སྤྲུལ་སྐུ་རྫུན་མ་ལས་འཕྲོས་བའི་བདེན་ལུགས་དངོས་མ།

123
མེ་འཁྱེར།

1 བོད་རབ་བྱུང་བཅུ་བདུན་ཤིང་ལུག་ལོ་སྟེ་སྤྱི་ལོ2015ལོར། བོད་ཁུལ་གྱི་སེར་སྐྱ་མང་ཚོགས་གང་མང་གི་སེམས་ཁོང་ལ་ཟུག་རྔུ་སྦྱིན་ཞིང་མི་འདོད་པའི་རྒོལ་གཏམ་ཡོས་བཞིན་འཆའ་བའི་སྒོ་དབྱེ་སྤྱི་ཚོགས་ཀྱི་སྣང་ཚུལ་སྐྱོ་བོ་རེ་འགའ་བསྟུད་མར་བྱུང་བ་སྟེ། རྒྱལ་དམངས་ཡོངས་ཀྱི་དཔལ་འབྱོར་འཚོ་བའི་ཆ་རྐྱེན་གོང་འཕེལ་སོང་བ་དང་གོ་ལ་ཧྲིལ་བོའི་རིག་གནས་བརྡ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཀྱི་ཡོ་ལང་རྣམ་པར་རྒྱས་ཤིང་། ལྗོངས་རྒྱུ་ལས་རིགས་ཀྱི་སྒོ་འཕེར་ཡངས་པོར་ཕྱེས་པ་དང་བསྟུན་ནས་རང་ཅག་ཁ་བ་རི་བོའི་ལྗོངས་འདིའི་ཕྱི་སྣོད་ཀྱི་ཁོར་ཡུག་ལ་བཙོག་སྐྱོན་དང་ནང་སེམས་ཀྱི་འཇིག་རྟེན་ལ་བརྙས་དམོད་ཀྱི་སྣང་ཚུལ་གང་མང་བྱུང་བ་ནི། བོད་མི་སྟོང་ཁྲག་དུ་མའི་སེམས་ཁོང་ན་དད་འདུན་གྱི་ཞུན་མ་དྭངས་མོར་འཁྱིལ་བའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་མཛེས་སྡུག་གི་ཞལ་བཞིན་ལ་མི་གཙང་རྫས་སྙིགས་ཀྱི་སྦགས་པ་དང་། ཕ་མེས་ཡང་མེས་ནས་བརྒྱུད་པའི་དགྲ་ལྷ་དཔུང་བསྟོད་ཀྱི་སྟེགས་བུར༼བསང་ཁྲི༽་བློ་ཐུང་ནག་མོའི་རྐང་རྫིས་ཐེབས་པ། ནང་བསྟན་ཤེས་རིག་གི་བདག་པོ་སྟོན་པ་ཤྰཀྱ་ཐུབ་པའི་གཟུགས་རིས་སྒེག་ལྡན་བུ་མོའི་ལྷམ་མཐིལ་དུ་དཔར་བ་སོགས་རང་རིགས་ཀྱི་ཚུལ་ལྡན་ཤེས་རིག་ལ་དཔལ་ཡོན་ལྡན་པའི་མི་རིགས་གཞན་གྱི་རྡོག་རྫིས་དང་བརྙས་བཅོས་ཐེབས་ནས་ནང་སེམས་ཤེས་རིག་གི་བདག་དབང་ལ་དམའ་འབེབས་དང་མཐོང་ཆུང་བྱས་པ་ལ་སོགས་པ་འདིས་མཚོན་རང་ཅག་གིས་དུས་རབས་བུ་མོ་བག་མར་བསུ་མདོག་གི་རིགས་ཀྱི་བླ་སྲོག་ཐུ་འོག་ནས་བོར་བ་འདི་བག་རེ་ཚ།

དེ་ཡང་ཡིན་ཏེ། སྣང་ཚུལ་འདི་དག་ནི་སྤྱི་ཚོགས་འཚོ་བའི་འཕེལ་འགྱུར་དང་མི་རིགས་རིག་གནས་ཀྱི་ཧེ་བག་ལས་བསྐྱེད་པར་ཁ་གཡར་ཏེ་ཆོས་གཞུང་གི་མ་ཤེས་ཉེས་མེད་ཀྱི་སེམས་བསྐྱེད་དེ་དཀྱེལ་ཡངས་བཏང་སྙོམས་སུ་བཞག་ཆོག་ཀྱང་། རིགས་རྒྱུད་ནང་ཚུན་གྱི་བསམ་བློའི་གཉོམ་སོ༼དད་པའི་འདུ་ཤེས༽་བེད་སྤྱད་དེ་རང་རིགས་རིག་གནས་གཡོ་འཚོང་དང་རང་ཁེ་འབའ་ཞིག་སྒྲུབ་ལ་བརྩོན་པའི་སྐུ་ལོ་པད་མ་འོད་ཟེར་གྱི་སྤྱོད་ངན་འདིས་བོད་ཁུལ་གྱི་ཆོས་ལུགས་ཁྱབ་ཁོངས་འུར་ཆིལ་ལེར་བཏང་བ་དང་མཉམ་དུ་དུས་རབས་གསར་བའི་འཕེལ་འགྱུར་ཁྲོད་ཀྱི་སྤྲུལ་སྐུའི་ཁྱད་དབང་ལམ་ལུགས་ལ་དོགས་སློང་དང་དེའི་ཐུན་མིན་གྱི་ཐོབ་ཐང་ལས་འཕྲོས་ཏེ་ཆོས་ལུགས་རུལ་སུངས་ཀྱི་གནད་དོན་ཚ་བོ་དེ་ཕྱིར་མངོན་པ་མ་ཡིན་ནམ། སྤྱི་ཚོགས་ཀྱི་སྣང་ཚུལ་རེ་རེས་དངོས་ཡོད་ཀྱི་གནད་དོན་རེ་རེ་མཚོན་གྱིན་ཡོད་ལ་གནད་དོན་རེ་རེའི་དྲིས་ལན་ནི་ང་ཚོ་རང་སྟེང་གི་མི་འདང་བའི་ཆ་དང་དངོས་ཡོད་སྤྱི་ཚོགས་ཀྱི་འཕེལ་འགྱུར་ཁྲོད་ནས་འཚོལ་དགོས་པ་ཡིན་པས་ང་ཚོས་ཡང་བསྐྱར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ལམ་ལུགས་ལ་གསར་དུ་གདེང་འཇོག་མི་བྱེད་ག་མེད་ཡིན།

2 དེ་ཡང་སྤྱི་ལོ༨༤༡ལོར་ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་འུ་དུམ་བརྟན་བཀྲོངས་རྗེས་བཙན་པོའི་གདུང་རྒྱུད་ཀྱི་དབང་སྒྱུར་བྱེད་པའི་དུས་རབས་མཇུག་བསྒྲིལ་བ་ནས་སྤྱི་ལོ༡༢༣༡ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཡོན་ཤན་ཙུང་མོང་གོལ་ཧན་གྱིས་བོད་ས་གནས་ཡོངས་རྫོགས་མེས་རྒྱལ་དང་གཅིག་གྱུར་བྱས་པའི་བར་གྱི་ལོ་གྲངས་༣༩༠ཡོད་པ་དེ་ལ་ལོ་རྒྱུས་ཐོག་བོད་སིལ་བུའི་དུས་སྐབས་ཞེས་ཡོངས་སུ་གྲགས་ཤིང་། ཁྱིམ་ཚང་ཆེན་པོའི་ནང་བོད་དུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་གསར་བ་དེའང་སྐབས་དེའི་དུས་སུ་དར་བ་རེད། ༼འབྲོང་བུ་ཚེ་རིང་རྡོ་རྗེས་གཙོ་སྒྲིག་མཛད་པའི་ཆོས་ལུགས་དར་འཕེལ་བྱུང་བའི་ལོ་རྒྱུས་སྤྱི་དོན་གྱི་ཤོག་ངོས་༡༥༣་ན་གསལ༽ཅེས་གསུངས་པ་བཞིན་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་དུ་ཐོན་མིས་བོད་ཡིག་གསར་བཟོ་མཛད་དེ་སངས་རྒྱས་ཆོས་ལུགས་བོད་དུ་རྒྱ་ཆེར་དར་བ་དང་རྗེ་དེ་ཉིད་ཀྱིས་སངས་རྒྱས་ཆོས་ལ་མོས་གུས་ཚད་མེད་བྱས་ཤིང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་བཞེད་དང་མཐུན་པར་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་ཏེ་ཆབ་སྲིད་ཆོས་བཞིན་བསྐྱངས་པ་ནས་རྒྱལ་བོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པར་རྐྱེན་བྱས་ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་གླང་དར་བགྲོངས་ཤིང་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་བའི་སྔོན་གྱི་དུས་ཡུན་རིང་བོའི་ནང་དུ་ཆོས་ལུགས་དེ་ཉིད་ཆབ་སྲིད་ཀྱི་དཔུང་ཟླར་གྱུར་ཞིང་དབང་སྒྱུར་གྲལ་རིམ་གྱི་འགེབས་སྲུང་སྟོབས་ཤུགས་འོག་ཏུ་རྩ་བ་ཟུག་ཅིང་རྩེ་མོ་རྒྱས་པ་རེད་ལ། ཆོས་ལུགས་གྲུབ་མཐའི་འགལ་ཟླ་རིམ་པར་བྱུང་ཡང་ཆབ་སྲིད་རྒྱབ་རྟེན་འཕྲོག་རྩོད་ཀྱི་རྒྱལ་ཕམ་རྩད་དེ་རང་སྟོབས་རྒྱ་ཆེར་སྤེལ་བའི་འགྲན་རྩོད་ཀྱི་གོ་རིམ་ཁྲོད་དུ་སྐད་གཉིས་སྨྲ་བའི་དབང་བོ་དང་རིག་པའི་ཁྱུ་མཆོག་གང་མང་བྱུང་མྱོང་ཡོད་ཀྱང་དེ་དག་ནི་བཙན་པོའི་སྲིད་དབང་ལ་ཞབས་འདེགས་ཞུ་བ་གཙོར་གྱུར་བས་མི་སྒེར་གྱི་རྩོལ་བ་དང་རིག་གཞུང་བསམ་བློའི་མཛད་རྗེས་ཡོད་ཚད་ཀྱང་ཆབ་སྲིད་ཀྱི་ཀློང་དུ་བསྟིམས་ཡོད་པ་རེད། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་འདི་ནས་སངས་རྒྱས་ཆོས་ལུགས་རྒྱ་ཆེར་དར་ཐུབ་པ་དང་ཆོས་ལུགས་ཆེད་མཁས་གྲངས་མེད་བྱུང་བའང་མཐར་གཏུགས་ན་དེང་དུས་ཀྱི་རིག་གཞུང་ཞིབ་འཇུག་ཆེད་དམིགས་གྲོན་དངུལ་ལོངས་སུ་སྤྱོད་པའི་མཁས་ཆེན་རྣམས་དང་འདྲ་བར་ཆབ་སྲིད་ཀྱི་རྒྱབ་རྟེན་ཐོབ་པས་ཡིན་པ་སྨྲོས་མེད་ཡིན་པས་བོད་སྤྱི་ཚོགས་སུ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དུས་སྐབས་སུ་གྲགས་པའི་བོད་སིལ་བའི་སྐབས་དུག་ཏུའང་རང་ལ་ཆབ་སྲིད་ཀྱི་རྒྱབ་རྟེན་འཚོལ་བའི་གྲུབ་མཐའ་སྨྲ་བ་མང་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཕྱུར་བ་དང་རང་ལུགས་རང་ཕྱོགས་ཀྱི་འཚོ་བ་དང་འཕེལ་རྒྱས་ཀྱི་སླད་དུ་དབང་སྒྱུར་གྲལ་རིམ་གྱི་རྒྱབ་རོགས་བརྩོན་ལེན་བྱེད་པའི་ལོ་རྒྱུས་དངོས་དོན་གྱིས་ར་སྤྲོད་བྱས་པ་ནི་ཆོས་ལུགས་གང་ཞིག་ཡིན་རུང་རྒྱབ་རྟེན་བཅོལ་ཡུལ་ནི་དབང་སྒྱུར་གྲལ་རིམ་ཡིན་ལ་འཕེལ་རྒྱས་ཀྱི་གོམ་ཁ་དེའང་ཆབ་སྲིད་ཀྱིས་སྒྲོག་གིས་གཅུན་ཡོད་པ་དེ་རེད། བོད་བཙན་པོས་ཆབ་སྲིད་དགོས་དབང་གིས་ཕྱི་ཕྱོགས་ནས་ནང་འདྲེན་བྱས་པའི་ཆོས་ལུགས་དེ་ཉིད་བོད་སྤྱི་ཚོགས་ཀྱི་ཡུལ་དུས་དགོས་དབང་དང་བསྟུན་ནས་འཕོ་འགྱུར་བྱུང་ཞིང་རང་མི་རིགས་ཀྱི་རིག་གནས་སེམས་ཁམས་མངོན་པར་མཚོན་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་རིམ་གྱིས་གྲུབ།

ཉིད་ཀྱིས་གླེང་བར་འདོད་པའི་སྤྲུལ་སྐུ་ལམ་ལུགས་ཞེས་ཡང་སྲིད་ངོས་འཛིན་གྱི་སྲོལ་ལུགས་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་སྟེ་ཆོས་ལུགས་གྲུབ་མཐའ་སྨྲ་བ་སོ་སོས་རང་ལུགས་འཛིན་སྐྱོང་སྤེལ་གསུམ་དང་ཆོས་ལུགས་གྲུབ་མཐའི་དབང་སྒྱུར་བའི་ས་གནས་ཡུལ་གྲུའི་སྤྱི་ཚོགས་འཚོ་བར་ཆབ་སྲིད་ཀྱི་རྒྱབ་རྟེན་འཚོལ་བའི་ཞི་འཇམ་གྱི་འཁྲུག་རྩོད་ཅིག་ཡིན་པ་དང་། ལུགས་སྲོལ་དེ་ནི་ཐོག་མར་སྤྱི་ལོའི་དུས་རབས་བཅུ་གསུམ་པར་རང་ཡུལ་ནས་མཆེད་པའི་གྲུབ་མཐའ་སྨྲ་བ་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་ཀརྨ་བཀའ་བརྒྱུད་ཀྱི་སྐྱེས་ཆེན་དམ་པ་ཀརྨ་པཀྴི་ཉིད་ཀརྨ་དུས་གསུམ་མཁྱེན་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་བྱས་པ་ནས་བཟུང་གསར་དུ་དར་བ་ཞིག་ཡིན་པར་ལོ་རྒྱུས་སྨྲ་བ་ཀུན་དགོངས་བཞེད་གཅིག་ཏུ་མཐུན་པ་ཡིན་ན་ཡང་སྲིད་ངོས་འཛིན་གྱི་དམིགས་ཡུལ་ཡང་གཅིག་ནས་གྲུབ་མཐའི་རང་ལུགས་རྒྱུན་འཛིན་དར་སྤེལ་དང་དཔལ་འབྱོར་འཚོ་བའི་མཐུན་རྐྱེན་གྱི་གྲོགས་སུ་ཆབ་སྲིད་ཀྱི་རྒྱབ་རྟེན་བརྩོན་ལེན་བྱེད་པ་དང་། གཉིས་ནས་དབང་སྒྱུར་གྲལ་རིམ་གྱི་སྲིད་སྐྱོང་དགོས་མཁོ་དང་མཐུན་ཞིང་ཡང་སྲིད་དེ་ཉིད་ས་གནས་དབང་སྒྱུར་གྱི་ལག་ཆར་སྨན་པས་ཕན་ཚུན་ཟླ་གྲོགས་སུ་གྱུར་ཏེ་སྤྲུལ་སྐུའི་ལམ་ལུགས་བྱུང་བ་དང་། དབང་སྒྱུར་གྲལ་རིམ་གྱིས་ཡང་སྲིད་དེ་ཉིད་ལ་ཐམ་དང་ཆོ་ལོ་བསྩལ་བས་སྤྲུལ་སྐུའི་ཁྱད་དབང་དམིགས་སུ་ཐོན་ཞིང་གྲུབ་མཐའ་ཆེ་ཆུང་ཚང་མས་དེར་བརྟེན་གྱི་ལམ་ལུགས་དང་དུ་བླངས་ནས་ཡང་སྲིད་ངོས་འཛིན་ལམ་ལུགས་གཏན་འཇགས་རྒྱུན་ཆགས་སུ་སོང་བ་རེད།

3 བོད་སྤྱི་ཚོགས་ཧྲིལ་བོ་ཆོས་ལུགས་ཀྱིས་ཁ་ལོ་བསྒྱུར་བའི་སྐབས་དག་ཏུ་༼བཅིངས་འགྲོལ་མ་བཏང་ཡར་སྔོན༽ནང་བསྟན་ཆོས་ལུགས་ཀྱི་གཞུང་དང་འབྲེལ་བའི་རིག་སྒོ་མཐའ་དག་གིས་སྤྱི་ཚོགས་འཚོ་བར་སྣེ་ཤན་དང་ལེགས་ཉེས་དགེ་སྡུག་གི་ཚད་མཇལ་ཏེ་ཆོས་ལུགས་སློབ་གཉེར་གྱི་སྡེ༼དགོན་པ༽རིམ་པར་བཙུགས་ཤིང་དེས་ཆོས་སྲིད་གཉིས་ཀྱི་ལས་དོན་ལ་ཕན་ནུས་བླ་ལྷག་ཐོན་ཡོད་པ་དང་། བོད་ཀྱི་སློབ་གསོའི་ལྟེ་གནས་སུ་གྱུར་བའི་དགོན་སྡེའི་སློབ་གསོའི་མ་ལག་ཆ་ཚང་གྲུབ་པ་དེས་ནང་བསྟན་རིག་གཞུང་སྲོག་ཤིང་དུ་གྱུར་བའི་བོད་པ་བྱིངས་ཀྱི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་རིན་ཐང་ལ་ཁ་ལོ་སྒྱུར་ཏེ་འགྲོ་འདུག་སྤྱོད་གསུམ་ཀུན་གྱི་ཕྱི་མོ་ཆོས་ལུགས་ཀྱི་དགོངས་དོན་དང་མཐུན་ཞིང་སྲིད་ཁྲིམས་ཀྱི་ལུགས་དང་ཡང་མི་འགལ་བའི་འཚོ་སྡོད་འདུ་ཤེས་བསྐྱེད་བསྲིངས་བྱས་པ་མ་ཟད་སྤྲུལ་སྐུ་ལམ་ལུགས་རྒྱུན་འཛིན་ལའང་ཁོར་ཡུག་གི་མཐུན་རྐྱེན་གང་ལེགས་བསྐྲུན་པ་རེད།
ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། 1.རང་ལུགས་འཛིན་པའི་གྲུབ་མཐའ་གང་དེའི་རིག་པའི་གཞུང་ལུགས་ལ་ཀློང་བརྡོལ་ཞིང་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་བླ་ན་མཐོ་བའི་སྐྱེས་བུ་ཞིག་ཡིན་དགོས་པ་དང་། 2.ས་གནས་ཀྱི་ཆེས་མཐོའི་དབང་སྒྱུར་གྲལ་རིམ་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ལྡན་ལ་གོང་རིམ་གྱི་ཆོག་མཆན་བརྒྱུད་དགོས་པ། 3.རང་ལ་གཏན་ཆགས་ཀྱི་ཆོས་ལུགས་རྟེན་གཞི་༼དགོན་པ༽ཡོད་དགོས་པའི་ཁར་ཉེ་འཁོར་གྱི་དད་ལྡན་མང་ཚོགས་ལ་གོ་བསྐོན་བློ་འགུག་གི་ཡོན་ཏན་དང་ལྡན་པ། 4.སྐུ་གོང་མའི་ཆོས་སྲིད་གཉིས་ཀྱི་བདག་དབང་རྒྱུན་འཛིན་དང་མཛད་འཕྲིན་རྒྱུན་སྐྱོང་གི་ཐོབ་ཐང་ཡོད་པ། 5.པྲ་འབེབས་པ་དང་ཆོས་སྐྱོང་གི་བཀའ་ལུང་ཞུ་བ། མཚོ་གཟིགས་གནང་པ། གསེར་བུམ་དཀྲུགས་པ། སྐུ་གོང་མའི་སྐུ་ཆས་ངོས་འཛིན་བྱེད་ནུས་པ་ལ་སོགས་པའི་ཆོས་ལུགས་ཆོ་ག་དང་འབྲལ་བའི་ཡང་སྲིད་ངོས་འཛིན་བྱེད་པའི་ཐབས་ལམ་ཤུགས་ཆེར་དར་བས་སྤྲུལ་བའི་སྐུ་ལ་དམིགས་བསལ་གྱི་ཁྱད་དབང་གང་མང་སྤྲད་པ་དང་གྲུབ་མཐའ་ཆེ་ཆུང་གི་སྤྲུལ་སྐུའི་གྲངས་འབོར་ཇེ་མང་དུ་གྱུར་ནས་སྤྱི་ཚོགས་ཀྱི་གནས་བབས་ཀྱང་ཇེ་མཐོར་ཕྱིན་པ་རེད། དེ་ལས་ཀྱང་སྲིད་སྐྱོང་གོང་མའི་ཐམ་དང་ཆོ་ལོ་བསྩལ་བ་དང་སྐུ་གོང་མའི་ཆོས་སྲིད་གཉིས་ཀྱི་༼ནོར་དང་གོ་ཐོབ༽བདག་དབང་རྒྱུན་འཛིན་བྱས་པ་ནི་དབང་སྒྱུར་གྲལ་རིམ་གྱི་བཀས་བཀོད་རྒྱུན་འཛིན་ཆབ་སྲིད་ལམ་ལུགས་ཀྱིས་ཆོས་ལུགས་རྒྱུན་འཛིན་ལ་ཤན་ཞུགས་པ་དང་ཚད་ངེས་ཅན་ཞིག་གི་སྟེང་ནས་སྤྲུལ་སྐུས་ཆོས་ལུགས་སྒེར་སྡོམ་གྱི་རྣམ་པ་བྱུང་བ༼སྤྲུལ་བའི་སྐུ་རུ་ཐུགས་ཐག་མ་བཅད་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་དང་རིག་པའི་གནས་ལ་ནང་བྱན་ཆུད་པའི་མཁས་བའི་དབང་བོ་གང་མང་གི་དགོངས་བཞེད་དང་མཛད་རྗེས་ལོ་རྒྱུས་ཀྱི་གླེགས་བམ་ངོས་སུ་མིང་ཙམ་འགོད་རྒྱུ་ལས་དེ་ལ་རྟོགས་གཞིགས་ཀྱི་སྲོལ་མེད་པར་རང་ལུགས་སྒྲུབ་བྱེད་ཀྱི་དཔེ་ལུང་ཙམ་དུ་འཛིན་པ་དང་། དགོན་སྡེ་གྲ་ཚང་སོ་སོས་སློབ་གཉེར་གྱི་ཡིག་ཆ་གཏན་འཁེལ་བྱས་ནས་རང་ལུགས་ཁོ་ན་འཛིན་པའོ༽དང་ཆོས་ལུགས་རུལ་སུངས་ཀྱི་ཐོག་མའི་རྨང་བཏིངས་པར་བཤད་ཀྱང་མི་འོས་པ་མེད་པར་འདོད།

4 བཅིངས་འགྲོལ་བྱས་པའི་རྗེས་སུ་རྒྱལ་དམངས་སློབ་གསོས་དགོན་པའི་སློབ་གསོ་ལམ་ལུགས་ལ་ཕོག་ཐུག་བཏང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱལ་གཉེར་སློབ་གྲ་བཙུགས་སྟེ་རིག་གནས་གསར་བ་ནང་འདྲེན་དང་དམངས་ཡོངས་ཀྱི་རིག་གནས་བྱང་ཚད་ཇེ་མཐོར་བཏེགས་པ། ནང་བསྟན་རིག་གཞུང་གི་བསམ་བློའི་ཁ་གཏད་དུ་ལངས་པའི་དངོས་གཙོ་སྨྲ་བའི་རིག་པའི་གཞུང་ལུགས་མཛུབ་སྟོན་དུ་བཟུང་བའི་རྒྱལ་སྐྱོང་གི་ཐབས་ཇུས་དངོས་འབེབས་བྱས་ཤིང་ཆབ་སྲིད་ལམ་ལུགས་དམངས་གཙོ་ཅན་དུ་གྱུར་བ་སོགས་ཕྱི་ནང་གི་རྐྱེན་དབང་དུ་མས་དགོན་པའི་སློབ་གསོ་དེ་ཉིད་ཆོས་ལུགས་ཆེད་གཉེར་གྱི་སྡེ་རུ་གྱུར་བ་དང་ཡུན་གྱིས་སྤྱི་ཚོགས་འཚོ་བ་དང་རིང་དུ་གྱེས་པའི་ལམ་དུ་ཕྱོགས་པ་རེད།
མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལས་དོན་ལ་དམིགས་པའི་ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པའི་ཆོས་སྲིད་ཟུང་འབྲེལ་གྱི་མདུད་རྒྱ་བཀྲོལ་བ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་ཉིད་ཀྱང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་མ་ལག་ཅིག་ཏུ་གྱུར་བ་དང་དངོས་ཤུགས་གང་རུང་ནས་སྤྱི་ཚོགས་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་གཙོ་བྱས་ཆབ་སྲིད་བརྟན་བརླིང་དང་མིའི་རིགས་ཀྱི་འཚོ་རྟེན་གནད་དོན་ལ་ཕན་ནུས་ཐོན་དང་འདོན་བཞིན་ཡོད་པ་བསྙོན་དུ་མེད་ཀྱང་། སྤྲུལ་སྐུའི་ལམ་ལུགས་སྔར་མུས་བཞིན་རྒྱུན་འབྱམས་སུ་གནས་པ་འདིས་ཡང་སྙིང་ཅི་ཞིག་མཚོན་གྱིན་ཡོད་པའི་སྐོར་ལ་ཆོས་སྲིད་གཉིས་ཀྱི་ཐད་ནས་དབྱེ་ཞིབ་བྱེད་དགོས་པས་སླད་མར་དཔྱད་བརྗོད་ཡོད་པར་ཞུ།

ད་ནི་ཡལ་ཀ་བསྐྱུར་ཏེ་རྩ་བར་འཇུས་ན། དུས་རབས་ཉེར་གཅིག་པ་ནི་འཕྲིན་གསར་གྱི་དུས་རབས་ཤིག་དང་རིག་སྟོབས་དཔལ་འབྱོར་གྱི་དུས་རབས་ཤིག གོ་ལ་ཟླུམ་པོའི་ཕྱི་ཕྱོགས་བརྗེ་རེས་ཀྱི་སྒོ་འཕེར་ཡངས་པོར་ཕྱེས་པའི་དུས་རབས་ཤིག་ཡིན་པས་དཔལ་འབྱོར་འཛུགས་བསྐྲུན་དཀྱིལ་སྙིང་དུ་བཟུང་བའི་རྒྱལ་ཁབ་འདིའི་སྟོབས་འབྱོར་མངའ་ཐང་དབྱར་མཚོ་བཞིན་རྒྱས་པའི་སྐབས་གླགས་དང་བསྟུན་ཆོས་ལུགས་ཁྲོམ་རར་འཁྱམས་ཤིང་ནང་བསྟན་ཆོས་ལུགས་ཀྱི་ཚབ་མཚོན་དུ་གྱུར་བའི་སྤྲུལ་སྐུ་དང་མཁན་པོ་མང་བོ་དཔལ་འབྱོར་ཡོང་སྒོ་འཚོལ་བའི་ལས་ལ་བྲེལ་བ་ནི་མི་ལོ་སྟོང་ཕྲག་དུ་མ་བརྒྱུད་པའི་ནང་བསྟན་ཆོས་ལུགས་འདི་ཉིད་རུལ་སུངས་སུ་འགྱུར་བཞིན་པའི་དན་རྟགས་རྣལ་མ་མ་ཡིན་ནམ། དེ་ལྟ་ན། ང་ཚོས་དུས་རབས་གསར་བའི་འགྲོས་དང་བསྟུན་ནས་མེས་པོའི་རིག་གཞུང་ལ་བབས་དང་མཐུན་པའི་ལྷན་པ་རྒྱག་པ་ལས་དངོས་ཡོད་འཚོ་བའི་ཞུན་བརྡར་ཁྲོད་ནས་བདེན་ཐུབ་ཀྱི་བསྒྱུར་བཅོས་ཐེངས་ཤིག་བྱེད་རན་ཏེ། དེ་ཡང་སྤྲུལ་སྐུའི་ཁྱད་དབང་ལ་ཚོད་འཛིན་དང་ཡང་སྲིད་ངོས་འཛིན་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། བོད་པའི་མི་གཤིས་ཀྱི་གཉོམ་སོ་སྟེ་དད་པའི་འདུ་ཤེས་ཆིངས་གྲོལ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་དེང་གི་སྐུ་ལོ་འཆལ་བོ་འགའི་ངན་མཚང་བརྟོལ་བའི་ཀ་རྩོམ་ལུགས་ལྡོག་མ་འདིས་དཔྱད་བརྗོད་ཀྱི་མཇུག་བསྡུ་བར་བྱའོ།

༁་ལགས་ཚང་གི་མཛད་པ་ཧ་ཅང་ཐལ་དྲག་ཀྱང་།།
ས་ཐོབ་སེམས་དཔའི་སྤྲུལ་བ་ཤ་སྟག་ཡིན་ནོ་ཞེས།།
ལ་ཐོད་དབུ་ལ་བཀུར་ཞིང་ར་རོ་ཡོངས་བྲལ་བས།།
ཡ་རབས་ཚུལ་དང་ལྡན་པའི་འ་ཅག་སྐྱེས་བུ་ཚོའི།།
ཟ་འཐུང་ཡན་གྱི་སྤྱོད་ལམ་ཞ་དཔེ་ལྷམ་འགེབས་བཞིན།།
ཝ་ལེར་བརྟག་ན་སྐུ་ལོས་ཛ་ཡའི་གསུང་རབ་བརྗེད།།
ཚ་འུར་གྲོང་ཁྱེར་དབུས་ན་ཙ་རིའི་བདེ་སྡུག་གླེང་།།
མ་དངུལ་མ་རྩ་མོད་པོ་བ་མོའི་འོ་བཞོས་ལྟར།།
ཕ་རོལ་རིགས་མི་མཐུན་ལས་པ་ཕའི་མཛོད་དུ་ལྟེམས།།
ན་ནིང་སྨད་དུ་འཁྱམས་ཤིང་ད་ལོར་ཕྱི་རྒྱལ་འགྲིམས།།
ཐ་ན་ཉེ་དུའི་རྒྱུ་ཡང་ཏ་ལེན་བརྒྱ་ཕྲག་ཙམ།།
ཉ་ཤ་ལ་སོགས་བཞེས་པ་ཇ་ཁུ་མངར་ཅན་བསྟེན།།
ཆ་མེད་རྒྱུས་མེད་གྲོང་ནས་ཅ་ཅོའི་འདུ་འཛིར་རོལ།།
ང་ཚོའི་རེ་བའི་མར་མེ་ག་ལེར་གཟིམ་ལ་ཉེ།།
ཁ་མིན་སེམས་ཀྱིས་དཔྱོད་ཅིག་ཀ་ཡེ་གངས་རིའི་རྒྱུད།།

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

qrcode_for_gh_24a680a08df5_430(1)

 

བསྟོད།5

དཔྱད་མཆན:

དཔྱད་མཆན 3 ཡོད། སྐུ་མགྲོན: 3 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. གངས་རྡེའུ།
    གངས་རྡེའུ།སྤེལ་དུས་ནི།  

    ཧམ་པ་ཆེན་པོ་ལངས་ནས་བཀླགས་ཀྱང་མཇུག་ལ་སླེབས་དུས་དབུགས་རིང་ཞིག་བཏབ་ནས་ལམ་སའི་ནང་ལོག་པ་ཡིན། དེ་ནི་རྗོད་བྱའི་དོན་འབྲས་ནམ་མཁའི་མེ་ཏོག་དང་། རི་བོང་གི་རྭ་ལས་ཅི་ཡང་རེད་མི་འདུག་པས་སོ།

  2. བསོད་ནམས་ཚེ་རིང་།
    བསོད་ནམས་ཚེ་རིང་།སྤེལ་དུས་ནི།  

    ཡིག་ནོར་འགའ་རེ་ཡོད་གི

  3. དྲ་འབུ་མིག་ཤེལ་ཅན
    དྲ་འབུ་མིག་ཤེལ་ཅནསྤེལ་དུས་ནི།  

    མགོ་ལ་བལྟས་ན་མགོ་ན་གི ཞབས་ལ་འགྲོ་དོན་མི་འདུག་གོ

དཔྱད་མཆན་སྤེལ།