ན་གཞོན་སྐར་ཆེན་འདྲ་བ་ཁོང་ཡང་དེ་ལྟར་ཆས་སོང་ངམ།

f15efda4b8d2f22c8de9539f82ab8289ཉི་གཞོན།

ཚུར་སྣང་ཕྱི་རོལ་འདི་ལ་འཇུག་ཤེས་བསྡད་ཀྱིན་འཐོམས་ཤིང་ཐ་ན་མདུན་ཐད་ཀྱི་དངོས་པོའི་དབྱིབས་ལུགས་ཕལ་ཆེར་ལོག་པར་མཐོང་བ་འདི་ཡུལ་ཅན་རང་ཉིད་ཀྱི་ལུས་སེམས་བསྡད་ཀྱིན་རྨུགས་པ་དང་ལེ་ལོར་བྱིངས་པས་ཨེ་ཡིན་སུ་ལ་ འདྲི།

ལོ་འདི་འགར་བསྡད་ཀྱིན་ཕྱི་རོལ་ལ་འབྲེལ་ཐག་གཏན་ཆད་ཀྱི་ཉེན་ལ་ཐུག་ཅིང་། གཅིག་པུ་ཧྲེང་ཧྲེང་དུ་བྲང་གིས་མགོ་བོ་འཐེན་ཞིང་རྡོག་སྣེས་མིག་ཟུང་ཁྲིད་དེ་འགྲོ་འདུག་ལ་བསྡད་ཀྱིན་ངེས་གཏད་ཤོར་ཏེ་དངོས་གནས་ཤིང་གཟུགས་སུ་འཁུམས་པའི་རང་བཞིན་འདི་རྒྱུས་ཡོད་སུས་མཐོང་མཚར་མཚར་དུ་མི་འཛིན་ཅི་ལ་སྲིད།

དེ་བས་ཕྱི་རོལ་ཏུ་བྱུང་ཟིན་པའི་དོན་དག་ཕྲ་རགས་རང་ཉིད་ཀྱི་རྣ་བར་སོན་པའི་གནས་སྐབས་ནི་གཞན་ལས་ཉིན་གྲངས་ཟླ་གྲངས་ཀྱིས་རྗེས་སུ་ཡིན་ཏེ། ན་གཞོན་སྐར་ཆེན་འདྲ་བ་ཁོང་འཇིག་རྟེན་འདི་དང་གྱེས་པའི་གཏམ་ངན་དེ་ཡང་མདངས་དགོང་ཐོས།

ཐོས་ནས་ཀྱང་དབང་མེད་དུ་དབུགས་རིང་ནར་ནར་ཤོར། དབང་མེད་དུ་མིག་ཟུང་བརླན་པར་གྱུར། དབང་མེད་དུ་མགྲིན་པ་རྣང་བར་གྱུར། ལུས་པོ་ལྗིད་ཀྱིས་ས་ལ་བསྡད་དེ“ཨ་ཤི་རེ་ཁོ།”ཞེས་དབང་མེད་དུ་ངག་ལས་ཐལ། “ཨ་ཤི་རེ་ཁོ།”ཞེས་པའི་སྐད་འདི་ཚད་ལྡན་གྱི་ཡི་གེར་ཇི་ལྟར་འགོད་དགོས་མི་ཤེས་ཀྱང་། སྐད་ཆ་འདིའི་ལྕི་སྙིང་ནི་གནས་སྐབས་དེའི་རང་ཉིད་མ་གཏོགས་སུ་ཡིས་གོ

རང་ཉིད་ན་གཞོན་སྐར་ཆེན་འདྲ་བ་ཁོང་ལ་ཆ་རྒྱུས་ཆེན་པོ་མེད་དེ་སྔོན་ཆད་ཐེངས་གཉིས་ཙམ་ལ་གྲོགས་མང་པོ་དང་ལྷན་དུ་བསྡད་དེ་ཁ་བརྡ་ཉུང་ཙམ་བྱས་མྱོང་བ་ཙམ་ཡིན། དུས་ལྟའང་མིག་ལམ་དུ་ལྷང་ལྷང་འཆར་བ་ནི་ཁོང་གི་འཛུམ་མདངས་དེ་དང་གསལ་དག་མཛེས་པའི་གསུང་སྐད་དེ་ཡིན་འདུག

“ཨ་ཤི་རེ་ཁོ།”ན་གཞོན་སྐར་ཆེན་འདྲ་བ་ཁོང་ཡང་དེ་ལྟར་ཆས་སོང་ངམ།

མ་གཞི་ནས་ཞུམ་ལ་ཁད་པའི་སེམས་པ་འདི་ཁྱོན་ནས་བརྡིབ་འགྱུར་ལ་བསྡད་ཀྱིན་འཇིགས་སྐྲག་ཆེ། ཁོང་འདྲའི་སྐར་ཆེན་རེ་རེ་དང་རེ་རེ་དེ་ལྟར་ནུབ་པར་གྱུར་པའི་གཏམ་དག་ཐོས་པར་སེམས་ལྡན་སུ་ཞིག་གིས་གཟོད་པར་ནུས།

ཁོང་དག་ལ་དཔའ་བོར་བསྟོད་དམ། ཅིས་མི་ཆོག ཡིན་ནའང་། ཁོང་དག་ནི་གསོན་ཐོག་ཏུ་མི་ཚོགས་ཁྲོད་སྐྱིད་ལ་དགོད་ཅིང་བཞུགས་དུས་ཐོད་ལ་དཔའ་ བོ་ཞེས་བྲིས་ཡོད་པ་མ་ཡིན་ཏེ། ང་ཚོ་སྐྱེ་བོ་ཕལ་བ་དག་དང་ཁྱད་པར་གང་ཡང་མེད་ལས་ཆེ། ཁོང་དག་འདུས་པའི་ང་ཚོ་ཐམས་ཅད་གནས་ལུགས་ཟློག་མཁན་ལ་སྐྲག ཆོས་ཉིད་ལ་སྙོན་མཁན་ཚོར་འཇིགས། ཚེ་སྲོག་རྡོག་རྫི་གཏོང་མཁན་ཚོར་ཞེད། འོན་ཀྱང་། རང་ཉིད་ནི་སྐྲག་དང་འཇིགས་དང་ཞེད་པའི་གནས་སྐབས་དེ་རུ་ཙོག་པུར་སྡོད། ཁོང་དག་ནི་ཇི་སྐད་དེ“བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་དུ་སྦྱིན”པའི་རྟུལ་ཞུགས་བླངས་པའོ། ། རང་ཉིད་དང་དཔའ་བོ་དག་གི་ཁྱད་པར་ནི་དེ་རུ་འདུག་ཅེས་བཤད་ན་ཅི་འདྲ།

དཔའ་བོའི་བྱུང་བ་མང་བའི་དུས་རབས་ནི་བསྐལ་ངན་ཤ་སྟག་སྟེ། རྒྱུ་འབྲས་ཆོས་ཉིད་ལས་ལོག་པར་སྤྱོད་པས་ས་སྟེང་ཁྱབ་པའི་ལོ་རབས་ནང་དུ་དཔའ་བོ་མང་དུ་འབྱུང་བ་རེད། ལོག་པར་འཚོ་ཞིང་སྤྱོད་པ་དག་གིས་གནམ་སའི་བར་ཡང་དོག་དོག་ཏུ་བྱས་པའི་བསྐལ་བ་ངན་པའི་ནང་དུ་ཁོང་དག་ངང་ངམ་ཤུགས་ཀྱིས་དཔའ་བོ་ཞེས་པའི་བྲག་གཡང་དུ་བརྫངས་པ་རེད། འདི་ལྟར་བཤད་པས་ཁོང་དག་ལ་མ་གུས་པ་ནི་མ་ཡིན་ཏེ། བཤད་འདོད་པ་ནི་ཁོང་དག་གིས་རང་ཉིད་ཀྱི་རིན་བྲལ་ཚེ་སྲོག་དམར་པོ་ཅི་མི་སྙམ་པར་དོར་བ་ནི་གཏན་ནས་མ་ཡིན་པར་དེ་འཕྲོག་མཁན་གྱི་གཤེད་མ་ཞིག་ཡོད་དེ། དེ་ནི་འཇིག་རྟེན་གྱི་སྐྱེ་འགྲོ་ཐམས་ཅད་རང་གི་ཁ་ཟས་སུ་བརྩི་ཞིང་། རྒྱལ་ན་རྒྱལ་པོ་དང་ཕམ་ན་བྲན་གཡོག་གི་ལྟ་གྲུབ་འཆང་བའི་གཟུགས་ཅན་གཟུགས་མེད་དག་ཡིན་པ་རེད་ཅེས་པའོ།།

ད་ནི་མང་པོ་བཤད་པས་ཅི་འོང་།

“ཨ་ཤི་རེ་ཁོ།”ན་གཞོན་སྐར་ཆེན་འདྲ་བ་ཁོང་ཡང་དེ་ལྟར་ཆས་སོང་ངམ།

ནམ་རྒྱུན་སྨྲ་བ་ཉུང་བའི་རང་ཉིད་ནི་ལུས་སེམས་འདུག་བདེ་མ་གཟོད་པས་དེ་རིང་ཞོགས་པར་སྐད་ཆ་འདི་ཙམ་འབྲི་དགོས་བྱུང་སོང་། ན་གཞོན་ཁོང་གསོན་ཐོག་གི་མི་གཤིས་དང་བརྩམས་ཆོས། ལྷག་ཏུ་ཁོང་རྐྱེན་དུ་ཤོར་བའི་རྒྱུ་འབྲས་རྐྱེན་གསུམ་དང་དོན་སྙིང་སོགས་ནི་གཞན་པ་དག་གིས་མང་པོ་བྲིས་ཡོད་ལས་ཆེ་ན་རང་ཉིད་ཀྱིས་ནི་སེམས་ཚོར་འདི་ཙམ་ལས་མ་ཤོད།

 

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

qrcode_for_gh_24a680a08df5_430

བསྟོད།3

དཔྱད་མཆན་སྤེལ།