སྤེལ།