གསང་བའི་མེ་ལོང་། (བྱིས་རྩོམ།)

22222

------བྱེའུའི་སྡེར་ཆུང་འདྲ་བའི་བྱིས་རྩོམ་ཆུང་ཆུང་འདི་ནི། ན་ཆུང་བྱིས་པ་དག་ལ་སེམས་ཀྱིས་བལྟས་མྱོང་བའི་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་ཀྱི་དགོངས་རྫོགས་སུ་ཕུལ་བ་ཡིན།

-------གཞི་རིམ་པ།

གནའ་སྔ་མོ་ཞིག་ལ། མིང་ལ་བཀྲ་ཤིས་དང་རྡོ་རྗེ་ཟེར་བའི་བྱིས་པ་གཉིས་ཡོད། ཁོ་གཉིས་ན་ཟླ་ཡིན་པ་མ་ཟད་ཁྱིམ་མཚེས་ཀྱང་ཡིན། ཁོ་གཉིས་ལོ་བདུན་ལ་སོན་པའི་ལོ་དེར། ཁྱིམ་ཚང་གཉིས་ཀས་ཁོ་གཉིས་སློབ་གྲྭར་བསྐྱལ།

ཐོག་དང་པོར་སློབ་གྲྭར་སོང་བའི་ཉིན་མོ་དེར། སློབ་གཙོས་ཁོ་གཉིས་ལ། “ཡ་གྲོགས་པོ་གཉིས་ཀ ཁྱོད་གཉིས་བདེ་མོ། ཁྱོད་གཉིས་ང་ཚོའི་སློབ་གྲྭར་ཡོང་ནས་དཔེ་ཆ་སྦྱང་འདོད་ན། སྔོན་ལ་རྒྱུགས་ཤིག་ལེན། སུ་ཡིས་རྒྱུགས་འཕྲོད་ན། དེ་ང་ཚོའི་སློབ་གྲྭར་འོང་ཆོག”ཟེར།

ཁོ་གཉིས་ཀའི་སེམས་ལ། ངེད་གཉིས་ཀྱིས། ཀ་ཁ་ག་ང་ཙམ་ཡང་མི་ཤེས་པས། སློབ་གཙོས་རྒྱུགས་ཅི་ཞིག་ལེན་རྒྱུ་ཡིན་ནམ་སྙམ་ནས་སྡོད་པའི་སྐབས་དེར། སློབ་གཙོས་ཁོ་གཉིས་ལ། “དེ་རིང་ཁྱོད་གཉིས་ཀ་ཕྱིར་སོང་། འགྲོ་ཁར། སློབ་གྲྭའི་སྒོ་ཁ་ནས་རང་གི་ཁྱིམ་གྱི་བར་དུ་གོམ་པ་ཅི་ཙམ་ཡོད་པ་འཇལ་དགོས། དེ་ནས་ཡུལ་ལ་ཐོན་ན། ཕ་མ་ལ་ཤེས་སུ་མ་བཅུག་པར། ཁྱིམ་གྱི་ཅོག་ཙེའི་འཐེན་སྒམ་ནང་ངམ། ཡང་ན། ཕ་མའི་སྒོར་ཁུག་ནས་སྒོར་མོ་བླངས་ནས་སང་ཉིན་སློབ་གྲྭ་ལ་འཁྱེར་ཤོག ད་དུང་གཅིག་ནི། སང་ཉིན་ཡོང་ཁར། ལྭ་བ་གྲལ་དག་རེ་གོན་ནས་ཡོང་དགོས།”ཟེར།

རྡོ་རྗེས་སྐད་ཆ་དེ་གོ་མ་ཐག མྱུར་དུ་ཡུལ་ལ་བརྒྱུགས་སོང་ནས། ཕ་མར་དགེ་རྒན་གྱི་རེ་བ་དག་བཤད་ཅིང་། ཕ་མས་རོགས་རམ་ལ་བརྟེན་ནས། ཁྱིམ་ནས་སློབ་གྲྭའི་བར་དུ་བར་ཐག་ཅི་ཙམ་ཡོད་པ་གློག་ཀླད་ནས་བཙལ་ཏེ་ཤེས་རྗེས། ཕ་མར་རེ་བ་མཐོན་པོ་བཏོན་ཏེ། རྒྱ་སྲང་དུ་སོང་ནས་ལྭ་བ་གོང་ཆེན་ཁ་ཚང་ཞིག་ཉོ་རུ་བཅུག ཕྱི་ཉིན་སློབ་གྲྭར་ཡོང་ཁར། ཨ་མ་ལ་ཤེས་སུ་མ་བཅུག་པར། ཨ་མའི་སྒོར་ཁུག་ནས་སྒོར་མོ་བརྒྱ་ཤོག་གསུམ་རང་གི་གློ་ཁུག་ནང་ལ་བཅུག་ནས། དགའ་བཞིན་དགའ་བཞིན་དུ་སློབ་གྲྭར་ཡོང་།

བཀྲ་ཤིས་ཀྱིས་དགེ་རྒན་གྱི་སྐད་ཆ་དེ་དག་གོ་མ་ཐག སློབ་གྲྭའི་སྒོ་ཁ་ནས་རང་གི་ཁྱིམ་གྱི་བར་དུ། གོམ་པ་རེ་རེ་བྱས་ནས་བཅལ་ཏེ་ཡོང་། ཁྱིམ་ལ་ཐོན་རྗེས། རང་གི་ལྭ་བ་རྙིང་བ་དེ་གཙང་མ་ཞིག་བཀྲུས། ཕ་མས་མ་ཤེས་པར། སྒོར་མོ་རང་དགར་ལེན་མི་རུང་སྙམ་ནས་སྒོར་མོའང་མ་བླངས། ཕྱི་ཉིན་སློབ་གྲྭར་ཡོང་ཁར། ཁོ་རང་སློབ་གཙོ་ལ་སྐྲག་ཞོར་སྐྲག་ཞོར་དུ་ཡོང་།

སློབ་གྲྭར་ཐོན་རྗེས། ཁོ་གཉིས་སློབ་གཙོའི་གཞུང་ལས་ཁང་དུ་སོང་། སློབ་གཙོས་ཁོ་གཉིས་མཐོང་མ་ཐག དགོད་ཞོར་དུ། “ཁྱོད་གཉིས་ཀས་ངས་ཁ་རྩང་བཤད་པའི་བྱ་བ་དེ་དག་བསྒྲུབས་སམ་”ཞེས་དྲིས་པ་ན། ཁོ་གཉིས་ཀས་བསྒྲུབས་པའི་བརྡ་ལ། མགོ་བོ་ནང་དུ་ལྡེམ་ལྡེམ་བྱས།

སློབ་གཙོ་ཡང་བསྐྱར་དགོད་ཞོར་དུ། “ཡ། འོ་ན་བཟང་གི འུ་ཚོས་མཉམ་དུ་གསང་བའི་མེ་ལོང་ལ་བལྟ་དང་། ཁྱོད་གཉིས་ཀའི་སུ་ཞིག་གིས་བྱ་བ་ཡག་པོ་ལས་ཡོད་པར་ཤེས་ཐུབ་”ཟེར་ཞོར། ཁོང་གི་མདུན་ཅོག་ཟུར་ཁ་ན་བཞག་ཡོད་པའི། གསང་བའི་མེ་ལོང་དེའི་ཁ་ཕྱེ་ནས་བལྟས།

སྐར་མ་གཉིས་གསུམ་ཞིག་འགོར་རྗེས། སློབ་གཙོས་ཁོང་གི་ངོ་ལ་བལྟས་ནས། ཧད་དེ་སྡོད་པའི་བཀྲ་ཤིས་དང་རྡོ་རྗེ་གཉིས་ཀར་བལྟས་ཤིང་། གདོང་ལ་འཛུམ་ཞིག་ལངས་ཏེ། “བཀྲ་ཤིས། ཁྱོད་དེ་རིང་ནས་བཟུང་། ང་ཚོའི་སློབ་གྲྭའི་ནང་དུ་འོང་ཆོག འུན... ...། རྡོ་རྗེ། ཁྱོད་ད་དུང་ང་ཚོའི་སློབ་གྲྭའི་ནང་དུ་ལེན་མི་ཉན། ཕྱིར་ཡུལ་ལ་སོང་རྗེས། རང་གི་ལས་ཀ་རང་གིས་སྒྲུབ་པ་དང་། གཞན་གྱི་སྒོར་མོ་སོགས་རང་དགར་འཁྱེར་མི་ཉན་པ་སོགས་ལ་སློབ་སྦྱོང་ཡག་པོ་བྱོས། སང་ལོ་ཡོང་ན། ཡང་བསྐྱར་རྒྱུགས་ལེན་རྒྱུ་ཡིན།”ཞེས་བཤད་དོ།།

སྤྱི་ལོ༢༠༡༥ལོའི་ཟླ༦པའི་ཚེས་༢༩ཉིན་གྱི་ཕྱི་དྲོར་སློབ་ཐུན་བར་གསེང་དུ་བྲིས།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

 

བསྟོད།2

དཔྱད་མཆན:

དཔྱད་མཆན 2 ཡོད། སྐུ་མགྲོན: 2 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. མེལ་ཚེ།
    མེལ་ཚེ།སྤེལ་དུས་ནི།  

    རྩོམ་འདི་ངེད་ཚགས་པར་དུ་དགོལ་ཆོག་གམ།

དཔྱད་མཆན་སྤེལ།