བདག་གི་བྱིས་པའི་ལོ་རབས། (བྱིས་རྩོམ ཁག་གཉིས་པ)

       3121212

གཞི་རིམ་པ།

གོ་རེ་ཅུང་རྡོག་གཅིག་དྲན་པ།

རེབ་ཐེངས་དེར། སློབ་གྲྭས་ཉིན་ལྔ་ལ་གནང་བ་བྱིན་པས། ང་ཁུ་བོ་དང་མཉམ་དུ་ཁོ་ཚང་གི་འབྲོག་སར་སོང་བ་ཡིན། དབྱར་ཟླ་དྲུག་པའི་འབྲོག་པའི་རྩྭ་ཐང་ནི་ངོ་མ་མཛེས་སྡུག་ལྡན་པ་ཞིག་སྟེ། སྔོ་ལྗང་ལྗང་གི་རྩྭ་ཐང་དང་ཁྲ་ལམ་ལམ་གྱི་མེ་ཏོག ཤག་ཤག་བཞུར་བའི་ཆུ་ཕྲན་དང་འབ་སྒྲ་སྒྲོག་པའི་ལུག་ཁྱུ། འབྲི་མོའི་ངུར་སྒྲ་དང་གནམ་ལྡིང་ས་ལྡིང་གིས་རྩེན་པའི་བེའུ་སོགས་ནི། ངོ་མ། ལྷ་བཟོ་ལག་བདེ་ཞིག་གིས་རི་མོ་བྲིས་པ་དང་འདྲ་ལ། ཡང་ན། བལྟས་ཀྱིན་བལྟས་ཀྱིན། སུན་རྒྱུ་མེད་པའི་མུ་འབྲེལ་བརྙན་འཕྲིན་ཞིག་དང་མཚུངས།

དུས་རྒྱུན་དུ། ང་རང་ཁོ་ཚང་གི་འབྲོག་སར་ཐོན་ན། ལུག་རྫི་དང་ནོར་རྫི། ཡང་ན་བེའུ་རྫི་དང་རྟ་རྫི་སོགས་ལ་འགྲོ་རྒྱུར་ལོབས་ཡོད་པས། ཐེངས་དེར་ཡང་། ང་རང་ཁུ་བོ་ཚང་གི་ནོར་རྫི་ལ་སོང་བ་ཡིན། འུར་ཆ་མགོ་ལ་སྐོར། བྲོ་ཁ་རུམ་ལ་བཅུག རི་གླུ་ལེན་ཞོར་ནོར་རྫི་ལ་འགྲོ་བ་ནི། སློབ་གྲྭ་ན་གཏན་ནས་མེད་པའི་ལས་ཀ་སྐྱིད་པོ་ཞིག་ཡིན་པས། ང་རང་ནོར་རྫི་ལུག་རྫི་ལ་འགྲོ་རྒྱུར་ཧ་ཅང་དགའ།

ཉིན་དེའི་སྔ་དྲོར་ཉི་མ་ཤིན་ཏུ་དྲོ་བས། ངས། སྤང་མེ་ཏོག་གི་དཀྱིལ་ནས་གླུ་དབྱངས་ལེན་ཞོར་དང་། ཆུ་དྭངས་གཙང་གི་འགྲམ་ནས་རྐང་བ་འཁྲུད་ཞོར་དུ། ནོར་ཁྱུ་ལ་རྒྱང་ལྟ་བྱས་ནས་བསྡད་པ་ཡིན། ཉིན་གུང་ཡོལ་རྗེས། ནམ་ཟླ་གློ་བུར་དུ་འགྱུར་ནས་འབྲུག་སྒྲ་ལྡིར་ལྡིར་དང་གློག་དམར་ལམ་ལམ། ཆར་བ་ཤག་ཤག་ཏུ་བབས་པ་མ་ཟད། རི་མགོ་ནས་རི་སྐེད་དང་། རི་སྐེད་ནས་རི་འདབས། རི་འདབས་ནས་ན་གཞུང་ཡོངས་རྫོགས་ལ། གར་ཡོང་འདིར་ཡོང་མི་ཤེས་པའི་སྨུག་པས་བཏུམས་ཏེ། ང་རང་ཧ་ལས་ཧོན་འཐོར་དུ་བཏང་ནས་ཕྱིར་རུ་ནང་ལ་ཡོང་སའི་ལམ་གཏན་ནས་མ་ཤེས།

སོང་གིན་སོང་གིན། ང་རང་མི་མེད་ལུང་སྟོང་དང་གྲག་འགུལ་ཅི་ཡང་མེད་པའི་མཚེར་ས་ཞིག་ཏུ་ཐོན་ཅིང་། ཆར་བ་སྔར་བཞིན་ཤག་ཤག་ཏུ་འབབ་ཅིང་། རིམ་དང་རིམ་གྱིས་ས་ཡང་རུབ་སོང་། དགོང་མོ་དེར། ང་རང་མི་སྐད་ཁྱི་སྐད་དང་། ཐ་ན་བྱ་སྐད་བྱེའུ་སྐད་གཅིག་ཀྱང་གོ་རྒྱུ་མེད་པའི་ས་སྟོང་དུ་ལུས་ཤིང་། ལྟོགས་ནས་ཕོ་བ་གཟེར་ཞིང་སྐྲག་ནས་གཅིག་པ་ཤོར་བ་དེ། ད་ལྟའང་ད་དུང་དྲན་གྱིན་འདུག

ཞོགས་པའི་སྐྱ་རེངས་བཀྱགས་པ་དང་བསྟུན་ནས། རྩྭ་ཐང་གི་བྱེའུ་ཆུང་ཆུང་ཚོས་ཅ་ཅོ་སྒྲོག་ཅིང་། ཆར་བ་འབབ་མཚམས་ཆད་དེ་བསམ་ནག་སེམས་རྩོག་གི་བྱིས་པ་མ་རབས་ཤིག་དང་འདྲ་བའི་སྨུག་པའང་རིམ་གྱིས་དྭངས་སོང་། འོན་ཀྱང་ངས། ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ་དང་། ལ་རིང་བོ་སྒྲོག་གུ་རྟོལ་རྟོལ་བྱས་ནས་སོང་ནའང་། རྩྭ་ཐང་ལ་ཆ་རྒྱུས་ཆེན་པོ་མེད་པས། ཕྱིར་རུ་ནང་ལ་ཡོང་མ་ཤེས་པར་ཉིན་གུང་ལ་ཐོན། དེ་དུས། ངའི་ཕོ་བ་ལྟོགས་ནས་མུ་མཐུད་དུ་འགྲོ་མ་ཐུབ་ལ། མིག་ལམ་དུ་འོ་ཇ་མངར་མོ་དང་སྔོ་ཚོད་ཞིམ་པོ་དག་ཤར་འོང་ཞིང་། སྒོས་སུ། སློབ་གྲྭའི་ནང་ན་ཡོད་དུས། བརྒྱགས་རྗེས་ཡར་རྒྱང་མར་རྒྱང་བྱས་ཏེ་རྩེད་ཆས་བྱས་མྱོང་བའི་གོ་རེ་ཅོང་རྡོག་དེ། ངའི་མིག་ལམ་ནས་ཕར་གཡོ་ཚུར་གཡོ་བྱས་སོང་།

སློབ་གྲྭའི་ནང་དུ། ནངས་མོར་འབྲས་ཆན་འཐུང་བ་དང་གོ་རེ་ཅོང་རྡོག་ཟ་བ་དང་། ཉིན་གུང་ཡང་ཚལ་དང་གོ་རེ་ཅུང་རྡོག དགོང་མོར་ཐུག་པ་འཐུང་བ་བཅས་ཡིན། ང་ཚོའི་སློབ་གྲྭའི་ཟ་མ་ཧ་ཅང་བཟང་བས། ཁྱིམ་བདག་རྣམས་ཀྱིས་ཀྱང་དུས་རྒྱུན་བསྟོད་པ་བྱེད་ཀྱིན་ཡོད། འོན་ཀྱང་། ང་ཚོ་སློབ་མ་པྲ་ཚག་སྐོར་ཞིག་གིས། ཕོ་བ་འགྲངས་རྗེས་ཟ་མ་ཆུད་ཟོས་སུ་གཏོང་བཞིན་ཡོད་དེ། དཔེར་ན། གོ་རེ་ཅོང་རྡོག་གིས་རྟ་དང་མི་ཡི་གཟུགས་བརྙན་ལས་པ་དང་། མདའ་དྲི་མདུང་གསུམ་གྱི་ཚུགས་ཀ་ལས་ནས་ཕན་ཚུན་ལ་རྒྱག་རེས་བྱེད་པ། ཐ་ན་གོ་རེ་ཅོང་རྡོག་མང་པོ་སྤྱོད་ཁང་དང་། ཆབ་གཞུང་ནང་དུ་འཕེན་པའང་མང་པོ་མཐོང་རྒྱུ་ཡོད། དགེ་རྒན་རྣམས་ཀྱིས། ཟ་མ་ལ་གྲོན་ཆུང་བྱེད་པ་ལས་ཆུད་ཟོས་སུ་གཏོང་མི་རུང་བའི་བསླབ་བྱ་ཡང་ཡང་གནང་རུང་། སློབ་མ་སྐོར་ཞིག་གི་རྣ་ལམ་དུ། བསླབ་བྱ་དེ་དག་ནི་ཆུ་ནང་ལ་གཡག་བཏང་བ་དང་ཨ་ན་མ་ན་རེད།

རེད་ཡ། འཇིགས་པ་མ་བྱུང་ན་སྒྲོལ་མ་མི་དྲན་ཟེར་བ་ནི་ངོ་མ་རེད། ང་སྨུག་པའི་ནང་ནས་མགོ་འཐོམས་ཏེ། ཉིན་ཞག་འགའ་ལ་ཟ་མ་ཟ་རྒྱུ་མེད་པའི་སྐབས་དེར། ངས་ད་གཟོད། སྔོན་ཆད་ཆུད་ཟོས་སུ་བཏང་བའི་གོ་རེ་ཅོང་རྡོག་གཅིག་དྲན་ཞིང་། ཟ་མ་ནི། མི་རྣམས་ཀྱི་སྲོག་གི་རྟེན་གཞི་དང་ཚེ་ཡི་གཟུང་ཐག་ཡིན་པ་ཤེས་སོང་། ཟ་མ་ལ་གྲོན་ཆུང་མི་བྱེད་པ་ནི། ཕ་མ་རྣམས་ཀྱི་ངལ་རྩོལ་གྱི་འབྲས་བུ་ལ་བརྩི་བཀུར་མ་བྱས་པ་དང་། ཐ་ན་རང་གིས་རང་ལ་གོང་བཀུར་མ་བྱས་པ་ཞིག་ཀྱང་རེད་སྙམ།


སློབ་གྲྭར་ཡོང་མ་ཐུབ་པའི་སློབ་གྲོགས་འཇིགས་ལོ།

འཇིགས་ལོ་ནི། ལོ་རིམ་དང་པོ་ནས་ལྔ་བའི་བར་གྱི་ངའི་སློབ་གྲོགས་ཤིག་ཡིན། ཁོ་ནི་ང་ཚོའི་འཛིན་གྲྭའི་ནང་གི་ལོ་ན་ཆེ་ཤོས་དང་གཟུགས་པོ་རིང་ཤོས་ཡིན་ལ། ལུས་པོར་ཤེད་ཤུགས་ལྡན་ཞིང་ལྡེམ་མྱུར་ཆེ་བས། སློབ་གྲོགས་ཚོས། ཁོའི་མིང་ལ་"རྒོད་པོ་ཐུར་མེད་"ཅེས་འབོད་པ་ཡིན།

ཁོ་རང་ནམ་རྒྱུན་སློབ་བྱོལ་བྱེད་པར་རྒྱུན་མི་ཆད་ཅིང་། དུས་རྒྱུན་ཞིང་ཁ་དང་ནགས་གསེང་དུ་སོང་ནས་སྦལ་བ་འཛིན་པ་དང་། སྡོང་འགོའི་བྱེའུ་ཚང་བསྔོགས་ནས་བྱེའུ་སྒོང་གཅོག་པར་དགའ། མཚམས་ལ་རེར། ཁོས་བྱེའུ་ཕྲུག་དམར་རྗེན་རེ་གཉིས་གློ་ཁུག་ཏུ་བཅུག་ནས་སློབ་ཁང་ནང་དུ་ཁྱེར་ཡོང་ཞིང་། དགེ་རྒན་གྱིས་སྒོ་སམ་ངོས་ལ་ཡི་གེ་འབྲི་བའི་གོ་སྐབས་དང་བསྟུན་ནས། བྱེའུ་ཕྲུག་གི་སྡེར་མོའི་སྣེ་ལ་སྐུད་པ་ཞིག་བཏགས་ཤིང་། སྐུད་སྣེ་གཞན་གཅིག ཁོའི་མདུན་གྲལ་དུ་སྡོད་པའི་སློབ་གྲོགས་ཞི་མོ་ཚོའི་སྐྲ་ཡི་སྣེ་མོར་འདོགས་པ་སོགས་བྱེད།

རེབ་ཐེངས་ཤིག་ལ། ཁོས་གྲོག་མ་མང་པོ་བསད་དེ། སྐུད་པ་གཅིག་གིས་གྲོག་རོ་རྣམས་ཀྱི་སྐེད་པ་ནས་བསྡམས་ཏེ་ཨ་ལོང་ཞིག་བཟོས་རྗེས། "འདི་ནི་ངས་གསར་གཏོད་བྱས་པའི་ཕྲེང་བ་ཞིག་ཡིན། སུ་ལ་དགོས་ན། རིན་གོང་སླ་མོ་བྱས་ནས་བཙོང་རྒྱུ་ཡིན།"ཞེས་དང་། "ང་ཚོའི་འཛིན་གྲྭའི་ནང་ན། ངའི་ཆུང་མ་བཅའ་འདོད་མཁན་ཨེ་ཡོད། གལ་ཏེ་ཡོད་ན། ངས་འདི་ལྟ་བུའི་སྐེད་རྒྱན་མང་པོ་བཟོ་ངེས་ཡིན། ཧ་ཧ་། སུ་ཡོད། ངའི་ཆུང་མ་ལ་ཡོང་མཁན་སུ་ཡོད།"ཟེར་ནས། མ་རབས་པྲ་ཆལ་གྱི་ལས་ཀ་མང་པོ་ལས་པས། དགེ་རྒན་ཚོས་ཀྱང་། ཁོ་ལ་ཞི་དྲག་གཉིས་འཛོམས་ཀྱི་བསླབ་བྱ་དང་སློབ་གསོ་མང་པོ་བཏང་མྱོང་།

ཡིན་ནའང་། འཇིག་རྟེན་ཁ་དཔེར། མི་སྐྱོན་མེད་འཛམ་བུ་གླིང་ན་མེད།། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད།། ཅེས་པ་ལྟར། ཁོ་ལ་དེ་ལྟ་བུའི་སྐྱོན་ཆ་མང་པོ་ཡོད་ནའང་། བཟང་ཆ་གཏན་ནས་མེད་པ་ཞིག་ཀྱང་མིན་སྟེ། ཁོས་སློབ་གྲོགས་ཉམས་ཆུང་གཉོམ་ཆུང་སྐོར་ལ། དུས་རྒྱུན་ཁ་ལྟ་མིག་ལྟ་བྱས་ནས་གཞན་གྱིས་བརྙས་བཅོས་བྱེད་དུ་མི་འཇུག་པ་ཡིན། སྒོས་སུ། ང་ཚོ་ཐུན་མོང་གིས་ལས་ཀ་གང་ཞིག་ལས་དུས་ཀྱང་། ཁོ་སྔ་བ་ཀུན་ཀྱི་སྔོན་མ་བྱས་ནས་ཐོན་ཡོད་ལ། འཇོར་དང་ལྕགས་ཁེམ་གྱིས་ས་སློག་རྡོ་སློག་བྱས་ནས། རྔུལ་ནག་ཆུ་བཞིན་ཞམ་ན་ཡང་། ཁོས་འཁང་ར་ཞིག་གཏན་ནས་བྱས་མ་མྱོང་བ་ཡིན།

ཁོའི་ཕ་མ་གཉིས་ཁོ་རང་ཆུང་དུས་ནས་བཟའ་འཐོར་བྱས་པ་དང་། ཁོ་རང་ཨ་ཕ་དང་མཉམ་དུ་བསྡད་ཡོད། ཁོའི་ཨ་ཕ་ནི་ནམ་རྒྱུན་ཆང་འཐུང་བ་དང་དུ་བ་འཐེན་པ། སྒྲིག་ཤོ་རྒྱག་པར་དགའ། ཆང་འཐུངས་ནས་བཟི་ཚེ་ཉིན་མ་འགའ་རེར་ཡུལ་ལ་མི་ཡོང་བ་དང་། ཡུལ་ལ་ཡོང་ཐེངས་རེར། འཇིགས་ལོ་དང་ཁོ་ཚང་གི་ཨ་མ་རྒན་མོ་གཉིས་ཀྱི་སྟེང་ལ་ཆང་སྐྱོན་འཕུད་ཅིང་། འཇིགས་ལོའི་སྐྲ་ནང་ནས་བཟུང་སྟེ། གཅར་རྡུང་བྱས་པའང་མང་པོ་ཡོད་པས། མཚམས་ལ་རེར། ང་རང་ཁོའི་ལས་དབང་ལ་སྙིང་རྗེ་སྐྱེས་མྱོང་།

མཆོད་རྟེན་ལ་འགྲོགས་ན་དཀར་པོ་དང་། སླ་ངར་འགྲོགས་ན་ནག་པོ་ཟེར་བ་ལྟར། འཇིགས་ལོས་ཀྱང་། ཁོའི་ཨ་ཕ་དང་འདྲ་བར་ལོ་རིམ་གཉིས་པ་ནས་བཟུང་དུ་བ་འཐེན་འགོ་བརྩམས། སློབ་ཁྲིད་གྲོལ་མ་ཐག ཁོ་རང་སློབ་གྲྭའི་སྤྱོད་ཁང་ནང་དུ་སོང་ནས་དུ་བ་འཐེན་ཞིང་། ཁོའི་མིག་ལ་མི་འགྲོ་བའི་སློབ་གྲོགས་ཁ་ཤས་སྤྱོད་ཁང་དུ་ཡོང་ཚེ། "གཅིག་སྐྱག་ཡོད་ན་མྱུར་དུ་ཐོངས། སྐར་ཆ་ལྔ་བཅུའི་ནང་དུ་གཅིག་སྐྱག་བཏང་མ་ཚར་ན། ཨོང་ཤའི་སྟེང་ལ་མེ་གསུར་བྱེད་རྒྱུ་ཡིན།"ཞེས་སྐྲག་སློང་བར་བྱེད།

ལོ་རིམ་ལྔ་བར་བུད་པའི་ལོ་དེ་ནས་བཟུང་། འཇིགས་ལོ་སློབ་གྲྭའི་ནང་དུ་མ་ཡོང་། གོ་ཐོས་ལྟར་ན། དུ་བ་མང་པོ་འཐེན་པའི་རྐྱེན་གྱིས། ཁོའི་ཀླད་པར་སྐྱོན་ཞུགས་ནས་རིག་པ་མི་གསལ་བར་གྱུར་བ་མ་ཟད། གློ་གཅོང་གི་ནད་བྱུང་ནས་ཟི་ལིང་གི་སྨན་ཁང་ཞིག་ཏུ་བུད་སོང་ཟེར། ལོ་དེ་ནས་ད་ལྟའི་བར་དུ། ངས་འཇིགས་ལོ་གཏན་ནས་མཐོང་མ་མྱོང་།

སློབ་གྲོགས་ལ་ལས་བཤད་ན། ཁོ་རང་ཤི་སོང་ཟེར་བ་དང་། ཡང་ལ་ལས་བཤད་ན། ཁོ་རང་རྒྱ་གར་དུ་བྲོས་ནས་ལོ་གཉིས་ཙམ་འགོར་རྗེས། ས་ཆ་དེ་ནས་བརྐུས་བྱས་པས། ཉེན་རྟོག་པས་བཟུང་ནས་ད་ལྟ་བཙོན་ཁང་ན་ཡོད་ཟེར། གང་ལྟར། ངེད་གཉིས་སློབ་གྲོགས་ཡིན་པའི་ཆ་ནས། གལ་ཏེ་ཁོ་རང་། ད་དུང་འཇིག་རྟེན་མི་ཡུལ་ན་ཡོད་ན། ངས་ཁོ་རང་མི་བཟང་བོ་ཞིག་ཏུ་གྱུར་ནས། བྱ་བ་ལམ་འགྲོ་ཡོང་བ་དང་། ཁ་ལས་རླུང་རྟ་དར་བའི་སྨོན་ལམ་འདེབས་བཞིན་ཡོད།

 ལྐོག་ཉན་དང་ལྐོག་ལྟ།

སློབ་གྲོགས་ཉི་མ་ནི་ངེད་ཅག་འཛིན་གྲྭའི་རྩལ་སྦྱོང་འཛིན་གཙོ་དང་། སློབ་གྲོགས་པ་སངས་ནི་ངལ་རྩོལ་ཨུ་ཡོན་ཡིན། ཁོ་གཉིས་སློབ་སྦྱོང་གི་ཕྱོགས་ནས་འཛིན་གྲྭའི་ནང་གི་རྩེ་མོའི་གྲས་སུ་མེད་ནའང་། ཧ་ཅང་སྡུག་ཐུག་གི་གྲས་སུའང་ལྷུང་མེད། ལྷག་པར་དུ། ཁོ་གཉིས་ཀྱི་རིག་པ་ཧ་ཅང་མྱུར་བས། གྲངས་རིག་དགེ་རྒན་གྱིས་ནམ་རྒྱུན། "ཁྱོད་གཉིས་ཀྱིས་ཧུར་བརྩོན་ཅུང་ཟད་བྱས་པ་ཡིན་ན། མ་འོངས་པར། རྒྱལ་བོ་སྲོང་བཙན་དང་བློན་པོ་ཐོན་མི་ལྟ་བུ་གཉིས་འཁྱོངས་པར་ཐེ་ཚོམ་མེད།"ཅེས་རེ་བ་ཡང་ཡང་བཅངས་ནའང་། ཁོ་གཉིས་ལ་རིག་པ་ཡོད་པ་མ་གཏོགས་བརྩོན་པ་མི་འདུག

འོན་ཀྱང་། ཁོ་གཉིས་ལ་ཐུན་མོང་གི་ཁྱད་ཆོས་གཅིག་ཡོད་པ་ནི། གཞན་གྱི་གསང་བ་ལ་ལྐོག་ཉན་དང་ལྐོག་ལྟ་བྱེད་པ་དེ་ཡིན། ལྐོག་ཉན་ལྐོག་ལྟའི་ལས་ལ་བསྐོར་ཚེ། ཁོ་གཉིས་ཀྱི་རིག་པ་སྔར་ལས་ཀྱང་ཇེ་གསལ་དུ་འགྲོ་ཞིང་། ཐབས་དང་བཀོད་པ་མང་ཞིང་ཀྱ་ཀྱུའི་གཡོ་སྒྱུ་འཛོམས་པའི་ཨ་ཁུ་ཁྲོ་ཐུང་ལྟ་བུ་གཉིས་ཡིན།

ནངས་དགོང་གི་དུས་སུ། སློབ་གྲོགས་ཚོས་ཕྱི་རོལ་གྱི་རྩལ་སྦྱོང་ར་བར་རང་སྦྱོང་བྱེད་པའི་གོ་སྐབས་དང་བསྟུན་ནས། ཁོ་གཉིས་སློབ་ཁང་དུ་འཛུལ་ཏེ། གཞན་གྱི་འཆའ་སྒམ་གློངས་ནས་གསང་བའི་ཉིན་ཐོ་ཀློག་པ་དང་། ཕྱི་ཉིན་པར། སློབ་གྲོགས་ཡོངས་ཀྱི་སྔུན་ནས། ཅིག་ཅིག་གིས་ཉིན་ཐོ་འདི་འདྲ་བྲིས་འདུག ཉིག་ཉིག་གིས་ཉིན་ཐོ་དེ་འདྲ་བྲིས་འདུག་ཟེར་ནས། སློབ་གྲོགས་ཁ་ཤས་ཤིག དོན་མེད་ངོ་ཚ་དང་ཅི་བྱ་གཏོལ་མེད་དུ་གཏོང་བ་ཡིན།

གོ་ཐོས་ལྟར་ན། ཡུལ་ལ་སོང་ནས་ས་རུབ་རྗེས་ཀྱང་། ཁོ་གཉིས་ཁྱིམ་མཚེས་གཡས་གཡོན་གྱི་ཁང་ཐོག་དང་སྒོ་ཁ། དྲ་ཁ་སོགས་སུ་འཇབས་ནས་སོང་སྟེ། དེ་བ་ཚང་གི་ཅི་བཤད་གང་ལས་ཀྱི་བྱ་བ་ལ་ལྐོག་ལྟ་ལྐོག་ཉན་མང་པོ་བྱས་པས། གཞན་གྱིས་ཁོ་གཉིས་འཛིན་བཟུང་བྱས་ནས། གཅར་རྡུང་བྱས་པ་མ་ཟད། ཁྱིམ་མཚེས་ཕན་ཚུན་གྱི་བར་ལ། སྡུག་མེད་སར་དཀའ་ལས་དང་། གྱོད་མེད་སར་ཁ་མཆུ་མང་པོ་བསླངས་པ་རེད།

ཉིན་ཞིག་ལ། ཁོ་གཉིས་ཀྱིས། ཞི་ལི་ཚོའི་སྤྱོད་ཁང་གི་གྱང་ངོས་སུ་ཁུང་བུ་ཞིག་བརྐོས་ཏེ། ཕར་ངོགས་སུ་ཡོད་པའི་ཞི་མོ་ཚོའི་སྤྱོད་ཁང་ནང་དུ་ལྐོག་ལྟ་བྱེད་བཞིན་པ་དགེ་རྒན་བུད་མེད་ཅིག་གིས་མཐོང་བས། ཁོ་གཉིས་འཛིན་བདག་ལ་སྤྲད་ཅིང་། འཛིན་བདག་གིས་ཁོ་གཉིས་ལ་གོ་སྐོན་བློ་འགུགས་ཀྱི་བསླབ་བྱ་མང་པོ་གནང་བ་དང་། ཉིན་དེའི་ཕྱི་དྲོར། སློབ་གཙོས་སློབ་གྲྭའི་སློབ་མ་ཡོངས་རྫོགས་གཅིག་ཏུ་བསྡུས་ཏེ། སློབ་མ་བཟང་བོ་ཞིག་ཅི་ལྟར་བྱེད་པའི་སྐོར་གྱི་གཏམ་བཤད་སྤེལ་སོང་།

སློབ་གཙོས་བཤད་རྒྱུར། "མི་བཟང་བོ་ཞིག་ཡོང་བར། སློབ་སྦྱོང་ལས་ཀྱང་ཀུན་སྤྱོད་གལ་ཆེ་བ་རེད། སློབ་སྦྱོང་གི་འབྲས་བུ་བཟང་བོ་ལོན་ཀྱང་། ཀུན་སྤྱོད་མི་ལེགས་པའི་མི་ནི་རྩ་བ་དུག་དང་འབྲེལ་བའི་མེ་ཏོག་དང་འདྲ་ལ། མི་དེ་འདྲ་ལག་ཆགས་རྗེས། ང་ཚོའི་རྒྱལ་ཁབ་དང་མི་རིགས་ལ་གོ་མི་ཆོད་པ་མ་ཟད། གནོད་པ་སྐྱེལ་མཁན་གྱི་འཇིགས་སྐུལ་རིང་ལུགས་པ་ཞིག་ཏུ་འགྱུར་བར་ཐེ་ཚོམ་མེད།"ཅེས་དང་། "གཞན་གྱི་གསང་བ་སྐོར་ཞིག་ལ་ལྐོག་ལྟ་ལྐོག་ཉན་བྱེད་པ་ནི་ཁྲིམས་འགལ་ཡིན་པ་རེད། དེ་ཁྲིམས་འགལ་ཡིན་དོན་ནི། མི་རྣམས་ཀྱི་བདེ་སྐྱིད་སྐོར་ཞིག་གསང་བའི་ཐོག་ནས་ཀྱང་ཡོང་གིན་ཡོད། ཁྲིམས་ལུགས་ཡག་པོ་དང་སྒྲིག་སྲོལ་ལེགས་པོ་ཞིག་ལ་བརྩི་སྲུང་བྱེད་པ་ནི། རང་གཞན་ཀུན་ལ་བདེ་སྐྱིད་བསྐྲུན་པ་རེད།"ཅེས་སོགས་མང་པོ་གསུངས་པ་མ་ཟད། "ཤིང་འཁྱོག་དྲང་ལ་ལེན་དགོས།། མྱི་འཁྱོག་ཁྲིམས་ལ་སྦྱོར་དགོས།།"ཟེར་ནས། ཁོ་གཉིས་ལ་འོས་མཚམ་གྱི་ཆད་པའང་བཅད་སོང་།

དུས་དེ་ནས་བཟུང་། ཁོ་གཉིས་ཀྱིས་ལྐོག་ལྟ་ལྐོག་ཉན་བྱེད་པའི་མ་རབས་ཀྱི་བྱ་བ་ཧ་ལམ་མ་བསྒྲུབས་པ་འདྲ་སྟེ། མཐར་ཕྱིན་རག་བར་དུ། ངས་དེའི་སྐོར་གྱི་སྐད་ཆ་ཅི་ཡང་མ་གོ ངས་བལྟས་ན། མི་ལ་བཅའ་ནི་དགོས།། ཤིང་ལ་གཞོག་ནི་དགོས།། ཟེར་བ་ནི་ངོ་མ་རེད་ལ། ཁོ་གཉིས་ཀྱང་སྔར་བྱས་རྒྱབ་བསྐྱུར་དང་། ད་བྱེད་པང་ལེན་བྱེད་ཕོད་པའི་བྱིས་པ་ཡ་རབས་གཉིས་རེད་སྙམ།

 

ཕུ་བོའི་ཉལ་ཁང་ནང་གི་མཐོང་ཐོས།

ང་ཞག་སྡོད་སློབ་མ་མིན་ནའང་། མཚམས་ལ་རེར། དམའ་འབྲིང་གསུམ་པ་ཡིན་པའི་ཕུ་བོ་ཟླ་བའི་ཉལ་ཁང་དུ་དགོང་མ་འགའ་རེ་བསྡད་མྱོང་བ་ཡིན། ཕུ་བོ་ཟླ་བ་ནི་ངའི་ཨ་མའི་མིང་བོའི་ཞི་ལི་ཡིན་ལ། ཁོ་རང་ང་ལས་ལོ་གསུམ་གྱིས་ཆེ་ཞིང་སློབ་སྦྱོང་ལ་བཟང་བ་མ་ཟད། གཏམ་ཀུ་རེ་བཤད་ན་ཐོགས་པ་མེད་ཅིང་། གླུ་ལ་གཞས་ཕྱོགས་ལ་བྱང་མ་ཡིན་པ་དེ་ཁོའི་ཁྱད་ཆོས་ཤིག་ཡིན།

ཁོ་ཚོའི་ཉལ་ཁང་དུ་མི་བརྒྱད་ཡོད་ཅིང་། ཉལ་ཁང་ནང་གི་གཡས་གཡོན་དུ་ཐོག་བརྩེགས་ཡིན་པའི་ཉལ་ཁྲི་གཉིས་རེ་བཞག་འདུག དྲ་མའི་ཁ་རུ། ངའི་ངོ་དགོང་གི་ཆེ་ཆུང་ཙམ་ཡོད་པའི་ངོ་ལྟ་ཞིག་བཞག་འདུག་ལ། དེ་ནི་ཁོ་ཚོས་ཉམས་སངས་གཏོད་བྱེད་ཀྱི་ཡོ་བྱད་མེད་དུ་མི་རུང་བ་ཞིག་རེད། དགོང་སྦྱོང་གྲོལ་ནས་ཉལ་ཁང་དུ་ཐོན་པ་ན། ཁོ་ཚོས་སོ་དང་རྐང་བ། མགོ་བོ་སོགས་བཀྲུས་རྗེས་ངོ་ལྟ་འཕྲོག་རེས་བྱས་ནས་མགོ་སྐྲ་ཡང་ཡང་བཤད་དེ་ཉམས་སངས་སྣ་ཚོགས་བཏོད་པ་ཡིན། དེ་དང་ཞོར་དུ། ཉིན་མོ་དེར་བྱུང་བའི་སློབ་ཁང་གི་དོན་དག་སྣ་ཚོགས་ལབ་གླེང་བྱེད།

ཁོ་ཚོའི་སྐད་ཆ་མང་ཆེ་བ་ནི། འཛིན་གྲྭའི་ནང་གི་ཞི་མོ་ཚོའི་སྐོར་ཡིན་ལ། དེའི་ནང་གི་སློབ་གྲོགས་རེ་གཉིས་ཀྱིས་ཁ་བརྡ་མང་བོ་མི་བྱེད་པར། ཉིན་དེའི་སློབ་ཁྲིད་ཀྱི་ནང་དོན་ལ་བསྐྱར་སྦྱོང་བྱེད་པ་དང་། རྒྱ་བོད་དབྱིན་གསུམ་གྱི་དཔེ་ཆ་སྣ་ཚོགས་ལ་ལྟ་བ་རེད། མཚམས་ལ་རེར། ཁོ་ཚོས། དགེ་རྒན་སུ་ཞིག་ནི་ཁོག་རྒྱ་ཆེ་བ་དང་སུ་ཞིག་ནི་སྤོ་འཐུས་ཡིན་པ། སུ་ཞིག་གིས་གཅར་རྡུང་བྱེད་པ་དང་སུ་ཞིག་ལ་སྙིང་རྗེ་ཆེ་བ་སོགས་ལབ་ཡོང་། ཁོ་ཚོས་བཤད་ན། ཁོ་ཚོའི་དབྱིན་ཡིག་དགེ་རྒན་ནི། སྤམ་ཆེ་བ་རྒྱ་བཟའ་ཀོང་ཇོ་འདྲ་བ་དང་། སྤོ་ཆེ་བ་ཨ་སྟག་ལྷ་མོ་འདྲ་བ་ཞིག་ཡིན་ཟེར། སང་ནངས་དབྱིན་ཡིག་གི་ནངས་སྦྱོང་ཡིན་པའི་དགོང་མོར། ཁོ་ཚོར་ངོ་ལྟ་འཕྲོག་རེས་བྱས་ནས་ཉམས་སངས་ལ་རྒྱག་ཁོམ་མེད་པར། དབྱིག་ཡིག་གི་མིང་ཚིག་མང་བོ་བློར་འཛིན་བྱེད་པ་རེད།

ཡང་སྐབས་སྐབས་སུ། ཁོ་ཚོས་གླུ་དང་གླུ་དབྱངས་བླངས་ནས་སེམས་པ་སྐྱིེད་ལ་བསྐུར་ཞིང་། ངའི་ཕུ་བོ་ནི་ཁོ་ཚོའི་ནང་གི་རྩེ་གྲ་ཡིན་པ་རེད། ངའི་ཕུ་བོ་དེ་གླུ་དབྱངས་ལེན་པ་ལས་ཀྱང་། དམངས་གླུ་དང་ལ་གཞས་བླངས་ན་ཧ་ཅང་ངར། ངས་ཁོས་བླངས་པའི་གླུ་དང་ལ་གཞས་མང་བོ་ཞིག་གི་ནང་དོན་ཡག་པོ་ཞིག་མ་གོ་ཡང་། དེ་ལས་རེ་གཉིས་ཤིག་ངས་ད་ལྟའང་ད་དུང་བརྗེད་མེད་པ་ནི། དམངས་གླུ་དཔེར་ན།


"སྟོད་འདུ་ཁང་ཆེན་མོའི་ཁྲི་སྟེང་ན།།
རྗེ་བླ་མ་ན་བཟའ་སེར་བོ་ཅན།།
ཆོས་ལམ་རིམ་གསུང་ནོ་ཡག་རེ་ལྟོས།།
གན་ཡང་ཡང་གསུང་གི་སྨོན་ལམ་འདེབས།།


སྨད་གྲོང་རྡལ་དཀྱིལ་གྱི་སློབ་གྲྭ་ན།།
རྒན་དམ་པ་ཐུགས་རྒྱུད་སྙིང་རྗེ་ཅན།།
གསུང་སློབ་ཁྲིད་བྱས་ནོ་བཟང་རེ་ལྟོས།།
གན་ཡང་ཡང་བཟང་གི་སྨོན་ལམ་འདེབས།།


བར་གཡང་ཁྱིམ་ཚང་གི་གོ་ཁ་ན།།
ཡུལ་ཕ་མ་ཤེས་རྒྱ་ཁོག་རྒྱ་ཅན།།
ནང་བུས་ཕྲུག་འཛོམས་ནོ་སྐྱིད་རེ་ལྟོས།།
གན་ཡང་ཡང་སྐྱིད་པའི་སྨོན་ལམ་འདེབས།།" ཞེས་དང་།

ལ་གཞས་བླངས་པ་དཔེར་ན།


"བྱ་ཁུ་ལོ་རྒྱ་གར་ཡུལ་ནས་སྡུག།
བྱེའུ་འཇོལ་མོ་རྒྱ་རྫོང་ནགས་ནས་སྡུག།
ཕྱོགས་ཕྱོགས་ནས་སྡུག་ནོ་དོན་མེད་རེད།།
ཤིང་སྡོང་མགོ་གཅིག་ལ་སྨོན་ལམ་འདེབས།།


མ་ཁྱོད་ཀྱིས་སྡེ་ཆེན་གྲོང་ནས་དྲན།།
ཕོ་ང་ཡིས་སློབ་རའི་གླིང་ནས་དྲན།།
ཕྱོགས་ཕྱོགས་ནས་དྲན་ནོ་དོན་མེད་རེད།།
ཁྱིམ་བཟའ་ཚང་གཅིག་ལ་སྨོན་ལམ་འདེབས།།" ཞེས་དང་།

ཡང་ལ་གཞས་གཞན་ཞིག་ནི་དཔེར་ན།


"ནགས་རྒྱ་རྫོང་ནང་གི་གསོམ་དཀར་ཁྱོད།།
བྱ་ཁུ་ལོའི་ཉིན་དྲན་མཚན་དྲན་ཡིན།།
དྲན་བཏང་ན་འཕུར་འདོད་མི་སྐྱེ་གི།
རིག་བཏང་ན་འགྲོ་འདོད་མི་ཡོང་གི།


ས་སྡེ་ཆེན་གྲོང་གི་པད་མ་མཚོ།།
བུ་ང་ཡི་ཉིན་དྲན་མཚན་དྲན་ཡིན།།
དྲན་བཏང་ན་གཉིད་རྒྱུ་མི་ཡོང་གི།
རིག་བཏང་ན་ཟ་མ་མི་དགོས་ཀི།" ཞེས་པའོ།།


གྲངས་རིག་དགེ་རྒན་དང་ཕ་ཡར།

བསླབ་བྱ་དག་གི་ནང་ནས། ང་རང་ཆེས་དགའ་བ་ནི་བོད་ཡིག་དང་དབྱིན་ཡིག་ཡིན་ལ། དེ་ཙམ་མི་དགའ་ཞིང་བསླབ་འབྲས་བཟང་རྒྱུ་མེད་པ་ནི་གྲངས་རིག་ཡིན། གྲངས་རིག་སློབ་ཁྲིད་ཚོགས་ལ་ཉེ་སྐབས། ངའི་སེམས་སུ། ཁ་སང་བྲིས་པའི་ལས་བྱ་དེ་དག་འགྲིག་ཡོད་དམ། དགེ་རྒན་གྱིས། དེ་རིང་ཡང་ང་རང་སྒོ་སམ་སྟེང་དུ་བོས་ནས་སྡུག་ལ་གཏོད་སྲིད་དམ་སྙམ་ནས། སེམས་ཁུར་དང་སེམས་ཚེགས་མང་བོ་བྱས་མྱོང་།

གྲངས་རིག་གི་ལས་བྱ་གཏན་ནས་མ་ཤེས་པའི་སྐབས་སུ། ངས་གཞན་གྱི་ལས་བྱ་འབྲི་དེབ་ཁྱེར་ཡོང་ནས་བཤུ་འབྲི་མི་བྱེད་ག་མེད་བྱུང་། ལས་བྱ་བཤུ་འབྲི་བྱས་པའི་རྐྱེན་གྱིས། གྲངས་རིག་དགེ་རྒན་གྱིས་བཀའ་བཀྱོན་མང་བོ་གནང་བ་དང་། སློབ་ཁང་གི་གྲལ་མགོར་བརྩེངས་ནས་ལག་མཐིལ་ལ་དབྱུག་པས་མང་བོ་བྲབས་མྱོང་། དེ་ལྟ་ནའང་། གྲངས་རིག་དགེ་རྒན་ནི། གྲི་ཚོད་མེད་གཡུགས་ནས་གྲོགས་པོ་གསོད་མཁན་དང་། གཏམ་ཚོད་མེད་བཤད་ནས་མྱི་སེམས་གཅོག་མཁན་ཞིག་མ་ཡིན་པར། བཀའ་བཀྱོན་དང་ཕྱག་འཇུག་གནང་བའི་རྗེས་སུ། མྱུར་དུ་ཐབས་ལམ་སྣ་ཚོགས་སྤྱད་ནས། ངའི་སེམས་ཁམས་གསོ་བ་དང་སྐུལ་ལྕག་ཐེབས་པའི་བསླབ་བྱ་ཡང་ཡང་གནང་བ་ཡིན།

མོས་བཤད་རྒྱུར། "ལས་བྱ་མི་ཤེས་པའི་སྐབས་སུ། མྱུར་བ་མྱུར་དུ་གཞན་གྱི་ལས་བྱ་བཤུ་འབྲི་བྱེད་མི་རུང་བར་བསམ་བློ་ཡང་ཡང་གཏོང་བ་དང་། གྲོགས་པོ་ཕན་ཚུན་ལ་གྲོས་སྡུར་བྱེད་པ། དེ་མིན་ན། དགེ་རྒན་ལ་འདྲི་རུ་འོངས་ན་འོས། མི་རིག་ན་སྒང་ལ་འབུད་པ་དང་མི་ཤེས་ན་རྒན་ལ་འདྲི་བ་ནི་བྱ་བ་ཡག་པོ་ཞིག་ཡིན་པ་མ་གཏོགས། ངོ་ཚ་ཞིག་གཏན་ནས་མིན།"ཞེས་དང་། "ངས་བལྟས་ན། ཁྱོད་རང་བྱིས་པ་གཞུང་དྲང་ཞིག་རེད། ལས་བྱ་བཤུ་འབྲི་བྱེད་པ་ནི་ཁྱོད་ཀྱི་གནས་སྐབས་ཀྱི་སྐྱོན་ཆ་ཙམ་ཡིན། ཤུ་རེ་བྱོས་དང་ཡར་ཐོན་ལོས་ཡོད།"ཅེས་དང་། ཡང་ཁོ་མོས། "བྱ་བ་གང་ཞིག་བསྒྲུབ་དགོས་ཀྱང་། བྱ་བ་དེ་སྡུག་མེད་བདེ་ལེགས་ཀྱིས་འགྲུབ་པའི་ཆ་རྐྱེན་གཙོ་བོ་གཅིག་ནི། ཐབས་ལམ་གྱི་བཟང་ངན་ལ་རག་ལས་ཡོད། ངས་ཁྱོད་ལ་གྲངས་རིག་སྦྱོང་བའི་མན་ངག་འགའ་ངོ་སྤྲོད་བྱེད།"ཟེར་ནས། གྲངས་རིག་སྦྱོང་སྐབས་བསམ་བློ་ཅི་ལྟར་གཏོང་བ་དང་དཀའ་གནད་ཅི་ལྟར་སེལ་བའི་ཐབས་ལམ་སྐོར་ཞིག་གསུངས་མྱོང་།

ང་ལ་གྲངས་རིག་གི་དཀའ་གནད་སྐོར་ནས། མཛུབ་སྟོན་དང་བློ་འབྱེད་བྱེད་མཁན་གཞན་ཞིག་ནི་བདག་གི་ཕ་ཡར་ལགས་ཡིན། ཨ་ཕ་ཚེ་ལས་འདས་པའི་ལོ་གསུམ་པར། ཨ་མས་ཡང་བསྐྱར་སྐྱེས་པ་ཞིག་བཙལ་ཞིང་། ཁོ་ནི་སྔོན་ཆད་དགེ་རྒན་གྱི་ལས་ཀར་འཇུས་མྱོང་མཁན་ཞིག་རེད། ཐོག་དང་པོར་ཁོ་ངེད་ཚང་ལ་ཡོང་དུས། ངས་ནི་ཁོ་རང་། མི་ཅི་འདྲའི་ངོ་གནག་ཅིག་དང་བཙན་པོ་ཞིག ང་ལ་འདང་མེད་པ་ཞིག་རེད་འདོད་མོད། རྟ་ཡི་བཟང་ངན་བརྒྱུགས་ན་ཤེས། མི་ཡི་བཟང་ངན་འགྲོགས་ན་ཤེས་ཟེར་བ་ལྟར། བསྡད་ཀྱིན་བསྡད་ཀྱིན། ཁོ་ནི་ང་ལ་ཤ་ཚ་བའི་ཁར། ངའི་གྲངས་རིག་ལས་བྱ་ལ་ཕྱོགས་སྟོན་བྱེད་པའི་དགེ་རྒན་བཟང་བོ་ཞིག་རེད།

ངས་གྲངས་རིག་ལས་བྱ་མི་ཤེས་པའི་སྐབས་སུ། ཁོས་ང་ལ་ཁོང་ཁྲོ་སློང་བའི་གཤེ་གཤེ་གང་ཡང་མི་གཏོང་བར། ཐོག་མར་ཁྲེ་ཙེ་དང་ཟླུམ་གོར། རྩིས་ཕྲེང་སོགས་གྲ་སྒྲིག་བྱས་ནས་ལག་ལེན་བྱེད་དུ་བཅུག་པ་དང་། དེ་ནས་མི་ཤེས་ན། རི་མོ་འབྲི་བ་དང་དངོས་པོའི་དབྱིབས་གཟུགས་ལས་ནས་ང་ཡི་བློ་སྒོ་འབྱེད་པར་བྱེད། མཚམས་ལ་རེར། ངས་ལས་བྱ་མ་ཚར་བར་ནམ་གུང་གི་ཆུ་ཚོད་བཅུ་གཅིག་བཅུ་གཉིས་ལ་ཐོན་ནའང་། ཁོ་ལ་སུན་སྣང་གང་ཡང་མེད་པར། ང་ལ་ཚད་མེད་པའི་རོགས་རམ་དང་མཐའ་མེད་པའི་རྒྱབ་སྐྱོར་གང་མང་བྱས་པ་ཡིན།

ཡང་མཚམས་ལ་རེར་ལས་བྱ་མེད་པའི་དགོང་མོར། ཁོས་ང་དང་མཉམ་དུ་འགུལ་རིས་བརྙན་འཕྲིན་ལ་ལྟ་བ་དང་བོད་ཡིག་དང་རྒྱ་ཡིག་གི་སྒྲུང་གཏམ་ཀློག་པ་ཡིན། མ་ཟད། ཁོས་གནའ་གཏམ་མང་བོ་བཤད་ཤེས་པ་དང་། སྒོས་སུ་རོ་སྒྲུང་དང་གླིང་སྒྲུང་མང་བོ་བཤད་པས། ངའི་བོད་ཡིག་གི་རྩོམ་ཡིག་འབྲི་བར་ནུས་པ་ཆེན་པོ་ཐོན་ཅིང་། ད་ལྟ། ང་རྩོམ་པ་པོ་ཞིག་ཏུ་གྱུར་བ་ཡང་ཁོང་གི་བཀའ་དྲིན་དང་འབྲེལ་ཐབས་མེད་པ་ཡིན།

( མུ་འགོད།)

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།10

དཔྱད་མཆན་སྤེལ།