སློབ་ཆུང་འགྲིམ་མཁན་གྱི་སློབ་བུ་རྣམས་ལ་བྲིས་པ་བློ་དཀར་ཁ་ཏ་ཆིག་བརྒྱ་བ། (བྱིས་རྩོམ།)

སློབ་ཆུང་འགྲིམ་མཁན་གྱི་སློབ་བུ་རྣམས་ལ་བྲིས་པ་བློ་དཀར་ཁ་ཏ་ཆིག་བརྒྱ་བ།

--- གཞི་རིམ་པ།

ལེའུ་དང་པོ།

1
ཞོགས་པར་ལངས་པའི་རྗེས།། ཁ་ལག་གཙང་མར་བཀྲུ།
སློབ་ལྭ་ཡག་པོར་གྱོན།། དཔེ་ཁུག་ཁུར་ནས་འགྲོ།
2
དཔེ་ཆ་སྨྱུ་གུ་དང་།། འབྲི་དེབ་སྦྱོང་དེབ་སོགས།།
སློབ་སྦྱོང་ཡོ་བྱད་རྣམས།། གཏན་ནས་བརྗེད་མི་བྱ།།

3
སློབ་གྲྭར་འགྲོ་བའི་དུས།། རྒྱ་ལམ་འགྲམ་ནས་སོང་།།
ལམ་དཀྱིལ་རྩེད་འཇོ་ཡིས།། རང་ལ་ཉེན་ཁ་ཡོང་།།

4
ལམ་འགྲམ་གློག་བརྡ་ལ།། ཏན་ཏན་བལྟས་ནས་འགྲོ།
དམར་ནི་སྡོད་པ་དང་།། ལྗང་ནི་འགྲོ་བའི་བརྡ།།

5
སློབ་གྲྭར་ཐོན་སོང་ན།། རྒན་ལ་གུས་པ་བྱ།།
གྲོགས་ལ་མཐུན་སྒྲིལ་བྱོས།། སློབ་ཁྲིད་ནན་གྱིས་ཉོན།།

6
བློ་འཛིན་སྐྱོར་སྦྱོང་སྐབས།། ཁ་ལྕེ་དག་པོས་བཀླག།
འབྲི་རྩལ་སྦྱོང་བའི་སྐབས།། འདུག་སྟངས་ལེགས་པར་བྱ།།
7
ལས་བྱ་འབྲི་བའི་དུས།། རྐུན་འབྲི་གཏན་མི་བྱ།།
བསམ་བློ་གཏོང་བའི་བུ།། ཨ་ཕའི་བུ་རྒོད་ཡིན།།

8
ངལ་རྩོལ་གཙང་སྦྲ་སྐབས།། ཡ་ཡོག་ལས་མི་ཉན།།
ལས་ཀར་དགའ་བའི་མི།། ཨ་མའི་འདང་ཆེན་ཡིན།།
9
མི་ཤེས་རྒན་ལ་དྲིས།། གྲོགས་ལ་རོགས་པ་བྱ།།
ཁ་མིང་སྣ་མིང་སོགས།། གྲོགས་ལ་འདོགས་མི་འོས།།
10
འདུག་གྲོགས་སྐྱོ་བའི་སྐབས།། སེམས་གསོ་གང་ལེགས་བྱོས།།
གཞོག་གྲི་འགྱིག་གསུབ་སོགས།། སེར་སྣ་མེད་པར་གཡོར།།
11
གྲོགས་དང་རྩེ་བའི་དུས།། རྩེད་ཆས་ངན་པ་སྤོངས།།
གཞན་ལ་གནོད་གྱུར་ན།། རང་ཡང་བདེ་མི་འགྱུར།།

12
ཅོག་ཙེ་རྐུབ་སྟེགས་དང་།། སྒོ་དང་དྲ་མ་སོགས།།
བཅོམ་གཅོག་བྱེད་པ་དེ།། མ་རབས་བྱིས་པའི་ལས།།
13
རྒན་གྱིས་གཤེ་བའི་དུས།། སེམས་ཁམས་ཕམ་མི་ཉན།།
རང་ཉིད་འཆུག་པའི་སྐབས།། སྐྱོན་བརྗོད་དང་དུ་ལེན།།
14
རྒན་གཞོན་སུ་ལ་ཡང་།། ལྐོག་ནས་སྐྱོན་མི་བརྗོད།།
རྒྱུ་མཚན་ལྡན་པའི་སྐབས།། གུས་པའི་ངག་གིས་ཞུ།།

15
བླ་བཙག་འཕྱི་རྡུང་དང་།། ལེ་ལོ་གཡོ་སྒྱུའི་གཤིས།།
ཆུང་དུས་མ་བཅོས་ན།། ནག་པོ་དུག་དང་འདྲ།།

16
སྦྱངས་འབྲས་བཟང་བའི་སྐབས།། ང་རྒྱལ་འདོར་བར་བྱ།།
རང་མཐོ་ཆེ་གྱུར་ན།། གཞན་ལ་དམའ་འབེབས་ཡོང་།།

17
རྩེད་འཇོར་རོལ་བ་དང་།། སློབ་སྦྱོང་བྱེད་པ་ལ།།
གང་ལ་གང་འཚམ་གྱིས།། དུས་ཚོད་བཀོད་སྒྲིག་བྱ།།

18
ཟས་དང་ཟ་མ་ལ།། ཆུད་ཟོས་མེད་པར་བྱ།།
གྲོན་ཆུང་ཤེས་པའི་མི།། འཇིག་རྟེན་ཀུན་གྱི་རྒྱན།།

19
ཞོར་ཟས་དུག་ཅན་རྣམས།། ཀུན་ནས་སྤང་བར་བྱ།།
ལུས་པོ་ན་གྱུར་ཚེ།། སེམས་ཀྱང་བདེ་མི་འགྱུར།།

20
སློབ་གསེང་རྩལ་སྦྱོང་སྐབས།། ལུས་རྩལ་ཡག་པོ་སྦྱང་།།
ལུས་པོ་བདེ་གྱུར་ན།། ད་གཟོད་སློབ་སྦྱོང་ཡོང་།།

21
ཉིན་གོང་ཡོང་བའི་སྐབས།། གྲོགས་ལ་བདེ་མོ་འཇོག།
ལས་བྱ་གང་ཡིན་སོགས།། རྒན་གྱི་ངག་ལ་ཉོན།།

22
དོན་མེད་སྒོར་མོ་ཡིས།། ཉ་ཉོག་ཉོ་བ་མཚང་།།
ཕ་མའི་དཀའ་སྡུག་ལ།། བསམ་ཤེས་བྱས་ན་ཡག།

23
ལམ་འགྲམ་སྤྲང་བོ་ལ།། སྒོར་ཟུར་རེ་གཉིས་བྱིན།།
སེམས་བཟང་སྙིང་རྗེའི་གཤིས།། ཆུང་ནས་གོམས་པར་བྱ།།

24
ཆ་མེད་རྒྱུས་མེད་ཀྱི།། མི་ལ་གཟབ་པ་གལ།།
ཁ་ཡག་ཁོག་རྩོག་འགས།། མགོ་སྐོར་གཏོང་བ་ཡོད།།

25
དུས་རྒྱུན་ཁོམ་པའི་སྐབས།། ཁྱིམ་ལས་ལས་པ་གཅེས།།
ལྭ་བ་འཁྲུད་པ་སོགས།། མ་ལ་རོགས་རམ་བྱ།།

26
སེན་མོ་གཅོད་པ་དང་།། མགོ་སྐྲ་བཞར་བ་སོགས།།
ལུས་ཀྱི་གཙང་སྦྲ་ལ།། ནམ་ཡང་ནན་ཏན་མཛོད།།

27
ཕ་མ་ཕུ་ནུ་ལ།། གནའ་གཏམ་བཤད་རེས་བྱོས།།
གེ་སར་སྒྲུང་དཔེ་སོགས།། རིས་དང་སྦྱར་ནས་བལྟ།།

28
སྒྲ་སྡུད་འཕྲུལ་ཆས་ལ།། དུས་རྒྱུན་མཉན་པ་གལ།།
བོད་སྐད་ཤེས་གྱུར་ན།། བོད་ཡིག་ཧ་ཅང་སླ།།

29
དེ་རིང་བསླབས་པའི་མིང་།། ངག་ནས་ཚིག་གྲུབ་བཟོ།།
ཚིག་གྲུབ་འཁྱོངས་གྱུར་ན།། རྩོམ་ལ་དཀའ་རྒྱུ་མེད།།

30
དཔེ་དེབ་ཡག་པོར་བལྟ།། ཚིག་ཡག་བློ་ལ་འཛིན།།
རང་གིས་རང་ལ་ནི།། ཚོད་རྒྱུགས་བླངས་ན་བཟང་།།

31
བརྙན་འཕྲིན་གློག་ཀླད་ལ།། ལྟ་ཚོད་རན་པར་གྱིས།།
དུས་ལྟར་ཉལ་བ་ནི།། ལུས་ཕུང་བདེ་བའི་རྒྱུ།།

32
དྲ་ཚིགས་ངན་པ་ལ།། སྒོས་སུ་ལྟ་མི་རུང་།།
གང་དང་ཅི་ལ་ལྟ།། ཕ་མའི་བཀའ་ལྟར་བསྒྲུབ།།

ལེའུ་གཉིས་པ།

33
ང་ཚོའི་མི་རིགས་ལ།། གངས་ཅན་བོད་པ་ཟེར།།
མདོ་དབུས་ཁམས་གསུམ་ནི།། ང་ཡི་ཕ་ས་ཡིན།།

34
བོད་ལྗོངས་ལྷ་ས་དང་།། སི་ཁྲོན་ཡུན་ནན་གསུམ།།
མཚོ་སྔོན་ཀན་སུའུ་བཅས།། ཞིང་ལྗོངས་ལྔ་ཡང་ཟེར།།

35
ང་ནི་ཨ་མདོ་བུ།། རིག་ཡག་རྫོང་གི་ཡིན།།
བློ་དང་རིག་པ་གསལ།། ཐབས་དང་བཀོད་པར་མཁས།།

36
ང་ཚོའི་སྡེ་བ་ལ།། དུད་ཁྱིམ་ཉིས་བརྒྱ་ཡོད།།
སྡེ་མི་དྲུག་བརྒྱ་ཡོད།། སྡེ་དཔོན་བསམ་འགྲུབ་ཡིན།།

37
ང་ཡི་བཟའ་མི་རྣམས།། འགྲིག་པོ་མཐུན་པོ་ཡོད།།
ཆེ་བར་བརྩི་བཀུར་ལྡན།། ཆུང་བར་བྱམས་སྐྱོང་ཡོད།།

38
ཁང་ཆུང་གྲུ་བཞི་ནང་།། སྐྱིད་པའི་འཚོ་བ་རོལ།།
ཁྱིམ་མཚེས་གཡས་གཡོན་ནི།། ནང་མི་སྤུན་ཟླ་འདྲ།།

39
ཨ་མེས་རྒད་པོ་དེ།། ལྷ་བསང་གཏོང་བར་དགའ།།
ཨ་ནེ་རྒན་མོ་དེ།། མ་ཎི་འདོན་པར་བྱང་།།

40
ཨ་མ་བཀྲ་ཤིས་ཀྱིས།། ནངས་མོར་འོ་ཇ་བསྐོལ།།
ཨ་ཕ་ཚེ་རིང་གིས།། ནོར་ལུག་རི་ལ་འདེད།།

41
ཁང་ཁྱིམ་ཕྱི་ནང་ལ།། ང་ཡིས་གད་བརྡར་བྱེད།།
དཀར་ཡོལ་ཐུར་མ་སོགས།། ཅ་ལག་རང་སར་འཇོག།

42
ཕུ་བོ་རྡོ་རྗེ་དེ།། ཇ་མཆོད་འདོན་པར་དགའ།།
ནུ་མོ་གཡང་སྐྱིད་ནི།། ཞབས་བྲོ་འཁྲབ་པར་སྤྲོ།།

43
སྡེ་བའི་ཞི་ལུ་ཚོ།། ལྒང་ལུ་རྒྱག་པར་དགའ།།
ཞི་མོ་ཁ་ཤས་ཤིག། གནས་ལ་འགྲོ་བར་རྔམ།།

44
དཔྱིད་འགོ་ཚུགས་པའི་དུས།། རྨོ་འདེབས་ལས་ལ་བརྩོན།།
འབྲུ་རིགས་སྣ་ལྔ་ནི།། ང་ཚོའི་ཁ་ཟས་ཡིན།།

45
སློབ་གྲོགས་ཁ་ཤས་ཀྱིས།། ལས་ཀར་ལེ་ལོ་བྱེད།།
ང་ཡིས་ལྟ་རྒྱུ་ན།། དེ་ནི་ནོར་འཁྲུལ་རེད།།

46
དཀའ་ལས་མ་བརྒྱབ་ན།། སྐྱིད་པོ་གང་ནས་ཡོང་།།
གནམ་ནས་ལྷུང་རབས་མེད།། ས་ནས་སྐྱེས་སྲོལ་མེད།།

47
དབྱར་ཁ་ཐོན་པའི་ཚེ།། རི་ལ་ལྗང་མདོག་རྒྱས།།
ས་ལ་མེ་ཏོག་བཞད།། ཨེ་མ་ཕ་ཡུལ་ཡག།

48
ཡངས་པའི་རྩྭ་ཐང་ན།། སྦྲ་གུར་སྐར་ཚོགས་འདྲ།།
འབྲོག་མོས་འབྲི་མོ་བཞོ།། སྙན་པའི་གླུ་ཡང་ལེན།།

49
བེའུ་རྡང་ནས་ངུར།། རྟ་ཕོ་རི་ནས་འཚེར།།
ལུག་ཁྱུ་ཆུ་ཁར་ཞོགས།། ཨེ་མ་སྤང་ལྗོངས་མཛེས།།

50
སྤྲིན་པ་ལང་ལོང་གཡོ།། དཀར་པོ་ཁ་བཏགས་འདྲ།།
ཆུ་བོ་ཤག་ཤག་བཞུར།། དྭངས་གཙང་མེ་ལོང་བཞིན།།

51
གློག་དམར་ལམ་ལམ་འཁྱུག།། ཆར་བ་ཟམ་ཟིམ་འབབ།།
ཆར་རྗེས་འཇའ་ཚོན་འཆར།། ཨེ་མ་སྣང་བ་སྐྱིད།།

52
སྟོན་འགོ་བཟུང་བ་ན།། གྲང་རླུང་བསིལ་བསིལ་ལྡང་།།
ཞིང་ཁའི་ལོ་ཏོག་རྣམས།། ཆུ་མོའི་རླབས་བཞིན་གཡོ།།

53
རོང་བ་རོང་མོ་ཚོས།། ལག་ལ་ཟོར་བ་བཟུང་།།
རྒྱབ་ལ་བྲོ་ཀ་ཁུར།། ཞིང་འབྲེག་ལས་ལ་བྲེལ།།

54
སྡོང་མགོའི་སིལ་ཏོག་རྣམས།། སྨིན་ནས་ལྷུང་ལ་ཁད།།
སྡོང་ལོ་འགྱིག་ཤོག་དང་།། ཤོག་ཧྲིལ་རླུང་གིས་འཁུར།།

55
བ་བོང་དྲེལ་གསུམ་སོགས།། སྒོ་ཕྱུགས་མང་མོད་ཀྱང་།།
ང་དང་གྲོགས་པོ་ཚོ།། བོང་བུར་ཞོན་པར་དགའ།།

56
དུས་ཚིགས་འདི་ལ་ནི།། ནམ་ཟླ་ཇེ་འཁྱག་རེད།།
ནངས་མོའི་རྩྭ་མགོ་ལ།། ཟིལ་བ་ཁྲོམ་ཁྲོམ་ཆགས།།

57
དེ་ནས་དགུན་ཁ་བསླེབས།། མཁའ་དབུགས་སྔར་ལས་འཁྱག།
རི་མགོར་ཁ་བས་གཡོགས།། ཆུ་ལ་ཆབ་རོམ་ཆགས།།

58
གྲང་ནས་ལུས་པོ་འདར།། འདར་ནས་སྣབས་ཀྱང་ལུག།
ལྕགས་ཐབ་དྲོད་རླངས་ལ།། ཁ་ལག་བསྲོས་ནས་བསྡད།།

59
དགུན་ཁར་ཆམ་པ་སོགས།། ནད་རིགས་འབྱུང་བར་སླ།།
དེ་བས་དུས་རྒྱུན་དུ།། གྱོན་ཆས་དྲོན་པོ་གོན།།

60
ཁ་བ་བབས་པ་ན།། འཁྱག་ནས་དར་དུ་འགྱུར།།
དར་ཤུད་སྟེག་པ་དང་།། རླངས་འཁོར་སོགས་ལ་འཛེམ།།

61
དགུན་ཟླ་མཐའ་མའི་སྐབས།། ལོ་སར་སྟ་གོན་བྱེད།།
གླུ་དང་རྩེད་རིགས་སྦྱོང་།། ཕྱེ་ཡིས་གོ་རེ་འཚོད།།

62
ཕྱི་ལྭ་ནང་ལྭ་དང་།། སྐེ་རྒྱན་འདོགས་ཆ་སོགས།།
ཕ་མ་དྲིན་ཆེན་ཚོས།། སོ་མ་ཉོས་ནས་སྐོན།།

63
གནམ་ལོ་གསར་ཚེས་ལ།། དགོན་པར་ལོ་སྐལ་འཁྱེར།།
ཨ་ཁུས་བཟང་གི་གསུངས།། བླ་མས་ཕྱག་མདུད་གནང་།།

64
ཨ་རོགས་ལོ་ཆུང་ཚོ།། འདི་ནི་ང་ཡི་སྟེ།།
རང་གི་ལོ་རྒྱུས་ཙམ།། ཁྱོད་ཚོར་སྐྱེས་སུ་འབུལ།།

ལེའུ་གསུམ་པ།

65
མདོ་དབུས་ས་མཐོ་འདི།། མེས་པོ་བཞུགས་ས་ཡིན།།
ཁ་ལས་དར་ས་ཡིན།། ཁ་ལག་གཙང་ས་ཡིན།།

66
སྟོད་ན་གངས་རི་འགྱིང་།། སྨད་ན་མཚོ་མོ་འཁྱིལ།།
བར་ན་རྩི་ཏོག་བཀྲ།། དབུས་ན་འདབ་ཆགས་མང་།།

67
གངས་རི་ཏི་སེ་སོགས།། རྒྱལ་བོ་བློན་པོ་བཞིན།།
རྨ་ཆུ་འབྲི་ཆུ་ནི།། མ་དང་སྲིང་མོ་འདྲ།།

68
ང་ཚོའི་འཐུང་ཆུ་འདི།། གངས་རིའི་གསེབ་ནས་ཡོང་།།
འུ་ཚོའི་བཟའ་ཆས་རྣམས།། དམའ་མོ་ས་ནས་བྱུང་།།

69
རྩི་ཤིང་ནགས་ཚལ་སོགས།། རང་དགར་གཅོད་མི་ཉན།།
མི་དང་སྲོག་ཆགས་རྣམས།། འཚོ་བའི་གཞི་མ་ཡིན།།

70
བྱིས་པ་པྲ་ཚག་འགས།། འབ་འབུ་གང་འདོད་གསོད།།
སྡོང་ཕྲུག་ཅི་དགར་འབལ།། གཙང་ཆུ་ཚོད་མེད་བརླགས།།

71
དེ་འདྲ་མི་ལེགས་ཏེ།། དགེ་མེད་གནོད་པའི་ལས།།
ཡབ་མེས་གོང་མ་ཚོས།། གོ་ན་ངོ་རེ་ཚ།།

72
ནམ་ཞིག་ཆུ་བོ་འདི།། མེད་ན་ཅི་ཞིག་འཐུང་།།
ས་གཞི་བརླགས་གྱུར་ན།། ཟས་སྣ་ཇི་ལྟར་འབྱུང་།།

73
ང་ཚོ་མི་ཡི་རིགས།། ས་ཡི་གོ་ལར་བརྟེན།།
དྲིན་ཆེན་ཕ་མ་འདྲ།། འདི་ལ་སྲུང་སྐྱོབ་བྱེད།།

74
ཐུ་བྷོད་བོད་ཀྱི་ཡུལ།། ས་རྒྱ་ཧ་ཅང་ཆེ།།
དམ་པའི་ཆོས་ནི་དར།། འཇིག་རྟེན་སྲིད་ཀྱང་རྒྱས།།

75
བཙན་པོ་ཐོག་མ་ལ།། གཉའ་ཁྲི་བཙན་པོ་ཟེར།།
གནམ་རུ་སྲོང་བཙན་བུ།། སྲོང་བཙན་སྒམ་པོར་འབོད།།

76
རྒྱ་བཟའ་བལ་བཟའ་སོགས།། རང་གི་ཆུང་མར་བླངས།།
དགའ་བའི་སྟོན་མོ་བྱས།། འབངས་རྣམས་འཚོ་བ་སྐྱིད།།

77
བློན་པོ་ཐོན་མི་སོགས།། མཛངས་པའི་མི་བདུན་འཁྲུངས།།
གསར་གཏོད་མཁན་པོ་སྟེ།། མཛད་རྗེས་བླ་ན་མེད།།

78
ལོ་ཙཱར་བྱང་བ་གསུམ།། མཁས་པ་མི་གསུམ་ཡོད།།
འཇམ་དབྱངས་རྣམ་གསུམ་སོགས།། ང་ཚོའི་མིག་དཔེར་འོས།།

79
མི་ལ་རས་པ་ནི།། བུ་རྒོད་ཡ་མེད་ཡིན།།
རང་གི་དཀའ་སྡུག་ལ།། ནམ་ཡང་སྐྲག་རྒྱུ་མེད།།

80
སྔོན་གྱི་མཁས་པ་ཚོ།། ཧུར་བརྩོན་རབ་ཏུ་ཆེ།།
སློབ་སྦྱོང་བྱེད་པ་ལ།། སྔ་ལངས་འཕྱི་ཉལ་བྱེད།།

81
དེ་ཚོའི་བཀའ་དྲིན་གྱིས།། རིག་གནས་བཅུ་ཡང་དར།།
དེང་སང་དེ་ལས་ཀྱང་།། མང་པོ་མང་པོ་ཡོད།།

82
ཀྱེ་ཀྱེ་ལོ་ལོན་རྣམས།། ཀ་ཡེ་བུ་ཕོ་ཚོ།།
མ་ཡེ་བུ་མོའི་ཚོགས།། ད་དུང་གསན་པར་མཛོད།།

83
བོད་ཀྱི་ཡི་གེ་འདི།། ནོར་བུ་རྩ་ཆེན་འདྲ།།
འདི་ཡི་འབྱུང་ཁུངས་ནི།། ལྷོ་ཕྱོགས་རྒྱ་གར་ཡུལ།།

84
ཀ་ཁ་སུམ་ཅུ་ལ།། གསལ་བྱེད་སུམ་ཅུ་ཟེར།།
དབྱངས་ཡིག་བཞི་བོ་སྟེ།། བསྣན་ན་སོ་བཞི་ཡོད།།

85
རྗེས་འཇུག་ཡི་གེ་བཅུ།། ལག་སོར་བཅུ་དང་འདྲ།།
སྔོན་འཇུག་ལྔ་བོ་ནི།། དབང་བོ་ལྔ་དང་མཚུངས།།

86
ས་ད་གཉིས་པོ་ལ།། ད་དྲག་ས་དྲག་ཟེར།།
ཡང་འཇུག་ཡི་གེ་ཡིན།། རྐང་པ་གཉིས་དང་མཚུངས།།

87
མགོ་ཅན་གསུམ་པོ་དེ།། མིང་གཞིས་སྟེང་དུ་ཁུར།།
འདོགས་ཅན་བཞི་པོ་དེ།། མིང་གཞིའི་ཞབས་སུ་འདོགས།།

88
དཔེ་ཞིག་ལེན་རྒྱུ་ན།། མིང་གཞི་ཕ་མ་འདྲ།།
མགོ་ཅན་བུ་དང་འདྲ།། འདོགས་ཅན་བུ་མོ་བཞིན།།

89
ཡི་གེའི་དབྱེ་བ་ལ།། བཤད་པ་མང་མོད་ཀྱང་།།
དེ་རིང་དེ་ཙམ་བྱ།། ཁོམ་ན་རྗེས་ནས་གླེང་།།

90
ང་ཚོའི་མི་ཚེ་འདི།། རིན་ཐང་ཤིན་ཏུ་ཆེ།།
རིན་ཆེན་མི་ལུས་ལ།། དལ་འབྱོར་བཅོ་བརྒྱད་ཚང་།།

91
མི་ལ་མགོ་བོ་གཅིག། ཐབས་ཤེས་གཉིས་དང་ལྡན།།
ལུས་ངག་ཡིད་གསུམ་ལ།། སྒོ་མོ་གསུམ་ཡང་ཟེར།།

92
རྐང་ལག་བཞི་པོ་ལ།། རྐྱོང་སྐུམ་སྦྱོང་བརྡར་གལ།།
མི་སྣ་རྣ་ལྕེ་ལུས།། དབང་བོ་ལྔ་བོ་ཡིན།།

93
རྒྱུ་མ་ལོང་ཀ་དང་།། ཕོ་བ་གཉེ་མ་དང་།།
ལྒང་བུ་མཁྲིས་བ་བཅས།། ལུས་ཀྱི་སྣོད་དྲུག་ཡིན།།

94
ཉི་མ་ཟླ་བ་དང་།། མིག་དམར་ལྷག་པ་དང་།།
ཕུར་བུ་པ་སངས་དང་།། སྤེན་པ་གཟའ་བདུན་ཡིན།།

95
ཁོག་པ་མགྲིན་པ་དང་།། རྐན་ལྕེ་སྣ་སོ་མཆུ།།
སྤྱི་བོ་བཅས་ལ་ནི།། ངག་གི་གནས་བརྒྱད་ཟེར།།

96
སྒེག་དཔའ་མི་སྡུག་པ།། དྲག་བཞད་འཇིགས་སུ་རུང་།།
སྙིང་རྗེ་རྔམས་ཞི་བཅས།། གར་གྱི་ཉམས་དགུ་ཡིན།།

97
ཤར་ལྷོ་ནུབ་བྱང་དང་།། དེ་ལ་མཚམས་བཞི་ཡོད།།
སྟེང་འོག་གཉིས་བསྣན་ན།། ཕྱོགས་བཅུ་ཟེར་ནས་འབོད།།

98
སློབ་མ་ཡ་རབས་ཚོར།། མང་པོ་བཤད་མི་དགོས།།
ཁ་བརྡ་གཅིག་གིས་ཀྱང་།། གཞུང་རྒྱུད་དྲང་ནས་ཡོང་།།

99
མདོར་ན་བྱིས་པ་ཚོ།། ཨ་ཕའི་གཅེས་ཕྲུག་ཡིན།།
ཨ་མའི་གཅེས་ལོ་ཡིན།། རྒན་གྱི་སེམས་རྟེན་ཡིན།།

100
བློ་དཀར་སེམས་དཀར་གྱིས།། གཏམ་འདི་རྒན་པོས་བྲིས།།
བསམ་དོན་འགྲུབ་པར་སྨོན།། ཚེ་རིང་ནད་མེད་ཤོག།

བློ་དཀར་ཁ་ཏ་ཆིག་བརྒྱ་བ་ཞེས་པ་འདི་ནི་འ་ཅག་གི་ཆུང་ཆུང་སློབ་མ་རྣམས་ལ་དམིགས་ཤིང་། སྒོས་སུ་དེང་གི་བོད་སྐད་ཀྱི་གཞི་རྨང་ཡག་པོ་མེད་པའི་བོད་པའི་བྱིས་པ་དག་ལ་བསམས་ཏེ་ཧ་ཅང་གོ་སླ་བའི་ལུགས་སུ་སྡེབ་མཁན་ནི་གཞི་རིམ་པ་སྟེ། ལེགས་སྐྱེས་ཆུང་ཆུང་འདི་ཡང་རང་རེའི་སྐད་ཡིག་ཡག་པོ་འདི་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག་གུ། ཁ་བྲོ། བཀྲ་ཤིས།

བསྟོད།3

དཔྱད་མཆན་སྤེལ།