སློབ་གསོའི་ཆེས་ཆེ་བའི་གནད་དོན་ནི་དཔེ་ཀློག་མེད་པའོ།།

ཆན་ལེའུ་ཆོན།

ལོ་འདི་དག་ལ་ང་ཚོས་སློབ་གསོ་བཤད་ཀྱིན་བཤད་ཀྱིན་རྙོག་འཛིང་ཆེ་ཞིང་མགོ་འཁོར་བ་ཞིག་ཏུ་བཏང་།ད་ནི་ཕྱིར་དངོས་ཀྱི་གནས་སྟངས་སྟེང་བབས་ཏེ་བསམ་བློ་ཞིག་གཏོང་རན།

སློབ་གསོ་ནི་ཅི་ཞིག་བྱ་བྱེད་ཅིག་རེད་དམ།མི་སེར་རྣམས་ལ་ཆེས་དོན་མཐུན་གྱི་བཤད་རྒྱུན་ཞིག་ཡོད་དེ།བྱིས་པ་སློབ་གྲྭར་བཏང་ནི་དཔེ་ཆ་འདོན་དུ་བཏང་བའོ།།དཔེ་ཀློག་བྱེད་པ་ནི་ཆེས་རྩ་བ་སྟེ། སློབ་མར་དཔེ་ཀློག་ལ་སྐུལ་བ་ནི་སློབ་གསོའི་རྩ་བའི་འོས་འགན་རེད།ང་ཚོའི་ད་ལྟའི་སློབ་གསོའི་ཆེས་ཆེ་བའི་གནད་དོན་ནི་ཚང་མས་དཔེ་ཀློག་མི་བྱེད་པ་དེ་རེད།དགེ་རྒན་གྱིས་དཔེ་ཀློག་མི་བྱེད།སློབ་མས་ཀྱང་དཔེ་ཀློག་མི་བྱེད།ཡང་གཅིག་བཤད་ན།དགེ་རྒན་གྱིས་སློབ་ཁྲིད་དཔྱད་གཞི་ཁོ་ན་ལས་དཔེ་ཀློག་མི་བྱེད།སློབ་མས་སློབ་དེབ་ལས་དཔེ་ཀློག་མི་བྱེད།སློབ་གྲྭ་རུ་རྩ་བ་ནས་རང་དབང་གིས་དཔེ་ཀློག་བྱེད་པའི་ཁོར་ཡུག་དང་དུས་ཚོད་ཅིག་མེད།

ད་ནི་ང་ཚོས་སློབ་གསོའི་རྒྱུན་ཤེས་སླར་གསོ་བྱས་ཏེ་ཡང་བསྐྱར་རང་དབང་གིས་དཔེ་ཀློག་བྱེད་པའི་ཆ་རྐྱེན་དང་ཁོར་ཡུག  མཁའ་དབྱུགས་ཤིག་བསྐྲུན་དགོས། བདག་གིས་བསམས་ན་སློབ་གསོ་བཟང་བོ་ཞིག་བསྒྲུབ་དགོས་ཚེ་ཐོག་མར་སློབ་གཙོ་བཟང་བོ་ཞིག་དགོས།སློབ་གཙོ་བཟང་བོ་ཞིག་གི་ཆེས་བཟང་བའི་གཤིས་སྤྱོད་ནི་དཔེ་ཀློག་ལ་དགའ་བའོ།།ད་དུང་དགེ་རྒན་བཟང་བོ་ཞིག་ཀྱང་དགོས་ཏེ།སློབ་གཙོ་བཟང་བོ་ཞིག་གི་ཆེས་ཐོག་མའི་ལས་ཀ་ནི་དགེ་རྒན་བཟང་བོ་ཞིག་བསྐྱེད་སྲིང་བྱེད་རྒྱུ་དེ་རེད།ཇི་འདྲ་ཞིག་དགེ་རྒན་བཟང་བོ་ཟེར་ཞེ་ན།ཆ་རྐྱེན་གསུམ་ཚང་དགོས་ཏེ།སློབ་གསོ་ལ་དགའ་བ་དང་སློབ་མ་ལ་དགའ་བ།དཔེ་ཀློག་དགའ་བའོ།།

ད་དུང་དཔེ་ཁང་བཟང་བོ་ཞིག་ཀྱང་དགོས་ཏེ་དེ་ནི་རྒྱུགས་གཞི་ཁོ་ནའི་བཀང་བའི་དཔེ་ཁང་ཞིག་མ་ཡིན་པར་གནའ་དེང་ཤར་ནུབ་ཀྱི་བརྩམས་ཆོས་གྲགས་ཅན་དང་བྱིས་པར་མཚམས་པའི་དཔེ་དེབ་བཟང་ཤོས། དུས་རབས་གསར་བ་ནི་གློག་ཀླད་དྲྭ་རྒྱའི་དུས་རབས་ཤིག་ཡིན་པས་དཔེ་ཁང་དུ་གློག་ཀླད་དྲྭ་རྒྱའི་ཆ་རྐྱེན་འཛོམས་དགོས།ད་དུང་ཤེས་དགོས་པ་ཞིག་ཡོད་ནི་གློག་ཀླད་དྲྭ་རྒྱ་ནི་གཞོན་རབས་རྣམས་ཀྱི་འཚོ་བ་དང་སློབ་སྦྱོང་གི་གཙོ་ཆེའི་གྲུབ་ཆ་ཞིག་ཡིན་པས་ཆ་རྐྱེན་འདིའི་སྟེང་ནས་རྗེས་ལུས་ཐེབས་ཚེ་མ་འོངས་པར་ཡོད་ཚད་ལ་རྗེས་ལུས་ཐེབས་ངེས་རེད།

ཅི་ཞིག་ལ་སློབ་གསོ་ཟེར་ཞེ་ན།དཔེ་ཀློག་ལ་དགའ་བའི་སློབ་གཙོ་དང་དཔེ་ཀློག་ལ་དགའ་བའི་དགེ་རྒན་གྱིས་སློབ་མ་ཁྲིད་དེ་དཔེ་ཀློག་བྱེད་པའོ།།སློབ་གསོ་ཟེར་བ་ནི་དེ་འདྲའི་སླ་མོ་ཞིག་རེད།འོན་ཀྱང་དེ་ལྟར་ལས་སུ་བྱ་བ་ནི་ལས་སླ་མོ་ཞིག་མ་ཡིན།སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་ནི་ཅི་ཞིག་བྱ་བྱེད་རེད་ཅེ་ན།དོན་ཚན་གསུམ་ལས་མ་འདུས་ཏེ།གཅིག་ནི་སློབ་མར་དཔེ་ཀློག་བྱེད་པའི་སྤྲོ་བ་བསྐྱེད་སྲིང་བྱ་བ།གཉིས་ནི་སློབ་མར་དཔེ་ཀློག་བྱ་བའི་ཐབས་ལམ་བཟང་ཤོས་ཁྲིད་པ།གསུམ་ནི་དཔེ་ཀློག་བྱ་བའི་གོམས་གཤིས་ཆགས་སུ་འཇུག་པའོ།།དོན་ཚན་འདི་གསུམ་བསྒྲུབ་ཐུབ་ཚེ་སློབ་མས་ཚེ་གང་བོར་དཔེ་ཀློག་བྱེད་ཅིང་འབྲས་བུའང་མི་དམན་པ་ལོན་པར་ངེས་སོ།།སློབ་མར་དཔེ་དེབ་སྤྱད་དེ་དཔེ་ཀློག་བྱ་རུ་འཇུག་པ་ལས་གློག་ཀླད་དྲྭ་རྒྱ་སྤྱད་དེ་དཔེ་ཀློག་བྱ་རུ་འཇུག་པ། ད་དུང་འཚོ་བ་ཞེས་པའི་དཔེ་དེབ་ཆེན་པོ་དེའང་བཀློག་ཏུ་འཇུག་དགོས།སློབ་མ་ལ་རང་ཉིད་ཀྱི་རྐང་འོག་གི་ས་གཞི་དང་ས་གཞི་དེར་གཞི་ཆགས་པའི་ཡུལ་མི་སྤུན་ཟླ་ཡང་ངོ་ཤེས་སུ་འཇུག་དགོས།རྒྱའི་གཏམ་དཔེར་ཡང་།ཡུལ་ཕྱོགས་གཅིག་གི་རི་ཆུ་ཡིས།།ཡུལ་ཕྱོགས་དེ་ཡི་མི་རྣམས་གསོ།།ཞེས་ཟེར་བ་ཡིན་ལ།ལོ་རྒྱུས་ཀྱི་ཆུ་བོའི་བཞུར་རྒྱུན་རིང་མོའི་ཁྲོད་ཡུལ་ཕྱོགས་སོ་སོ་མི་རྣམས་ཀྱིས་རང་རང་གི་རྐང་འོག་གི་ས་གཞིའི་སྟེང་དུ་རང་ཉིད་འཚོ་བསྡོད་བྱེད་པའི་ཐབས་ལམ་སྣ་ཚོགས་ཤིག་རྙེད་པ་ཡིན་ལ་དེར་བརྟེན་ཡུལ་ཕྱོགས་དང་ས་གནས་མི་འདྲ་བ་རེ་རེར་རང་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་དང་འཚོ་བའི་གོམས་གཤིས་རེ་གྲུབ་པ་ཡིན།དེ་བས་ང་ཚོའི་སློབ་གསོ། ལྷུག་པར་ང་ཚོའི་ཡུལ་སྡེའི་སློབ་གསོའི་བསླབ་དེབ་ཏུ་རང་གི་ས་གནས་ཀྱི་རིག་གནས་འཚོ་བའི་བསླབ་ཚན་བསྒྲིགས་ཏེ་སློབ་མ་ལ་ས་གནས་ཀྱི་རིག་གནས་འཚོ་བའི་ཤེས་བྱ་འཛོམས་པོ་བསླབ་ཏུ་བཅུག་ཚེ་མ་འོངས་པར་སློབ་མ་ཡུལ་ཕྱོགས་གང་དུ་སོང་ཡང་རང་ཉིད་ལ་རང་ཉིད་ཀྱི་རྐང་བ་འཇོག་སའི་གཞི་ཞིག་ཡོད་ངེས་ཡིན། ཡང་དཔེ་ཀློག་གི་སྤྲོ་བ་དང་གོམས་གཤིས་ཆགས་ཤིང་ས་གནས་རིག་གནས་ལ་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་ཕ་ཡུལ་ནས་རྐང་ཚུགས་ཐུབ།འདི་ལྟར་བྱུང་ཚེ་སློབ་མའི་མི་ཚེ་ལ་རྨང་གཞི་བརྟན་པོ་ཞིིག་བསྐྲུན་པ་ཡིན།དེ་ནི་སློབ་མར་ཚེ་གང་བོར་སློབ་སྦྱོང་བྱེད་པའི་རྨང་གཞི་དང་ཚེ་གང་བོར་བསམ་བློར་འཕེལ་རྒྱས་འགྲོ་བའི་རྨང་གཞི་བཏང་བ་ཡིན། རྨང་གཞི་འདི་གཉིས་བརྟན་པོ་བསྐྲུན་ཐུབ་ཚེ་མ་འོངས་པར་དོན་ཅི་ཞིག་ལ་འཕྲད་ཀྱང་གདོང་གིས་བསུ་ཐུབ། རྨང་གཞི་འདི་གཉིས་བརྟན་པོར་བསྐྲུན་པ་ནི་ང་ཚོའི་རྨང་གཞིའི་སློབ་གསོའི་འོས་འགན་ནང་གི་འོས་འགན་ཞིག་གོ།།

གསལ་བཤད། གུས་པོ་རང་གིས་འདོད་འདུན་བཞིན་རྩོམ་འདིའི་མགོ་ནས་མཇུག་བར་ཆ་ཚང་འདིར་བོད་ཡིག་ཏུ་ཕབ་མེད།

                                                                       གཙང་ཨ་ཚེ་རུ་འབོད་པས་༢༠༡༥ལོའི་ཟླ་༨པའི་ཚེས་༢༣ཉིན་བོད་ཡིག་ཏུ་བསྒྱུར།

བསྟོད།4

དཔྱད་མཆན:

དཔྱད་མཆན 2 ཡོད། སྐུ་མགྲོན: 2 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. ཆོས་སྒྲོན
    ཆོས་སྒྲོནསྤེལ་དུས་ནི།  

    ང་ནི་སློབ་སྦྱོང་བྱེད་ཕྱིར་ཡོང་བ་ཡིན། ཡིག་ནོར་ཁ་ཤས་མཐོང་བྱུང་བས། གཟབ་གཟབ་མཛད་རོགས་ཞུ་ཞུ།

དཔྱད་མཆན་སྤེལ།