ལྕང་བྱེའུ་མཐེ་བོང་། (བྱིས་རྩོམ།)

གཞི་རིམ་པ།

888

དབྱར་ཁའི་དུས་སུ། གནམ་ངོ་དྭངས་ཤིང་གསལ། སྤྲིན་དཀར་ལང་ལོང་རྒྱུ། ཆུ་མོ་ཤག་ཤག་ཏུ་འབབ་ཅིང་མེ་ཏོག་གི་དྲི་མ་ཞིམ་པོ་ས་གཞི་ཀུན་ལ་ཁྱབ། རྟ་ནོར་ལུག་གསུམ་དང་འདབ་ཆགས་སོགས་ཀྱིས་རང་རང་གི་ས་ན། ལས་ཀ་སྣ་ཚོགས་འབད་བརྩོན་གྱིས་སྒྲུབ་བཞིན་ཡོད།

འོན་ཀྱང་། འདི་འདྲའི་སྐབས་སུ། ལྕང་བྱེའུ་མཐེ་བོང་ནི། ནངས་སྔ་མོ་ཉི་མ་དགུང་ནས་ཤར་ཡང་ད་དུང་ཉལ་ནས་འདུག་ལ། དགོང་ཕྱི་དྲོ་གྲིབ་མ་རི་རྩེར་བརྒྱབ་ཀྱང་། ཕྱི་རོལ་དུ་བརྩེས་ནས་འདུག་པ་ལས་ཡུལ་ལ་མི་ཡོང་།

ཉིན་ཞིག་ལ། ལྕང་བྱེའུ་མཐེ་བོང་གིས་རྩེད་ཆས་སྣ་ཚོགས་ཁྱེར་ནས། ཨ་ཅེ་སྐྱ་ཀ་ཚང་གི་སྒོ་ཁར་སོང་ནས། "ཨ་ཅེ་སྐྱ་ཀ་ལགས། དེ་རིང་ཉི་མ་འདི་འདྲ་དྲོ་བས། འུ་གཉིས་ཆུ་ཁར་བརྩེ་རུ་སོང་ན་ཅི་འདྲ་རེད།" ཅེས་དྲིས་པ་ན། ཨ་ཅེ་སྐྱ་ཀས" ང་མི་འགྲོ གནས་གཤིས་སྔོན་བརྡ་ལས་བསྒྲགས་པ་ལྟར་ན། ད་ལོའི་དགུན་ཁར་ཁ་བ་ཆེན་པོ་འབབ་རྒྱུ་རེད་ཟེར། ངས་ད་ནས་བཟུང་། ཚང་དྲོན་པོ་ཞིག་ལས་དགོས།"ཞེས་བཤད།

ཡང་ཉིན་ཞིག་ལ། ལྕང་བྱེའུ་མཐེ་བོང་གིས་ལྭ་བ་སོ་མ་གོན། ཁ་པར་ཞིག་དང་གློག་ཀླད་ཅིག་ལག་ལ་བཟུང་སྟེ། ཨ་ཁུ་འཕྱི་བ་ཚང་གི་སྒོ་ཁར་སོང་ནས། "ཨ་ཁུ་འཕྱི་བ་ལགས། དེ་རིང་གི་ནམ་ཟླ་འདི་འདྲའི་བཟང་བ་ལ། འུ་གཉིས་སྤང་ཐང་དུ་བརྩེ་རུ་སོང་ན་ཅི་འདྲ་རེད།" ཅེས་དྲིས་པ་ན། ཨ་ཁུ་འཕྱི་བས། "ང་མི་འགྲོ བརྙན་འཕྲིན་ལས་གསལ་བ་ལྟར་ན། ད་ལོའི་དགུན་ཁར་གྲང་རླུང་ཧ་ཅང་ཆེ་ཟེར། ངས་ད་ནས་བཟུང་། དགུན་ཁར་མཁོ་བའི་གཟན་ཆས་གྲ་སྒྲིག་བྱེད་དགོས།" ཞེས་བཤད།

ཡང་ཉིན་ཞིག་ལ། ལྕང་བྱེའུ་མཐེ་བོང་གིས་སྐོམ་ཆུ་མང་པོ་བཟུང་། ལྕགས་རྟར་ཞོན་ནས་རྨ་བྱ་ཚང་གི་སྒོ་ཁར་སོང་ནས། "ཨ་ནེ་རྨ་བྱ་ལགས། ཁྱེད་ཚང་གི་ཞི་ལི་མགོ་ལྟིག་ཁྱིམ་ན་ཨེ་འདུག ང་ཁོ་དང་མཉམ་དུ། སྤྱི་གླིང་དུ་བརྩེ་རུ་འགྲོ་འདོད།" ཅེས་དྲིས་པ་ན། ཁོང་ཚང་གི་ཞི་ལི་མགོ་ལྟིག་གིས་དྲ་མའི་ནང་ནས་སྐེ་བསྲིངས་ཏེ། "སྒྲ་སྡུད་འཕྲུལ་ཆས་ལས་བཤད་པ་ལྟར་ན། ད་ལོའི་སྟོན་མཇུག་དང་དགུན་ཁར། རླུང་ཆེན་པོ་གཡུག་སྲིད་ཟེར། ངས་ཨ་མ་ལ་རོགས་རམ་བྱས་ནས། ལོག་ལ་ཉེ་བའི་ངེད་ཚང་གི་ཁང་བ་གསར་དུ་ལས་དགོས། "ཞེས་ལན་བཏབ།

དེ་ལྟར། ལྕང་བྱེའུ་མཐེ་བོང་གིས། ཁ་སང་གི་ཉིན་མ་ཁྱིམ་ནས་བཏང་། དེ་རིང་གི་ཉིན་མ་ལམ་ནས་བཏང་སྟེ། ཁ་རྒྱལ་མགོ་རྒྱལ་དང་མགོ་མེད་གཞུག་རྡུམ་གྱི་རྩེད་མོ་ཁོ་ནར་གཡེངས་ནས་བསྡད།

དེ་ནས། དུས་ཡུན་རིང་བོ་མ་འགོར་བར་དགུན་ཁ་བསླེབས་བྱུང་། གྲང་རླུང་འུར་འུར་ལྡང་ཞིང་ཁ་བ་ལྷབ་ལྷབ་བབས། ཆུ་ལ་ཆབ་རོམ་ཆགས་ཤིང་སྡོང་བོའི་ལོ་མ་ས་རུ་ལྷུང་། ལྕང་བྱེའུ་མཐེ་བོང་གྲང་ནས་སྣབས་ལུག འཁྱག་ནས་ལག་པ་འདར། ལྟོགས་ནས་ཕོ་བ་གཟེར་ཡང་འགྲོ་ས་མ་རྙེད།

ཁ་བ་ལྷབ་ལྷབ་འབབ་པའི་ནུབ་མོ་ཞིག་ལ། ཁོ་རང་གྲང་ནས་འདུག་མ་གཟོད་པར། ཨ་ཅེ་སྐྱ་ཀ་ཚང་གི་དུ་ཁུང་དུ་ཡིབ་ནས་བསྡད། ཞོགས་པར་སྔ་མོར། ཨ་ཅེ་སྐྱ་ཀ་ཚང་གི་ཨ་མ་སྐྱ་ཁྲ་མལ་ལས་ལངས་ནས། ཐབ་ཁུང་དུ་མེ་བུས་པ་ན། ལྕང་བྱེའུ་མཐེ་བོང་དུ་བས་བརྒྱལ་ཞིང་། གཤོག་སྒྲོའི་སྣེ་མོའང་མེ་ཡིས་ཚིག་སོང་།

དེ་ནས། ཨ་ཅེ་སྐྱ་ཀ་དང་ཁོང་ཚང་གི་ཨ་ཕ་སྐྱ་རྡོ། ཁྱིམ་མཚེས་ཚང་གི་ཨ་ཁུ་འཕྱི་བ་དང་འཕྱི་ཕྲུག་གཟུགས་རིང་སོགས་ཀྱིས། ཁོ་རང་དུ་ཁུང་ནས་བླངས་ཏེ་མྱུར་དུ་སྨན་ཁང་དུ་བསྐྱལ།

སྨན་ཁང་དུ་ཐོན་པ་ན། སྨན་པས་ཁོའི་རྩ་ལ་བརྟགས་ཤིང་རྨ་ཁ་ཆང་བཅུད་ཀྱིས་བཀྲུས་རྗེས། ཨོང་ཤའི་སྟེང་ལ་ཁབ་སྦོམ་པོ་ཀ་བ་འདྲ་ཞིག་འཛེར་ཞིང་། ཟུག་འཇོམས་ཀྱི་སྨན་རྡོ་ལོག་འདྲ་བ་རེ་འཐུང་དུ་བཅུག

གཟའ་འཁོར་གཅིག་འགོར་རྗེས། ལྕང་བྱེའུ་མཐེ་བོང་གིས་སྨན་པ་ལ། " ཨ་ཁུ་སྨན་པ་ལགས། ངའི་ནད་འདི་ནམ་ཞིག་ལ་དྲག་རྒྱུ་རེད།" ཅེས་དྲིས་པ་ན། སྨན་པས། "ད་ལྟ་ཁྱོད་ལ། ནད་ལྕི་མོ་གང་ཡང་མི་འདུག ཁྱོད་ཀྱི་ནད་ངོ་མ་ནི། ཁོམ་པ་ཡོད་དུས་ལས་ཀ་མི་ལས་པ་དང་། སྒོས་སུ། རང་གི་འཚོ་བ་ལ་སྔོན་ནས་གྲ་སྒྲིག་མི་བྱེད་པ་དེ་རེད།" ཅེས་ཟེར་ཞོར། ལྕང་བྱེའུ་མཐེ་བོང་གི་ཨོང་ཤའི་སྟེང་ལ། ཡང་བསྐྱར་ཁབ་སྦོམ་པོ་ཀ་བ་འདྲ་འདྲ་ཞིག་འཛེར་ཏོ།།

སྤྱི་ལོ༢༠༡༥ལོའི་ཟླ་༧པའི་ཚེས་༦ཉིན་བྲིས་སོ།།

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

qrcode_for_gh_24a680a08df5_430

བསྟོད།5

དཔྱད་མཆན་སྤེལ།