བདག་གི་བྱིས་པའི་ལོ་རབས། (བྱིས་རྩོམ ཁག་གསུམ་པ།)

 

བདག་གི་ཨ་མ།

བཤད་སྒྲོས་ཤིག་ལ། མ་མཛངས་མར་ཡོན་ཏན་བརྒྱད་ཚང་ཡིན་ཟེར་ནས། བུད་མེད་ཡ་རབས་ཤིག་ཡིན་ན་ཁྱད་ཆོས་བརྒྱད་ཚང་དགོས་པ་བཤད། གལ་སྲིད། དེ་ལྟར་གྲངས་ཀ་ཞིག་བརྩི་དགོས་པའི་དབང་དུ་བཏང་ན། ངའི་ཨ་མ་ལ་ནི། བརྒྱད་གཉིས་བཅུ་དྲུག་དང་བརྒྱད་གསུམ་ཉེར་བཞི་བརྩི་དགོས་ཀྱང་བརྩི་རྒྱུ་ཡོད་མེད་ལ་འདང་རྒྱག་མི་དགོས་སྙམ།

ངའི་ཨ་མའི་ཁྱད་ཆོས་གཙོ་བོ་གཅིག་ནི། བྱ་བ་གང་བསྒྲུབས་ཀྱང་གོ་རིམ་ཡོད་པ་དང་འཆར་གཞི་ལྡན་པ་དེ་ཡིན། ནངས་སྔ་མོར་མལ་ལས་ལངས་རྗེེས། མོས་ཐོག་མར་ཁ་ལག་གཙང་མར་འཁྲུད་པ་དང་། དེ་ནས་མཆོད་པ་གཤོམ་པ་དང་ཕྱག་འཚལ་བ། ཁྱིམ་ལ་གཙང་སྦྲ་བྱེད་པ། ནངས་ཇ་སྐོལ་བ་སོགས་ཡིན། མོའི་བྱ་བ་སྒྲུབ་སྟངས་ལ་གོ་རིམ་དང་འཆར་གཞི་ཡོད་པས། ལས་ཀ་ཇི་ལྟར་མང་ཡང་མི་འགྲུབ་པ་དང་མི་ཚར་བ་མེད་ཅིང་། དཀའ་སྡུག་ཅི་འདྲར་ཐུག་ཀྱང་། དེ་ལ་ཕྱིར་སྣུར་དང་དཔའ་ཞུམ་སྤ་བཀོང་བྱེད་མཁན་ཞིག་ཀྱང་གཏན་ནས་མིན། མོས་རྒྱུན་དུ། "འཇིག་རྟེན་ཁམས་ན་དཀའ་ལས་རྒྱག་མི་དགོས་པའི་ལས་ཀ་ཞིག་གང་དུ་ཡོད། སློབ་མ་ཞིག་གིས་སློབ་སྦྱོང་བྱས་ནའང་དཀའ་ཁག་ཏན་ཏན་ཡོད་མོད། དཀའ་ཁག་ལ་མགོ་མི་སྒུར་བ་ནི་ད་གཟོད་སློབ་མ་བཟང་བོ་ཡིན།"ཟེར།

བྱིས་པ་རང་གི་བྱིས་པ་ཡག ལོ་ཏོག་གཞན་གྱི་ལོ་ཏོག་ཡག་ཟེར་བའི་ཁ་དཔེ་ལྟར། འཇིག་རྟེན་གྱི་ཨ་མ་ཡོད་ཚད་རང་གི་བྱིས་པ་ལ་འདང་མི་ཆེ་མཁན་དང་། ཤ་མི་ཚ་མཁན་ཞིག་མེད་མོད། ངས་བལྟས་ན། བདག་གི་ཨ་མ་ནི་ཨ་མ་གཞན་པ་དག་ལས་ཀྱང་ཐབས་མཁས་ཐུགས་རྗེ་མངའ་བ་ཞིག་རེད་སྙམ། ནངས་དགོང་གི་ལས་བྱ་བྲིས་ཚར་བ་དང་དཔེ་ཆར་མི་ལྟ་བའི་སྐབས་སུ། ངས་ཀྱང་མོ་དང་མཉམ་དུ་ཁྱིལ་ལས་སྣ་ཚོགས་ལས་པ་ཡིན། མོས་ང་ལ་དཀར་ཡོལ་དང་ཐུར་མ། དབུགས་རྡིག ཟངས་ང་། ཇ་དེམ། ནང་མི་རྣམས་ཀྱི་གོན་པ་སོགས་བཀྲུ་ཚུལ་དང་། ཚོད་མ་དང་ཐུག་པ། གོ་རེ་སོགས་ཇི་ལྟར་བཅའ་དགོས་པ་སློབ་ཅིང་། སྒོས་སུ། སྡེ་གཞུང་དང་རུ་ཁ་ཁྱིམ་མཚེས་བར་ལ་རོགས་རམ་བྱེད་དགོས་པ་བཤད།

སྐབས་འགའ་རེེར། ང་རང་ལྗིད་མོ་དང་དཀའ་ཁག་ཅན་གྱི་ལས་ཀར་འཕྲད་དུས་ཀྱང་། ཁོ་མོས་ཟུར་བཤད་ཙམ་དང་མཛུབ་སྟོན་ཙམ་གནང་བ་ལས་རོགས་རམ་མི་བྱེད་པ་ཡིན། དང་ཐོག ངས་ཁོ་མོས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་མ་ཤེས་མོད། རྗེས་ནས་འདང་བརྒྱབ་ན། ཡིན་རྒྱུ་ནི། ང་རང་ཆུང་དུས་ནས་ལས་ཀ་ལས་ཤེས་པ་དང་། དཀའ་ཁག་གདོང་གིས་བསུ་ནུས་པའི་བྱིས་པ་ཞིག་ཏུ་སྐྱེད་སྲིང་བྱེད་འདོད་པ་ཡིན་འདུག

ངའི་ཨ་མའི་ཁྱད་ཆོས་གཞན་ཞིག་ནི། དུས་ཚོད་དམ་འཛིན་བྱེད་ཤེས་པ་དེ་ཡིན། དུས་ཚོད་དམ་འཛིན་བྱེད་དགོས་པའི་ཕྱོགས་ནས། མོས་ང་ལ་གཏམ་རྒྱུད་ཅིག་བཤད་མྱོང་བ་གཤམ་དུ་བཀོད་པ་འདི་ཡིན་ལ། "སྐར་མ་གང་ཡང་དམ་འཛིན་བྱེད་དགོས།"ཟེར་བ་ནི། གཏམ་རྒྱུད་འདིའི་ཁ་བྱང་ཡིན།

"གནའ་སྔ་མོར། མིང་ལ་རིག་ལྡན་ཟེར་བའི་བྱིས་པ་ཞིག་ཡོད། ཁོ་རང་སློབ་གྲྭར་འགྲོ་དགོས་པའི་ནངས་མོ་ཞིག་ལ། དུས་ཚོད་ཀྱི་བརྡ་དྲིལ་སིང་སིང་གྲགས་ནའང་། ཁོས་སྐར་མ་གཅིག་ཕྱིར་འགྱངས་བྱས་ཀྱང་སྐྱོན་མི་འདུག་སྙམ་ཏེ་ཉལ་ནས་བསྡད། ཁོས་ཉལ་སའི་ནང་ནས་སྐར་མ་གཅིག་ཆུད་ཟོས་བཏང་རྗེས། མྱུར་དུ་ཡར་ལངས་ནས་སློབ་གྲྭར་སོང་། ཁོ་མི་བགྲོད་འཕྲེད་ལམ་ནས་ཕར་ལ་འགྲོ་རན་དུས། ཏག་ཏག་བརྡ་སྟོན་གློག་དམར་ཤར་བྱུང་བས། ཁོས་དེ་ནས། སྐར་མ་གཅིག་ལ་བསྒུགས་རྗེས་ད་གཟོད་ཕར་ལ་སོང་།

ཡང་ཁོ་རང་། སྤྱི་འགྲུལ་རླངས་འཁོར་སྡོད་སར་ཐོན་ནས། རླངས་འཁོར་གྱི་འགྲམ་དུ་བརྒྱུགས་ཏེ་ནང་དུ་འབུད་འདོད་དུས། དུས་ཚོད་ཐོན་པའི་རྐྱེན་གྱིས། རླངས་འཁོར་དེ་སྐར་ཆ་གཅིག་ཙམ་ལ་ཡང་མི་སྒུག་པར། ཁོའི་མིག་ལམ་ནས་ཕར་ལ་བུད་སོང་བས། ཁོས་ཡང་བསྐྱར་སྐར་མ་འགའ་ལ། རླངས་འཁོར་རྗེས་མར་མི་སྒུག་ག་མེད་བྱུང་། དེ་ལྟར། ཁོ་རང་སློབ་གྲྭར་ཐོན་དུས། ནངས་སྦྱོང་འཚོགས་ནས་སྐར་མ་ཉི་ཤུ་འགོར་ཟིན་པ་དང་། དགེ་རྒན་གྱིས་སློབ་ཁང་དུ། སློབ་གྲོགས་གཞན་པ་དག་ལ་ཟུར་ཁྲིད་བྱེད་བཞིན་འདུག སྐབས་དེར། རིག་ལྡན་གྱི་སེམས་སུ། ཉལ་སའི་ནང་ནས་སྐར་མ་གཅིག་འགོར་འགྱངས་བྱས་པར་འགྱོད་པ་ཆེན་པོ་སྐྱེས།"

 

                      གོ་རེ་གཅིག་གི་སྐྱིན་པ།

གཟའ་ཉིན་མའི་ཕྱི་དྲོར་སློབ་གྲྭར་འགྲོ་དུས། སློབ་གྲོགས་ཚོས་དཔེ་ཆ་དང་མཉམ་དུ་གོ་རེ་དང་རྩམ་པ། སིལ་ཏོག སྐོམ་ཆུ་སོགས་འཁྱེར་ཡོང་བ་ཡིན། དེ་ནི་ཁོ་ཚོས། སློབ་ཁྲིད་ཀྱི་བར་གསེང་དང་ནངས་དགོང་གི་དུས་སུ་ཟ་བ་ཡིན། སྒོས་སུ། དགོང་སྦྱོང་གྲོལ་ནས་ཉལ་ཁང་དུ་ཐོན་ཚེ། སློབ་གྲོགས་ལ་ལ། ལྟོགས་ནས་རྟ་རྒོད་རྒྱུག་རྒྱུག་དང་སྐོམ་ནས་རྟེའུ་འཚེར་འཚེར་བྱེད་ཅིང་། གཡས་གཡོན་གྱི་ཉལ་ཁང་དུ་སོང་ནས། རང་གི་བཟང་ས་དང་གྲོགས་པོ་དག་གི་ལག་ནས་གོ་རེ་སློང་བ་དང་། སློབ་གྲོགས་བཙན་པོ་དང་ལྟོ་རྐྱལ་དག་གིས། སློབ་མ་གཉོམ་ཆུང་རྣམས་ཀྱི་གོ་རེ་བཙན་གྱིས་འཕྲོག་ནས་ཟ།

ང་ཚོའི་ཉལ་ཁང་ནང་དུ་སློབ་མ་བཅུ་གཉིས་ཡོད་ཅིང་། ཉལ་ཁྲི་གཅིག་གི་སྟེང་ན་སློབ་མ་གཉིས་རེ་ཉལ་བཞིན་ཡོད། དགུན་ཁར། ཆུ་ཚོད་དགུ་བའི་སྟེང་དགོང་སྦྱོང་གྲོལ་བ་དང་། ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་། ལས་རེས་དགེ་རྒན་ཉལ་ཁང་ནང་ལ་ཡོང་ནས་མི་གྲངས་ལེན་པ་དང་གཙང་སྦྲ་ལ་ཞིབ་བཤེར་བྱེད་པ་ཡིན། ཁོ་ཚོ་ཕྱིར་སོང་རྗེས། སློབ་མ་ཚོ་ཉལ་སའི་ནང་ནས་བྱི་ལོང་འབུར་འབུར་དང་། ཆུ་ཁོལ་གདུ་གདུ་བྱས་ནས་གྲགས་འགུལ་ཇེ་མང་དུ་འགྲོ་བ་རེད།

ང་ཚོས་ཉལ་ཁང་ནང་ནས་གླུ་དབྱངས་ལེན་རེས་དང་ཁད་བཤད་རེས། ཀུ་རེ་རྩེ་རེས། གོ་རེ་དང་སྐོམ་ཆུ་འཐུངས་ནས་སྡོད་པའི་སྐབས་སུ། དུས་རྒྱུན་ཉལ་ཁང་དུ་ཡོང་མཁན་ནི། དམའ་འབྲིང་གཉིས་པ་དང་གསུམ་པའི་སློབ་མ་སྐོར་ཞིག་ཡིན། ཁོ་ཚོས་ང་ཚོ་དང་མཉམ་དུ་གོ་རེ་ཟ་བ་དང་། ཡང་ན་གོ་རེ་དང་སྐོམ་ཆུ་ཁྱེར་ནས་ཕྱིར་ཁོ་ཚོའི་ཉལ་ཁང་དུ་བུད་འགྲོ དེ་དག་ནང་ནས་སློབ་གྲོགས་ལ་ལས། ཁ་ཡག་ངོ་བསྟོད་བཤད་པ་དང་ཁ་འཇམ་ལག་འཇམ་བྱས་ནས་གོ་རེ་སློང་བ་དང་། ཡང་ལ་ལས། འཇིགས་སྐུལ་ཞེད་སློང་དང་གཡོ་སྒྱུ་ཁྲམ་གསུམ་བཀོལ་ནས་བཙན་གྱིས་ཁྱེར་བའང་ཡོད།

དེ་དག་གི་ནང་ནས། ང་ཚོ་ཆེས་སྡུག་ལ་གཏོད་མཁན་ནི་དམའ་འབྲིང་གཉིས་པའི་སློབ་གྲོགས་ནོར་བུ་རྒྱལ་མཚན་ཟེར་བ་དེ་ཡིན། སློབ་གྲོགས་དེ་ཉལ་ཁང་ལ་ཐོན་དུས་སྐད་ཆ་ཡག་པོ་གཅིག་ཀྱང་མི་བཤད་པར། "ཡ་སྐྱག་ཕྲུག་ཚོ། དེ་རིང་ཡང་ཁྱོད་ཚོས་ཨ་ལགས་ལ་མཇལ་དར་འབུལ་དགོས། མཇལ་དར་ལ་གོ་རེ་དང་རྩམ་པ། སྒོས་སུ། ཤ་སྐམ་དང་ཁོལ་ཁོལ་ཁུ་ནག་ཡོད་ན་ཧ་ཅང་བཟང་།"ཟེར་ཞིང་། བྱིན་ན་བཀའ་དྲིན་མེད་ཅིང་། མ་བྱིན་ན་གཅར་རྡུང་བྱེད་པའི་སློབ་མ་མ་རབས་ཤིག་ཡིན།

ངའི་ཉལ་རོགས་ནི། འབྲོག་ཕྱོགས་ནས་ཡོང་བའི་སློབ་གྲོགས་ཚེ་རིང་དབང་ཕྱུག་ཡིན། སློབ་གྲྭར་ཡོང་དུས། ཁོས་འབྲོག་ཕྱོགས་ཀྱི་ཐོན་རྫས་གཙོ་བོ་མར་དང་རྩམ་པ། ཤ་སྐམ་སོགས་ཁྱེར་ཡོང་བ་དང་། ངས་ཡུལ་ནས་གོ་རེ་ཐལ་བསྲེགས་མ་ཁྱེར་ཡོང་བ་ཡིན། ངེད་གཉིས་ཀྱིས་ཟ་མ་དེ་དག་གོར་སྒམ་གཅིག་ཏུ་འཇོག་པ་དང་། ནངས་དགོང་གི་སྐབས་སུ་མཉམ་ཟ་མཉམ་འཐུང་བྱས་པ་ཡིན། ངེད་གཉིས་ལ་དེ་ལྟར་ཟ་རྒྱུ་མང་བོ་ཡོད་ནའང་། དཀའ་ལས་འབངས་ཀྱིས་བརྒྱབ། སྐྱིད་པོ་དཔོན་པོས་བྱས་ཟེར་བ་ལྟར། སློབ་གྲོགས་ནོར་བུ་རྒྱལ་མཚན་ཐོན་དུས། ཟས་ཞིམ་པོ་ཡོད་ཀྱང་ཟ་དབང་དང་། གོས་ཡག་པོ་ཡོད་ཀྱང་གོན་དབང་མེད་པ་ཡིན།

རེབ་ཐེངས་ཤིག་ལ། ངས་ཨ་མས་བསྲེགས་པའི་གོ་རེ་ཟར་མ་ཞིག་སློབ་གྲྭར་ཁྱེར་ནས་སོང་། དགོང་སྦྱོང་གྲོལ་རྗེས། ཚེ་རིང་དབང་ཕྱུག་དང་ངེད་གཉིས་ཀྱིས་མགོ་བོ་ཉལ་ཐུལ་གྱིས་བཏུམས་ནས་གོ་རེ་དེ་བཟའ་གྲབས་བྱེད་སྐབས། ནོར་བུ་རྒྱལ་མཚན་ཐོན་ནས། "སྤྲང་ཕྲུག་གཉིས་ཀ་སྐྱིད་པོ་རེད་ལ། གོ་རེ་འདི་འདྲ་ཞིམ་པོ་ཡོད་ན་ཐོག་མར་ང་ལ་མི་འབུལ་བར། ཁྱོད་གཉིས་ཀྱིས་ཟ་སྲོལ་གང་ན་ཡོད། ངོ་མ་ངོ་ཚ་མེད་པ་རེད།"ཟེར་ནས། ཁམ་བུ་གང་ཡང་ཟོས་མེད་པའི་གོ་རེ་དེ་ཁྱེར་ནས་བུད་སོང་། ངའི་སེམས་སུ། དོན་ངོ་མར་ངོ་ཚ་མེད་པ་ནི། ཁྱོད་ཡིན་པ་ལས་ངེད་གཉིས་ག་ལ་ཡིན་སྙམ་མོད། ཁོའི་ངོར་བལྟས་ནས་སྐད་ཆ་གཅིག་ཀྱང་མ་ཤོད།

རྗེས་སུ། ངེད་ཚང་གི་འཛིན་གཙོ་གསང་བདག་གིས། ནོར་བུ་རྒྱལ་མཚན་གྱིས་ཉལ་ཁང་ནང་དུ་སློབ་མ་རྣམས་ལ། ཅི་ལྟར་བརྙས་བཅོས་དང་གང་ལྟར་ཐུབ་ཚོད་བྱེད་པ་སོགས་འཛིན་བདག་ལ་བཤད་པས། འཛིན་བདག་གིས་ཁོ་ལ། སྔར་བྱས་ལ་འགྱོད་བཤགས་དང་སྐྱིན་ཚབ་འཇལ་བ། རྗེས་ཕྱོགས་དེ་འདྲ་གཏན་ནས་ལས་མི་ཆོག་པར་དམ་བཅའ་འཇོག་ཏུ་བཅུག དེ་དུས། ཁོས་འཛིན་བདག་གི་མདུན་ནས་བདག་གི་ངོ་ལ་བལྟས་ཏེ། "ངས་ཁྱོད་ཀྱི་གོ་རེ་དེའི་སྐྱིན་པ་སྟེར་ངེས་ཡིན། སྟེར་ཁོ་ཐག་ཡིན། མི་སྟེར་ན་དཀོན་མཆོག་གསུམ།"ཟེར་ནས། ཁུང་ཁ་རྡོ་ཡིས་བཅད། ཚིག་རྟིང་མནའ་ཡིས་མནན་ཡོད་ནའང་། དུས་ད་ལྟའི་དབར་དུ། ཁོས་ང་ལ་གོ་རེ་དེའི་སྐྱིན་པ་བྱིན་མ་མྱོང་།

                           ཁ་ཏོག་མང་བོ་ཟོས་པའི་མཇུག་འབྲས།

ངའི་གྲོགས་པོ་ཟླ་བ་ཚེ་རིང་ནི་སོབ་གོར་དང་ཧེམ་བག་ཟ་རྒྱུར་དགའ། ཁོ་ལ་སྒོར་མོ་འགའ་རེ་ཡོད་དུས། སློབ་གྲྭའི་སྒོ་ཁར་ཡོད་པའི་ཚོང་ཁང་དུ་སོང་ནས་ཁ་ཏོག་སྣ་ཚོགས་དང་། ཁོལ་ཁོལ་ཁུ་ནག་སོགས་ཉོས་ཡོང་བ་ཡིན། ཁོ་ནི་མི་ལག་ཡངས་ཤིག་སྟེ། རང་ལ་ཟ་རྒྱུ་གང་ཡོད་གཞན་ལ་སྟེར་རྒྱུར་སེར་སྣ་མེད་པ་དང་། ཡོད་དུས་ནངས་ཟ་དགོང་ཟ་དང་། མེད་དུས་ཁ་ལྕེ་བསྐམས་ནས་གཞན་གྱི་ཁ་ནང་ལ་ཅེར་ནས་འགྲོ་མཁན་ཞིག་ཀྱང་ཡིན།

ཁོས་རང་ལ་ཡོད་པའི་བཟའ་བཏུང་རྣམས་རང་གིས་ཟ་བ་དང་། སེར་སྣ་མེད་པར་གཞན་ལ་སྟེར་བའི་རྐྱེན་གྱིས། ཡུལ་ནས་ཁྱེར་ཡོང་བའི་གོ་རེ་དང་ཁ་ཏོག་གིས་ཉིན་མ་མང་བོར་མི་འདང་བ་ཡིན། ཁོ་ནི་ངོ་མ་ཟ་ཧེབ་ཆེ་བ་ཞིག་རེད་དེ། རང་ལ་ཟ་རྒྱུ་མེད་སྐབས། ཁོ་རང་ཉལ་ཁྲིའི་ཐོག་ཏུ་སོང་ནས་དཔེ་ཆར་ལྟ་བ་དང་ཚགས་པར་ཀློག་པ་སོགས་ཀྱིས། རང་སེམས་ཀྱི་སྲེད་པ་གནོན་ཅི་ཐུབ་བྱས་ནའང་། ཁོའི་ཆགས་ཞེན་གྱི་ཚུགས་ཀ་མངོན་པའི་མིག་ཟུང་དེ་གཉིས། བཀག་ཀྱང་མི་ཁོག་པའི་རྐུན་མ་གཉིས་དང་འདྲ་བར། སློབ་གྲོགས་གཞན་གྱིས་ཁ་ཏོག་ཟ་བ་ལ་རིག་རིག་གིས་ལྟ་བ་དང་། མཚམས་ལ་རེར། ཁོའི་སེར་ལ་སྦོམ་པའི་སྣབས་དེ་ཆགས་སྲེད་ཀྱིས་བཞུར་བའི་ཁ་ཆུ་དང་འདྲེས། ཁ་ཆུ་མ་ནེའི་མགོ་ན་བཞུར་གྱིན་པའི་བཟོ་ལྟ་དེ། ངའི་མིག་ལམ་ན་ད་དུང་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་འདུག

དེ་ལྟ་ནའང་། གཞན་གྱིས་མ་བྱིན་པར་ཁོས་རྐུ་བ་དང་འཕྲོག་པ་སོགས་ཀྱི་ལས་གཏན་ནས་མི་བྱེད་ཅིང་། རྐུ་མི་བྱེད་པ་ནི་ཁོའི་ཨ་མྱེས་འདའ་ཁར། ཁོ་ལ་བཞག་པའི་མཐའ་མའི་ཁ་ཆེམས་ཡིན་ཟེར། དེའི་རྐྱེན་གྱིས། སློབ་གྲོགས་རྣམས་ཀྱིས་ཁོ་ལ། སྐྱེས་བུ་དམ་པ་རྒུད་གྱུར་ཀྱང་།། རང་གཤིས་བཟང་བོ་ག་ལ་འདོར།། ཆར་སྡོད་བྱེའུ་སྐོམ་ན་ཡང་།། ས་ལ་བབས་པའི་ཆུ་མི་འཐུང་།།ཞེས་དང་། གཏམ་སྔ་ཚིག་རྡོ་ལ་རི་མོ་ཡིན།། རྡོ་ཆག་ཀྱང་རི་མོ་སུབ་ལེ་མིན།། མི་བཟང་བོ་ཟླ་བ་ཚེ་རིང་དེ།། གཤིས་འགྱུར་མེད་སེར་བོ་གསེར་དང་འདྲ།།ཟེར་ནས། བསྟོད་བསྔགས་དང་ཡི་རང་བྱེད་པ་རྒྱུན་མི་ཆད།

དགོང་མོ་ཞིག་ལ་གློ་བུར་དུ། ཁོའི་གསུས་པ་དྲག་ཏུ་གཟེར་ནས་བཤལ་སྐྱུག་རྙངགསུམ་དང་ངུ་དངངས་འདར་གསུམ་བྱས་ཏེ། ང་ཚོ་ཅི་བྱ་གཏོལ་མེད་དང་ཧ་ལས་ཧོན་ཐོར་དུ་གྱུར་སྐབས། འཛིན་གཙོ་གསང་བདག་སློབ་གྲྭའི་སྨན་པ་འབོད་དུ་བརྒྱུགས། སྨན་པས་ཁོའི་ཚ་གྲང་བརྟགས་རྗེས། འཛིན་བདག་ལ་ཁ་པར་བཏང་སྟེ་ཁུལ་སྨན་ཁང་དུ་བུད་སོང་། དགོང་མོར་དེར། འཛིན་གཙོ་དང་འཛིན་བདག སྨན་པ་བཅས་ཀྱི་བཀའ་དྲིན་ལ་བརྟེན་པ་མིན་ན། ཁོ་ཕལ་ཆེར་འཇིག་རྟེན་འདི་ན་ཡོད་སྲིད་པ་མ་རེད་སྙམ།

སྨན་པས་བཤད་པ་ལྟར་ན། ཁོས་སྤུས་ཀ་ཞན་པའི་ཁ་ཏོག་སྣ་ཚོགས་ཟོས་པའི་རྐྱེན་གྱིས། ཁོག་གི་རྒྱུ་མའི་ཆ་ཤས་མང་བོ་རུལ་ཡོད་པ་མ་ཟད། མཆིན་པ་དང་མཁལ་མ་ལ་སོགས་ལའང་གནོད་པ་ཚབས་ཆེན་བཟོས་འདུག་ཅེས། འཛིན་བདག་ཕྱིར་ཡོང་རྗེས་སེམས་ཁུར་དང་བཅས་ཏེ་ང་ཚོར་གསུངས་བྱུང་། དུས་དེ་ནས། ཁོ་ང་ཚོའི་འཛིན་གྲྭའི་ནང་དུ་གཏན་ནས་ཡོང་མ་ཐུབ་ལ། ལོ་གཉིས་འགོར་ནས་ང་རང་དམའ་འབྲིང་དང་བོ་ཡིན་དུས། ཁོ་ཕྱིར་ཡོང་ནས་ལོ་རིམ་ལྔ་བའི་ནང་དུ་བུད་སོང་།

རེད་ཡ། གཏམ་ཉུང་ཉུང་བཤད་ན་ཁྱིམ་མཚེས་འགྲིག ཟས་རན་པ་ཟོས་ན་འབྱུང་གཞི་བདེ་ཞེས་པ་ལྟར། ཟས་གོས་གང་ཡང་རང་ཉིད་ཀྱི་ལུས་སེམས་ལ་འཕྲོད་ཅིང་རན་པ་ཞིག་སྤྱོད་རྒྱུ་ནི་ཅི་འདྲའི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་ལ། ངའི་ཨ་མས་རྒྱུན་དུ། བུ་ལ་ཟ་ཚོད་མེད་ན། ཨ་མས་ལག་ཚོད་འཛིན་དགོས་ཟེར་ནས། ངས་ཁ་ཏོག་སྣ་ཚོགས་ཟ་སྐབས་བཀག་འགོག་དང་ཚོད་འཛིན་བྱེད་པའང་། ཅི་འདྲའི་དགོས་ངེས་ཤིག་དང་གནས་ལུགས་ཡོད་པ་ཞིག་རེད་ཨང་།

སྨན་པའང་ཡིན་པའི་དགེ་རྒན་ཞིག

ང་རང་བོད་ཡིག་དང་དབྱིན་ཡིག་མ་ཟད། ད་དུང་ཆེས་དགའ་བའི་བསླབ་བྱ་གཞན་ཞིག་ཡོད་པ་ནི་སྐྱེ་དངོས་ཡིན། སྐྱེ་དངོས་དགེ་རྒན་གྱི་མིང་ལ་མཁའ་མོ་ཆེ་རིང་ཟེར་ཞིང་། མོ་ནི་གཟུགས་གཞི་ཆེ་ལ་སྐྲ་རིང་བ། རྣ་གདོང་དང་མཁུར་ཚོས་འབུར་ཞིང་མིག་གཉིས་སྐར་ཆེན་ལྟར་འཚེར་བ། རྒྱབ་གཞུང་ཆེ་ཞིང་ཡངས་ལ་མགོ་རྐང་མཇིང་གསུམ་སྦོམ་པ་སྟེ། མདོར་ན། སྐད་གདངས་ལ་བལྟས་ན་བུད་མེད་ཅིག་དང་གཟུགས་པོའི་ཚུགས་ཀར་བལྟས་ན་སྐྱེས་པ་ཞིག་དང་གཉིས་སུ་མེད།

མོས་སློབ་ཁྲིད་བྱས་པ་ནི་ཧ་ཅང་སྤྲོ་སྣང་ལྡན་པ་དང་། སློབ་ཡུན་ཇི་ལྟར་རིང་ཡང་ཉོབ་སྣང་དང་སུན་སྣང་གང་ཡང་མེད་པར། རྩེད་མོ་སྣ་ཚོགས་དང་མཚར་སྣང་གིས་ཕྱུག་པའི་མུ་འབྲེལ་བརྙན་འཕྲིན་ཞིག་ལ་ལྟ་བ་དང་འདྲ། མོ་ལ་ད་དུང་ཁྱད་ཆོས་གཞན་ཞིག་མངའ་བ་ནི། སློབ་ཁྲིད་ཀྱི་སྐབས་སུ་ཀུ་རེ་རྩེད་མོ་རྩེ་ཞིང་སློབ་གྲོགས་ཡོངས་ལ་འདྲ་མཉམ་གྱི་ལྟ་སྟངས་ཡོད་པ་དེ་ཡིན།

མོ་རྒྱུན་དུ་སློབ་ཆས་སྣ་ཚོགས་བཀོལ་ནས་སློབ་ཁྲིད་བྱེད་པར་དགའ། མོའི་སློབ་ཁྲིད་ཀྱི་སྐབས་སུ། མ་ནེ་ལག་པར་ཁེན་ནས་གཉིད་ཅོག་རྒྱག་མཁན་དང་མགོ་བོ་ཅོག་ཙེར་བསྙེས་ནས་སྔུར་བ་འཐེན་མཁན། ཕན་ཚུན་ལ་འཕྲིན་ཡིག་སྐུར་མཁན་སོགས་ཧ་ལམ་མེད་ལ། གལ་སྲིད་རེ་གཉིས་བྱུང་ཡང་། རྡོ་གཅིག་གིས་བྱ་བརྒྱ་དགུང་ལ་བདའ། གཏམ་གཅིག་གིས་འཛམ་གླིང་དབང་དུ་བསྡུ་ཟེར་བ་ལྟར། མོས་ཀུ་རེ་བརྩེས་ནས་རྨི་ལམ་དཀྲོགས་ཤིང་། ཁ་མཚར་བཤད་ནས་ཡིད་སེམས་སྤྲོ་རུ་འཇུག

སྐྱེ་དངོས་བསླབ་དེབ་ཀྱི་སྟེང་དུ་རྩི་ཤིང་དང་འདབ་ཆགས་སོགས་ཀྱི་རི་མོ་སྣ་ཚོགས་ཡོད་ཅིང་། དེ་དག་ནི་ཚོན་མདངས་རྣམ་པར་བཀྲ་ཞིང་བལྟས་ན་མིག་ལ་མཛེས་པ་ཞིག་རེད། སྒོས་སུ། མིའི་ལུས་ཕུང་གི་རི་མོ་ཆ་ཚང་ཞིག་ཡོད་པ་དེའི་སྟེང་ནས། ངས་ང་ཚོའི་མིའི་རིགས་ཀྱི་ལུས་ཕུང་གི་གྲུབ་ཚུལ་དང་ཁྲག་གི་འཁོར་རྒྱུག གཅིག་སྐྱག་གི་འབབ་ཚུལ། ཨ་མར་ཕྲུ་གུ་ཆགས་ཚུལ་སོགས་རྟོགས་ཤིང་། དེ་མ་ཟད། དགེ་རྒན་མཁའ་མོ་ཚེ་རིང་ལགས་ཀྱིས་ང་ཚོ་ད་དུང་སྐྱེ་དངོས་འགྲེམ་སྟོན་ཁང་དང་། ཚོད་ལྟ་ཁང་དུ་ཁྲིད་དེ་མིའི་རུས་ཀྲང་སྐོར་གྱི་རི་མོ་སྣ་ཚོགས་ལ་ལྟ་རུ་བཅུག ལྷག་ཏུ། དགེ་རྒན་ལགས་ཀྱི་འགྲེལ་བཤད་བྱས་པ་ལ་བརྟེན་ནས། ངས་ཐོག་དང་པོར། སློབ་གྲོགས་བུད་མེད་ཚོ་མོ་ལོ་བཅུ་གཉིས་བཅུ་གསུམ་ནས་བཟུང་ཟླ་མཚན་ཞེས་པ་ཞིག་འབབ་རྒྱུ་ཡོད་པ་གསར་དུ་ཤེས།

ཐེངས་དང་པོར། དགེ་རྒན་མཁའ་མོ་ཚེ་རིང་ལགས་ཀྱིས་ཕོ་མོ་གཉིས་ཀྱི་ལུས་ཕུང་གི་གྲུབ་ཚུལ་དང་ཟླ་མཚན་འབབ་ལུགས་སོགས་འཆད་སྐབས། སློབ་གྲོགས་ཚོ་ངོ་ཚ་ནས། ལག་པས་ཁ་སྣ་བཏུམ་ནས་གད་མོ་དགོད་པ་དང་ངོ་གདོང་དམར་བོར་གྱུར་ནས་སྐད་ཆ་མི་ཤོད་པ་ཡོད་མོད། མོས་འགྲེལ་བཤད་མང་བོ་བྱས་དང་བསྟུན་ནས། སློབ་གྲོགས་ཚོའང་རིམ་གྱིས་གོམས་ལོབས་སུ་སོང་ཞིང་། དགེ་རྒན་ལགས་ལ། དྲི་བ་སྣ་ཚོགས་ཁ་འདྲི་གཏིང་འདྲི་བྱེད་མཁན་ཇེ་མང་དུ་གྱུར།

དམའ་འབྲིང་གཉིས་པ་དང་གསུམ་པའི་སྐབས་སུ། ཟླ་རེའི་ནང་དུ། དགེ་རྒན་མཁའ་མོ་ཚེ་རིང་ལགས་དང་སློབ་གྲོགས་ཞི་མོ་ཚོར་"གསང་བའི་ཚོགས་འདུ་"ཞིག་འཚོགས་རྒྱུ་ཡོད། ཐོག་མའི་དུས་སུ། ང་ཚོ་སློབ་གྲོགས་ཞི་ལུ་ཚོས། "གསང་བའི་ཚོགས་འདུ་"དེའི་"དགོངས་དོན་"ལ་ཚོད་དཔག་སྣ་ཚོགས་བྱས་ཤིང་། སློབ་གྲོགས་ལ་ལས། "ཁོ་ཚོས་བུད་མེད་རྒྱལ་ཁབ་ཅིག་གཟུག་འདོད་པ་རེད།"ཅེས་དང་། ཡང་ལ་ལས། "ཁོ་ཚོས་ང་ཚོ་བསྐྱུར་ཏེ། ཚོགས་འདུ་ཁང་ན་གློག་བརྙན་ཡག་པོ་ཞིག་ལ་ལྟ་བཞིན་འདུག"ཟེར་བ་སོགས། ཀུ་རེ་དང་ཚོད་དཔག་གི་སྐད་ཆ་སྣ་ཚོགས་བཤད་མོད། རྗེས་སུ་སློབ་གྲོགས་བུ་མོ་ཚོས་བཤད་པ་ལྟར་ན། ཚོགས་འདུའི་ནང་དོན་གཙོ་བོ་ནི་གསང་བ་ཞིག་ཅི་ཡང་མ་ཡིན་པར། བུ་མོ་ཚོར་ཟླ་མཚན་འབབ་ལུགས་དང་དེ་ལ་མཉམ་འཇོག་བྱེད་ཚུལ། གཙང་ཤོག་འཇོག་སྟངས་སོགས་ཏེ། མདོར་ན། ལུས་ཕུང་བདེ་ཐང་གི་སྐོར་ནས་སློབ་ཁྲིད་ཅིག་བྱས་པ་རེད་འདུག

རྗེས་ནས་ཤེས་གསལ་ལྟར་ན། དགེ་རྒན་མཁའ་མོ་ཚེ་རིང་ལགས་ནི། ང་ཚོའི་སློབ་གྲྭར་མ་ཡོང་བའི་སྔོན་དུ་སྨན་པ་ཞིག་རེད་ཟེར། དགེ་རྒན་གྱི་ཁྱད་ཆོས་འཛོམས་ལ་སྨན་པའི་ཤེས་བྱའང་ལྡན་པའི་མོ་ནི་དེ་ལྟར། སློབ་མའི་སློབ་སྦྱོང་དང་བདེ་ཐང་གཉིས་ཀ་གཙིགས་སུ་འཛིན་མཁན་གྱི་དགེ་རྒན་དཔེ་མེད་ཅིག་ཡིན་མོད། ལོ་གཉིས་ཀྱི་གཞུག་ནས། མོ་རང་གི་ཁྱོ་གའི་རེ་བ་ལྟར་ལས་གནས་སྤར་ཏེ་ལས་ཁུངས་གཞན་ཞིག་ཏུ་བུད་སོང་བས། དུས་དེ་ནས། ངས་ཁོ་མོའི་གྲིབ་མ་ཙམ་ཡང་མཐོང་མ་མྱོང་མོད། ཁོ་མོས་ཀུ་རེ་རྩེ་སྐབས་ཀྱི་རྣམ་འགྱུར་དང་ཚུགས་ཀ་དེ་དག མཚམས་ལ་རེར། ངའི་ཡིད་སེམས་ཀྱི་གངས་དཀར་ངོགས་སུ་ཝ་ལེར་ཝ་ལེར་དྲན་ཡོང་།
 

           མཐུན་སྒྲིལ་གྱི་སྐྱོན་ཡོན།

སྤྱིར་ན། ཚོགས་པ་དང་ཤོག་ཁའི་ནང་གི་མི་ཕན་ཚུན་གྱི་དབར་དུ། འགྲིག་པོ་མཐུན་པོ་ཡོང་བ་ནི་ཡ་རབས་ཀྱི་ཀུན་སྤྱོད་ཅིག་ལོས་ཡིན་མོད། འོན་ཀྱང་ངས་བལྟས་ན། ཚོགས་པ་ཞིག་སྟེ། དཔེར་ན་འཛིན་གྲྭ་གཅིག་གི་ནང་གི་སློབ་གྲོགས་ཡོངས་རྫོགས་ཐལ་མཐའི་མཐུན་སྒྲིལ་གྱི་དབང་དུ་ཤོར་ནས། འཛིན་གྲྭ་གཞན་པ་དང་མི་གཞན་གྱི་ལྟ་ཚུལ་རྡོག་རྫི་གཏོང་བ་ནི་ཡག་པོ་ཞིག་གཏན་ནས་མ་རེད་སྙམ།

ངའི་འཛིན་གྲྭའང་སློབ་གྲོགས་ཕན་ཚུན་དབར་ལ་མཐུན་སྒྲིལ་ཧ་ཅང་ཆེ་བའི་འཛིན་གྲྭ་བཟང་བོ་ཞིག་ཡིན་མོད། འོན་ཀྱང་དེས། སྐབས་ལ་རེར། ང་ལ་བདེ་སྐྱིད་ཀྱི་འཚོ་བ་བསྟབས་མྱོང་བ་མ་ཟད། མཚམས་ལ་རེར། སྡུག་ངལ་གྱི་ཚོར་སྣང་ཡང་བྱིན་མྱོང་།
ང་ཚོའི་འཛིན་གྲྭ་ལ་མཐུན་སྒྲིལ་ཡོད་པས། འཛིན་གྲྭ་ནང་ཁུལ་གྱི་སློབ་གྲོགས་ཕན་ཚུན་དབར་དུ་རོགས་རམ་དང་གཞོགས་འདེགས། གཅིག་རྟིང་གཅིག་སྣོན་དང་གཅིག་རྒྱབ་གཉིས་ལང་བྱེད་པས་དགའ་འོས་པ་ཡིན་མོད། ཡང་ཐལ་མཐའི་མཐུན་སྒྲིལ་ཆེ་བའི་རྐྱེན་གྱིས། འཛིན་གྲྭ་གཞན་དང་སློབ་མ་གཞན་གྱིས་ང་ཚོའི་འཛིན་གྲྭའི་སྐྱོན་ཆ་ངོ་མ་ལ་མཛུབ་མོ་ཀེར་ཚེ། སློབ་གྲོགས་མང་ཤོས་ཀྱིས་སྐྱོན་ཆ་དང་ལེན་བྱེད་མི་ཐུབ་ཅིང་། ང་ཚོའི་ནང་ཁུལ་ལ་མཐུན་སྒྲིལ་དགོས། སྐྱོན་ཆ་ཡོད་ཀྱང་གཞན་ལ་བཤད་མི་ཉན་ལ་གཞན་གྱིས་བཤད་ཀྱང་མི་དགོས་ཟེར་ནས། ནང་ཁུལ་གྱི་ཉེས་སྐྱོན་ཤི་གསང་རོ་གསང་བྱེད་པ་ཡིན།

ཐལ་མཐའི་མཐུན་སྒྲིལ་གྱི་དབང་དུ་སོང་དྲག་པས། ང་ཚོའི་འཛིན་གྲྭའི་སློབ་གྲོགས་ཚོས་བཟོས་པའི་ཉེས་སྐྱོན་སྐོར་ཞིག་འཛིན་གྲྭ་གཞན་པའི་སློབ་མ་ཚོའི་མགོ་འཕངས་པ་མང་བོ་ཡོད་ལ། གཞན་ལ་གླེང་འདེབས་དང་སྐྱོན་མེད་ཉེས་འགེལ་བྱས་པ་མ་ཟད། རྫུན་གྱི་འཁོར་ལོ་བསྐོར་ཞིང་ཡོག་ལིའི་བྱ་བ་བསྒྲུབས་པའང་ཉུང་ཉུང་ཞིག་ག་ལ་ཡིན།

དཔེར་ན་རེབ་ཐེངས་ཤིག་ལ། འཛིན་གྲྭ་དང་འཛིན་གྲྭ་བྱས་ནས་ལྒང་ལི་འགྲན་སྡུར་བྱས་པར། ངེད་ཚང་གི་ཞི་ལི་སྐོར་ཞིག་གིས་འཛིན་གྲྭའི་སྐར་གྲངས་མཐོན་པོ་ལོན་ཆེད་ཐོབ་འབྲས་ལ་སྣོན་ལས་བྱས་ཤིང་། དེ་ལ་རྐྱེན་བྱས་ནས། འཛིན་གྲྭ་གཉིས་པོ་ཐོག་མར་ཁ་འཛིང་དང་བར་དུ་སྙིང་འཛིང་། མཐའ་མར་ལག་འཛིང་བྱས་ཏེ། རྣ་ཁྲག་མིག་ཆུ་བཞུར་བཞུར་དང་མགོ་ཁྲག་ཡུར་ཆུ་བཞུར་བཞུར་བྱེད་དུ་བཅུག་པའི་དུས་སྐབས་ཤིག་ཀྱང་བྱུང་བ་ཡིན།

རྗེས་ནས། བདག་གི་སྐྱེད་ཡུམ་ལགས་དང་དགེ་རྒན་སྐོར་ཞིག་གིས་བསླབ་བྱ་ཡང་ཡང་གནང་བར་བརྟེན། ངས་ད་གཟོད། སྐྱོན་དགྲ་བོས་བཤད་ཀྱང་མཉན་དགོས།། ལས་དཀའ་མོར་ཐུག་ཀྱང་སྒྲུབ་དགོས།། ཟེར་བའི་གཏམ་དཔེ་དེའི་གོ་བ་གསར་དུ་རྟོགས་ཤིང་། ལུག་རྒྱུ་མའི་བར་ལ་གྲི་མི་མཛའ།། རུ་ཁྱིམ་མཚེས་བར་ལ་གྱོད་མི་མཛའ།། ཟེར་བ་བཞིན། གྲོགས་པོ་དང་གྲོགས་པོ། འཛིན་གྲྭ་དང་འཛིན་གྲྭའི་དབར་ལ་མཐུན་པོ་འགྲིག་པོ་དང་དཀྱེལ་ཡངས་བཟོད་སྒོམ་ཡོང་བའི་སྙིང་སྟོབས་ལ་བློ་སྦྱོང་བྱས་པ་ཡིན།

 

སྒེའུ་ཁུང་གི་ཤེལ་སྒོ་བཅག་པ།

འཇིག་རྟེན་བོད་མིའི་བཤད་སྲོལ་ལ། ལས་བསམ་སར་མི་འགྲོ་གསེག་སར་འགྲོ། སྡུག་མགོ་ཐོག་ནམ་ཡོང་ཆ་མེད་ཡིན།། ཟེར་བ་ལྟར། ཉིན་ཞིག་གི་སྔ་དྲོའི་སློབ་གསེང་གི་སྐབས་སུ། ང་དང་སློབ་གྲོགས་པ་སངས་གཉིས་སློབ་ཁང་ནས་གཞའ་རེས་ཡིབ་རེས་ཀྱིས་རྩེད་མོ་རྩེ་སྐབས། ངས་ལག་པ་གཡུགས་ཉེས་ཤོར་ཏེ། སྒོ་འགྲམ་གྱི་སྒེའུ་ཁུང་གཅིག་གི་ཤེལ་སྒོ་ཏིང་སེ་བཅག་སོང་། སྐབས་དེར། ང་རྩེད་མོ་བརྩེས་པ་ལ་བློ་འགྱོད་དམ། དགེ་རྒན་ལ་སྐྲག་སྣང་སྐྱེས་པ་གང་ཡིན་ཆ་མ་འཚལ་མོད། གློ་བུར་དུ་མགྲིན་པ་བརྣངས་ནས་མིག་ཆུ་ཐ་ར་ར་བཞུར་བྱུང་།

སློབ་གྲོགས་མང་བོ་ངའི་མཐའ་ཁོར་དུ་རུབ་ནས། ལ་ལས་སེམས་གསོ་དང་ལ་ལས་དགེ་རྒན་ལ་གཏུག་གི་འགྲོ་ཟེར་ནས་ཟང་ཟིང་ལང་ལོང་བྱེད་པའི་སྐབས་སུ། སློབ་ཐུན་གསུམ་པ་འཚོག་པའི་ཅོང་བརྡ་སིང་སིང་དུ་གྲགས་པས། སློབ་གྲོགས་ཚོ་བྱི་བ་ཁུང་ལ་འཛུལ་བ་དང་མཆིལ་བ་ཁྲ་ལ་གཞའ་བ་བཞིན། རང་རང་གི་འདུག་སྟེགས་སུ་བསྡད་ནས་སློབ་ཚན་འདོན་འགོ་བརྩམས།

ཚན་རྩལ་དགེ་རྒན་འཆད་སྟེགས་སུ་ཡོང་ནས། ཐུན་སྔོན་མའི་ནང་དོན་ལ་བསྐྱར་སྦྱོང་རགས་ཙམ་བྱས་རྗེས། སློབ་ཁྲིད་གསར་བ་བྱས་བྱུང་། ཁོས་སློབ་ཁྲིད་བྱེད་ཞོར་སྒེའུ་ཁུང་གི་ཕྱོགས་སུ་ཐེངས་འགར་བལྟས་ཀྱང་། སྒེའུ་ཁུང་གི་ཤེལ་སྒོ་དེ་སུས་བཅག་གང་བྱུང་གི་གཏམ་གང་ཡང་མི་འདྲི་བར་མ་ཟད། གདོང་ལ་འཛུལ་མདངས་ཕྱུང་ཞོར་དང་ལག་པས་ཕྱག་རྒྱ་བྱེད་ཞོར། སློབ་ཚན་གྱི་ནང་དོན་ཆུ་བཞུར་བཞུར་གྱིས་བཤད། ཨ་ཙི། ཁོས་ཤེལ་སྒོ་བཅག་ཡོད་པ་དངོས་གནས་མ་མཐོང་བ་ཡིན་ནམ། ང་ལ་སྐྱོན་རྗོད་དང་གཅར་རྡུང་མི་བྱེད་དོན་ཅི་ཡིན་ནམ། ང་སྐྲག་ནས། སྒྱིད་པ་དར་ལྕོག་གཡུག་གཡུག་དང་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས།

འོ། མ་གཞི། ཁོས་སྒེའུ་ཁུང་གི་ཤེས་སྒོ་བཅག་པ་སྔ་མོ་ནས་ཤེས་ཡོད་ཀྱང་། གཅིག་ནས་སྐྱོན་རྗོད་བྱས་ནས་སློབ་ཁྲིད་ཀྱི་དུས་ཚོད་ཆུད་ཟོས་སུ་གཏོང་མ་འདོད་པ་དང་། གཉིས་ནས་ངའི་གཞུང་དྲང་གི་སྙིང་སྟོབས་ལ་ཚོད་བགམ་བྱེད་བསམས་པས་ཡིན་འདུག

སློབ་ཁྲིད་གྲོལ་རྗེས། ཁོས་བཤད་རྒྱུར། "ཡ་སློབ་གྲོགས་ཚོ། ཅུང་ཙམ་ཁ་རོག་སྡོད་དང་། ཉིན་འདི་འགར་ཁྱོད་ཚོའི་འཛིན་བདག་གིས་ནད་གནང་ཞུས་ནས་སློབ་གྲྭར་ཡོང་མེད། ང་ཁྱོད་ཚོའི་འཛིན་བདག་གི་ཚབ་མ་ཡིན། འཛིན་བདག་མེད་ཀྱང་། ང་ཚོས་སྔར་བཞིན་སློབ་སྦྱོང་ལ་འབད་པ་དང་སྒྲིག་ལམ་བརྩི་སྲུང་བྱེད་དགོས།"ཞེས་དང་། ཡང་ང་ཚོའི་སློབ་མ་རེ་རེར་གཟབ་ནན་གྱིས་ཐེངས་གཅིག་བལྟས་རྗེས། མུ་མཐུད་དུ། "སྒྲིག་ལམ་བརྩི་ལམ་ཞེས་པ་ནི། རང་གི་བྱས་ཉེས་ལ་རང་འགུལ་གྱིས་ངོས་ལེན་དང་། གང་ལ་གང་མཐུན་གྱིས་ཁ་གསབ་དང་ཡོ་བསྲང་བྱེད་པའང་ཡིན། དེ་རིང་ཁྱོད་ཚོས་ཤེལ་སྒོ་བཅག་ཡོད་པ་ངས་སྔ་མོ་ནས་མཐོང་། འོན་ཀྱང་། ངས་དུས་ཚོད་བརླགས་ནས་སྐྱོན་རྗོད་དང་གཅར་རྡུང་མི་བྱེད་པ་ནི། དེ་ལ་སྐྱིན་ཚབ་འཇལ་མི་དགོས་པས་མ་ཡིན་པར། གཙོ་བོ་ཁྱོད་ཚོ་སུ་ལའང་། གཞུང་དྲང་གིས་རང་སྐྱོན་ངོས་ལེན་བྱེད་པའི་སྙིང་སྟོབས་མཁོ་བ་དེ་རེད་སྙམ།"ཞེས་སོགས་བཤད་བྱུང་།

རེད་ཡ། དགེ་རྒན་གྱིས་བསམ་ཤེས་གནང་བ་ནི། སློབ་མ་ཞིག་ལ་མཚོན་ན། གོང་མ་ལྷ་ཡིས་བདུད་རྩི་བསྩལ་བ་དང་། རྒྱ་མཚོའི་གཏིང་གི་ནོར་བུ་ལོན་པ་དང་ཨ་ན་མ་ན་རེད། དེ་ལས་ཀྱང་ཉམས་དགའ་བ་གཞན་ཞིག་ནི། རེབ་ཐེངས་དེར། འཛིག་གྲྭའི་ནང་གི་སློབ་གྲོགས་མང་པོས་རང་འགུལ་གྱིས་ཞལ་འདེབས་བརྒྱབ་ནས། ངས་ཤེལ་སྒོའི་སྐྱིན་ཚབ་འཇལ་བར་རོགས་རམ་བྱས་པ་དེ་ཡིན།

       

                            གཙང་དག

"ཉི་མ་གནམ་ལ་དུ་ཤར་ལ། གཙང་དག་དང་གཙང་དག་བྱས་ནས་ཅི་བྱེད་དམ། འུ་ཚོའི་སློབ་གྲྭ་ལ་ཨ་ལགས་ཤིག་ཕེབས་རྒྱུ་ཡིན་ནམ།" ཞེས་དང་། "འོ་ལེ། གནའ་དང་མ་ངེད་ཚང་ལ་ཨ་ལགས་ཕེབས་དུས་ཀྱང་། འདི་འདྲའི་གཙང་དག་ཅིག་བྱས་མ་མྱོང་།"ཞེས་དང་། འུ་ཚོའི་སློབ་གྲྭས་གཙང་དག་ཡིན་ན་དེ། ལུག་གི་གྲོད་པུ་འཁྲུད་འཁྲུད་དང་ཨ་ཁུས་རྐོང་བུ་འབྱིད་འབྱིད་བྱེད། ངོ་མ་སུན་སྤྱད་ཅིག་རེད།"

གོང་གི་སྐད་ཆ་དེ་དག་ནི། ང་ཚོས་སློབ་གྲྭའི་ཁོར་ཡུག་དང་སློབ་ཁང་། ཉལ་ཁང་དང་སྤྱོད་ཁང་སོགས་ལ་གཙང་སྦྲ་བྱེད་དགོས་པའི་སྐབས་སུ། ལེ་ལོ་ཅན་གྱི་སློབ་མ་སྐོར་ཞིག་གིས་བཤད་པའི་འཁང་རའི་སྐད་ཆ་རེད། ཁོ་ཚོས་ཁ་ནས་དེ་ལྟར་བཤད་ཅིང་། དངོས་སུ་གཙང་དག་བྱེད་སྐབས་ཀྱང་། རང་ལས་གཞན་འགེལ་དང་དང་རང་འགན་ཡ་ཡོ་བྱེད་པར་ཧ་ཅང་དགའ།

སྤྱིར་ན། སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན། ཇ་མ། ལས་བཟོ་བ། སློབ་མ་སོགས་སུ་ཡིན་རུང་ཚང་མ་མི་ཡིན་པའི་ཆ་ནས། སོ་སོའི་སྟེང་དུ་བཟང་ངན་དགེ་སྐྱོན་ཟུང་འབྲེལ་དུ་ཡོད་ཅིང་། ང་ཚོ་སུ་ཡིན་ཡང་ཕན་ཚུན་ལ་གུས་བཀུར་དང་བཟོད་སྒོམ་བྱེད་པ་དང་མཉམ་དུ། མཚམས་ལ་རེར། ནད་ལ་རིམ་གྲོ་དང་མཚང་ལ་སྐྱོན་རྗོད་ཟེར་བ་ལྟར། ཕན་ཚུན་ལ་སྐྱོན་རྗོད་དང་འཁང་ར་འབྱུང་བའི་དུས་ཀྱང་ལོས་ཡོད་མོད། འོན་ཀྱང་། གཙང་དག་གི་ཐད་ནས། འདི་འདྲའི་འཁང་ར་དང་རང་འགན་ཡ་ཡོ་བྱེད་པ་ནི། གཞན་གྱི་བཀོད་སྒྲིག་བྱས་པ་མ་འགྲིག་པ་མ་ཡིན་པར། རང་ཉིད་ལས་ཀ་ལ་མ་དགའ་བར་བྱུང་བའི་རྣམ་འགྱུར་ཞིག་རེད།

ཁ་དཔེ་ཞིག་ལ། ལས་ནས་ཤི་བ་མེད།། བསྡད་ནས་རུལ་བ་མང་།། ཟེར་བ་ལྟར། ང་ཚོས་སློབ་སྦྱོང་བྱེད་པ་དང་སྦྲགས་འོས་འཚམ་གྱི་ལས་ཀ་ལས་རྒྱུའང་ཤིན་ཏུ་དགོས་ངེས་ཤིག་རེད། ལས་ཀ་ལས་ནས་ལུང་པོ་འགུལ་སྐྱོད་བྱེད་པ་ནི་ང་ཚོ་མིའི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་ཞིག་ཡིན་ལ། དེ་ལ་བརྟེན་ནས། གནའ་སྔ་མོར་ལུས་པོར་སྨན་བཅོས་དང་བརྟག་ཐབས་བཟང་བོ་མེད་པའི་དུས་སུའང་། མི་རྣམས་ཀྱི་ལུས་པོ་བདེ་ཐང་དང་ཚེ་རིང་ནད་མེད་བྱུང་མྱོང་བ་རེད།

སྒོས་སུ། མི་མང་མཉམ་འདུས་ཀྱི་ས་ཆར། ཁོར་ཡུག་གཙང་མ་དང་ཁ་དབུགས་དྭངས་མ་ཡོང་རྒྱུ་ནི། ལུས་པོ་བདེ་སྲུང་གི་སྨན་མཆོག་ཨ་རིའི་རྒྱལ་བོ་དང་། འགོས་ནད་སྔོན་འགོག་གི་སྦྲུམ་འགོག་ཨ་ལོང་ལྟ་བུ་ཞིག་རེད་སྙམ། ལུས་པོ་བདེ་ཐང་མེད་དུས། ང་ཚོས་སློབ་སྦྱོང་བཟང་བོ་བྱེད་འདོད་པ་དང་མ་འོངས་པར་ཕུགས་བསམ་འཆིང་བ་ནི། ར་མ་འཕགས་ནས་ར་ཁང་བཤིག་འདོད་པ་དང་། ཙི་གུ་བརྒྱུགས་ནས་བྱང་ལམ་གཅོད་འདོད་པ་དང་གཅིག་པ་གཅིག་རྐྱང་རེད།

ངས་དྲ་སྟེང་ནས་རིག་པ་ལྟར་ན། གཙང་སྦྲ་ལ་མི་དགའ་བའི་མི་རིགས་དང་ས་ཁུལ་དུ་ནག་ཡམས་བྱུང་བ་ཧ་ཅང་མང་ཞིང་། ལྷག་པར་དུ། ནད་རིགས་སྣ་ཚོགས་འགོས་སླ་བ་ནི། རྩྭ་སྐྱ་ལ་མེ་དཔུང་མཆེད་པ་དང་འདྲ་བར། གཙང་དག་མི་བྱེད་པའི་མི་བརྒྱ་ཆའི་བདུན་ཅུ་ནས་བརྒྱད་ཅུ་ལྷག་ཙམ། དེ་འདྲས་ནད་ཡམས་ཀྱིས་ཤི་ཡིན་ཡོད་ཟེར།

སྨན་པ་མཁས་པ་སྐོར་ཞིག་གིས་བརྗོད་པ་ལྟར་ན། བཅོས་དཀའ་བའི་ཨ་ཙིའི་ནད་དུག་དེའང་། ཐོག་མའི་མ་བྱུང་བའི་སྔོན་ལ། གཙང་སྦྲ་ལ་དོ་སྣང་དང་སྔོན་འགོག་ལ་དོ་ཁུར་བྱས་པ་ཡིན་ན། འགོས་སླ་བའི་ནད་རིགས་གཞན་པ་འགའ་ཤོས་དང་མི་འདྲ་བར། དེ་འདྲའི་འགོས་སླ་བ་མ་མིན་པར་གསུངས་ཤིང་། ཡང་དེང་རབས་ཀྱི་སྤྱི་ཚོགས་རིག་པ་བ་སྐོར་ཞིག་གིས་བཤད་པ་ལྟར་ན། མ་འོངས་པར། འཛམ་གླིང་གི་ཆེས་ཆེ་བའི་ཉེན་ཁ་ནི་རྒྱལ་ཁབ་དང་ས་ཁུལ་དབར་གྱི་དམག་འཁྲུག་གི་འཇིགས་པ་མ་ཡིན་པར། ལུས་ཕུང་གི་གཙང་སྦྲ་དང་ཟས་རིགས་ལ་དོ་སྣང་མ་བྱས་པ་ལས་བྱུང་བའི་ནད་རིགས་ཡིན་ཞེས་གསུངས།

དེའི་རྐྱེན་གྱིས། སློབ་གྲྭ་ཞིག་གི་ཁོར་ཡུག་དང་ཁ་དབུགས་གཙང་མ་ཡོང་རྒྱུ་ནི། ཨ་ལགས་ག་གེ་མོ་ཞིག་ཕེབས་པ་ལས་ཀྱང་ཧ་ཅང་གལ་ཆེན་རེད་ལ། མཆོད་རྐོང་གཙང་མ་བྱེད་པ་ལས་ཀྱང་། རང་རང་གི་དཀར་ཡོལ་ཐུར་མ་དང་མགོ་རྐང་སྐེ་གསུམ། ཕྱི་ལྭ་ནང་ལྭ། སློབ་ཁང་ཉལ་ཁང་སོགས་གཙང་མ་བྱེད་རྒྱུ་ནི་ཤིན་ཏུ་འགངས་ཆེན་རེད་སྙམ།

 

   གནའ་མི་སྐོར་ཞིག་རྗེས་སུ་དྲན་པ།

ལོ་རེ་རེའི་ཟླ་བ་དགུ་བའི་ཚེས་སུམ་ཅུའི་ཉིན། འཛིན་བདག་གིས་ང་ཚོ་ཁྲིད་ནས་སྔོན་གཤེགས་དཔའ་བོ་རྗེས་དྲན་ཁང་དུ་འགྲོ་བ་ཡིན། ང་ཚོ་གྲལ་བསྒྲིགས་ནས་རྗེས་དྲན་ཁང་གི་སྒོ་ནང་དུ་འཛུལ་བ་ན། སྒོའི་གཡས་གཡོན་དུ་བཙུགས་པའི་ཐང་ཤིང་དང་ཨ་ཀར། ལྕང་མ་སོགས་སྡོང་བོ་མང་བོས་ང་ཚོ་ཡོང་བར་བསུ་བ་བྱེད་པ་དང་འདྲ་བར། བསིལ་རླུང་གི་ཁྲོད་ནས་ཡལ་ག་ཕར་གཡོ་ཚུར་གཡོ་བྱེད་ཅིང་། དེ་ནི་ཡུན་རིང་བསྒུགས་པའི་རང་གི་གྲོགས་པོ་ཞིག་ལ་ལག་གཡུག་བྱེད་པ་དང་འདྲ།

སྟོན་འགོ་ཚུགས་ནའང་། བཀྲག་མདངས་མ་ཡལ་བའི་མེ་ཏོག་གི་དྲི་བསུང་སྣ་ལམ་དུ་ལྡང་ཡོང་ལ། ད་དུང་མིང་མི་ཐོགས་པའི་རྩི་ཤིང་སྣ་ཚོགས་ཡོད་པ་ལས། ལ་ལ་འཕྲེད་དུ་ལོག་ཅིང་ལ་ལ་གྱེན་དུ་འགྲེང་བ། ཁ་ཤས་ལོག་ནས་སྐམ་ལ་ཉེ་བ་དང་སྐམ་ནས་རུལ་ལ་ཐུག་པ་མང་བོ་མཐོང་དུས། ངའི་སེམས་སུ། རིག་གནས་གསར་བརྗེ་སོགས་དུས་ངན་གྱི་ནང་དུ། ངའི་མེས་པོ་རུས་པ་ཅན་དག་གིས་དྲང་བདེན་གྱི་སླད་དུ་རང་སྲོག་བློས་བཏང་ནའང་། ཁོ་པ་ཚོའི་མཚན་སྙན་དཀར་པོ་མེ་ཏོག་འདི་དག་གི་དྲི་བསུང་ནང་བཞིན། དུས་ནམ་ཡང་ང་ཚོའི་སེམས་སུ་འཐུལ་ངེས་སྙམ།

ར་སྐོར་ནང་གི་ལྗོན་ཤིང་མང་བོའི་དཀྱིལ་དུ། རིང་ཚད་ལ་ཧ་ལམ་སྨི་ལྔ་ནས་དྲུག་ཙམ་ཡོད་པའི་རྡོ་རིང་ཞིག་བསླངས་འདུག་ཅིང་། དེའི་སྟེང་དུ། "སྔོན་གཤེགས་དཔའ་བོ་རྣམས་ལ་སྙིང་ནས་རྗེས་དྲན་ཞུ།"ཟེར་བའི་རྒྱ་ཡིག་གི་ཡིག་འབྲུ་འགའ་བྲིས་ཡོད་པ་རེད། ང་ཚོ་རྡོ་རིང་གི་མདུན་དུ་ལངས་ནས། ཁོང་ཅག་ལ་རྗེས་དྲན་བྱེད་པའི་སྙན་ངག་ཅིག་གྱེར་འདོན་བྱས་རྗེས། འགྲེལ་རྗོད་པའི་རྗེས་སུ་དེད་ནས། མཐའ་སྐོར་གྱི་རྡོ་རིང་ཆུང་ཆུང་དག་གི་རྩིབ་ལ་སོང་ནས་འདས་པོ་དག་གི་གཏམ་རྒྱུད་བཀླགས་པ་ཡིན།

རྡོ་རིང་རེ་རེའི་ངོས་སུ་འདས་པོ་དག་གི་མཚན་དང་འདས་དུས་ཀྱི་ལོ་ཟླ་གསལ་བོར་བྲིས་ཡོད་པ་ལས། ཁོང་རྣམ་པའི་མཛད་རྗེས་བྲིས་མི་འདུག་མོད། མཛད་རྗེས་མང་བོ་ཞིག་འགྲེལ་རྗོད་པས་ང་ཚོར་གསལ་བོར་བཤད་བྱུང་། ཁོང་གི་སྐད་ཆ་ལ་ཉན་སྐབས། ངས་མེས་པོ་དེ་དག་གི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་འཇིགས་པ་མེད་པའི་སྤོབས་པ། ཡལ་བ་མེད་པའི་ལྷག་བསམ་དང་འགྲིབ་པ་མེད་པའི་ལ་རྒྱ་སོགས་ཡང་ཡང་དྲན།

གནའ་སྔ་མོ་དང་དུས་དེང་སང་གང་ཡིན་ཡང་། ཁོག་ལ་གདོན་འདྲེ་ཞུགས་པའི་མི་ཉུང་ཤོས་ཤིག་གིས་སྤྱི་ཚོགས་ལ་གཏོར་བརླག་དང་མི་དམངས་ལ་གཉའ་གནོན་བྱེད་ལ། དེ་དག་གི་གདོང་ལེན་དུ་འཁྲུངས་པ་ནི། དཔའ་འཛོམས་པ་གེ་སར་རྒྱལ་བོ་དང་བློ་རིག་པ་ཨ་ཁུ་ཁྲ་རྒན་དང་འདྲ་བའི་མེས་པོ་འདི་དག་ཡིན་པ་རེད།

རྗེས་དྲན་ཁང་ནས་ཕྱིར་ཡོང་ལ་ཉེ་བའི་སྐབས་སུ། ངའི་སེམས་སུ་རྨོ་མོས་བཤད་པའི་ངེད་ཚང་གི་འདས་པོ་ཞིག་དྲན་བྱུང་། མོས་བཤད་པ་ལྟར་ན། ཁོང་གི་མིང་ལ་ཉི་མ་ཚེ་རིང་ཟེར་ཞིང་མོའི་ཁྱོ་ག་ཡིན་པ་རེད། རིག་གནས་གསར་བརྗེ་ཡི་སྐབས་སུ། ཁོང་གིས་སྡེ་མི་མང་བོ་ཞིག་གི་བདེ་སྐྱིད་ཀྱི་འཚོ་བ་དང་ཚེ་སྲོག་གི་ཆེད་དུ་རང་སྲོག་འབེན་ལ་བཞག་ནས་བྱ་བ་བསྒྲུབས་ཤིང་། མཐར། ཡ་ང་སྙིང་རྗེ་མེད་པའི་མི་སྐོར་ཞིག་གིས་ཁོ་རང་བཙོན་འཇུག་བྱས་ནས་བཀྲོངས་པ་དང་། དེ་དང་འདྲ་བར། ང་ཚོའི་སྡེ་བའི་ནང་དུ་ཁོང་དང་འདྲ་བའི་དཔའ་བོ་སྐོར་ཞིག་འཁྲུངས་མྱོང་ཟེར།

ཡིན་ན་ཡང་། རྗེས་དྲན་ཁང་དུ་ཁོ་པ་ཚོའི་མཚན་བྱང་བྲིས་མི་འདུག་ལ། རྗེས་དྲན་རྡོ་རིང་ཡང་བརྩེངས་མི་འདུག དེ་ལས་ཤེས་ཐུབ་པ་ནི། མིའི་རིགས་ཀྱི་བདེ་སྐྱིད་ཀྱི་སླད་དུ་རང་སྲོག་བློས་བཏང་བ་ནི་རྗེས་དྲན་ཁང་གི་འདི་ཙམ་གྱིས་མི་ཚད་པར། ད་དུང་མཚན་མི་ཤེས་པའི་དཔའ་བོ་དཔའ་མོ་ཆར་རྗེས་ཀྱི་ཤ་མོ་དང་། ཆུ་ཤུལ་གྱི་རྡོ་ཟེགས་ཇི་བཞིན་བྱུང་མྱོང་བ་དེ་རེད།

 

   མཇལ་སྐོར་དུ་སོང་བ།

གཟའ་ཉིན་མའི་ཉིན། ང་དང་སློབ་གྲོགས་ཚོ་འཛིན་བདག་དང་ལྷན་དུ་དགོན་པར་མཇལ་སྐོར་དུ་སོང་བ་ཡིན། ང་ཚོས་ཉེ་འགྲམ་གྱི་ཚོང་ཁང་ནས་ཁ་བཏགས་དང་མཆོད་རྫས་ཉོས་རྗེས། ཐོག་མར་དགོན་པའི་ཐང་ཆེན་གྱི་དཀྱིལ་ནས་ཕྱག་གསུམ་འཚལ་བ་དང་། དེ་ནས་དགོན་འདབས་ཀྱི་མཆོད་རྟེན་ལ་གཡས་བསྐོར་དང་། ཕྲེང་བསྟར་དུ་བཞེངས་ཡོད་པའི་མ་ཎི་འཁོར་ལོ་རེ་རེ་བཞིན་བསྐོར་ནས་སོང་བ་ཡིན།

སྒོ་ཆེན་གྱི་མདུན་དུ། སྐྲ་སེར་བོ་དང་མིག་སྔོན་པོ་ཅན་གྱི་ཕྱི་གླིང་བ་མང་བོས་སྐེ་ལ་པར་ཆས་ཐོགས་ཤིང་། ལག་ལ་གནས་སྐོར་གསལ་བྱེད་ཀྱི་ས་ཁྲ་ཞིག་བཟུང་ནས་སྣེ་ཤན་པ་ལ་དྲི་བ་སྣ་ཚོགས་འདྲི་བཞིན་འདུག ཁོ་ཚོའི་ཁྲོད་ཀྱི་གཅིག་གིས་ང་ཚོ་ཡོང་བ་མཐོང་འཕྲལ་གམ་ལ་བཅར་ནས། ཁྱོད་ཚོ་བོད་མི་རིགས་ནི་རླབས་ཆེན་ཡིན་ཚུལ་དང་། བསམ་པ་བཟང་རབས། བྱིས་པ་ཡ་རབས་ཡིན་ཚུལ་སོགས་མང་བོ་ལབ་རྗེས། "ཁྱོད་ཚོས་ཕྱག་སྐོར་དད་གསུམ་བྱེད་དོན་ཅི་ཡིན།"ཞེས་པའི་དྲི་བ་ཞིག་དྲིས་བྱུང་། ངས་དེ་དག་ལ་འགྲེལ་བཤད་ཡག་པོ་ཞིག་རྒྱག་མི་ཤེས་མོད། "ཕྱག་སྐོར་བྱེད་པ་ནི་ལུས་ཕུང་བདེ་ཐང་ཡོང་བ་དང་། དད་པ་བྱེད་པ་ནི་བསམ་པ་བཟང་བོ་ཡོང་བ། ད་དུང་འཇིག་རྟེན་ན་ཡོད་དུས་ཁ་སོང་ནམ་ལང་ཡོང་བ་དང་། ཚེ་ཕྱི་མར་སོང་ན་རྣམ་ཤེས་སྐྱིད་པོ་ཡོང་བའི་ཆེད་དུ་ཡིན།"ཞེས་བཤད་པ་ན། "ཁྱོད་ཚོ་ངོ་མ་ངར་བ་རེད། ཁྱོད་ཚོས་ཚེ་ཕྱི་མ་ལའང་བསམ་བློ་གཏོང་གིན་འདུག"ཅེས་བཤད་བྱུང་།

ངོ་མ་བཤད་ན། ངས་ཚེ་ཕྱི་མ་ཟེར་བ་གང་ན་ཡོད་པ་དང་། རྣམ་ཤེས་ཟེར་བ་ཅི་འདྲ་ཞིག་ཡིན་པ་གཏན་ནས་མི་ཤེས་མོད། ཕ་མ་དང་ལོ་ལོན་རྒན་རྒོན་དག་གིས་བཤད་ན། ཆོས་ལུགས་ལ་དད་པ་བྱེད་པ་ནི་ང་ཚོའི་གངས་ཅན་བོད་མི་ཡོངས་ཀྱི་ཁྱད་ཆོས་ཤིག་ཡིན་པ་དང་། ང་ཚོས་གཞན་ལ་གནོད་པ་མི་བྱེད་པ་ནི་ཆོས་ལུགས་ལ་དད་པ་བྱས་པའི་རྐྱེན་ཡིན་ཟེར། སྒོས་སུ་ངེད་ཚང་གི་རྨོ་མོས་རྒྱུན་དུ། "བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།"ཟེར་བས། བསམ་པ་བཟང་ན། འདུག་སའི་གནས་དང་བགྲོད་སའི་ལམ་གང་ནས་ཀྱང་། བདེ་སྐྱིད་དང་བསོད་ནམས་འཁོར་ཡོང་བའི་དོན་ཨེ་ཡིན་ནམ།

ང་ཚོ་སྒོ་ཆེན་གྱི་ནང་དུ་འཛུལ་སྟེ་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་དང་བྱམས་ཁང་། སྒྲོལ་མ་ཁང་། རྟ་མགྲིན་ལྷ་ཁང་། རྗེའི་ལྷ་ཁང་། ཚོགས་ཆེན་འདུ་ཁང་སོགས་རེ་རེར་མཇལ་ཞིང་། ལྷ་ཁང་དེ་དག་ཏུ་བཞུགས་པའི་འབག་སྐུ་དང་ཐང་ཀ གྱན་ཐང་དང་ལྡེབ་རིས་སོགས་ནི་བལྟས་ན་མིག་ལ་མཛེས་ཤིང་བསམས་ན་ཡིད་དབང་འཕྲོག་པ་ཞིག་རེད་མོད། དེ་ལས་ཀྱང་། ངས་ཧ་ཅང་ཉན་འདོད་པ་ནི། སྣེ་ཤན་པས་བཤད་པའི་རྗེ་བཙུན་མི་ལ་རས་པའི་ཆུང་དུས་ཀྱི་གཏམ་རྒྱུད་དེ་རེད།

རྗེ་བཙུན་མི་ལ་རས་པ་ནི་དངོས་གནས་བུ་རྒོད་ཡ་མེད་ཅིག་རེད། ཁོས་མྱངས་པའི་དཀའ་སྡུག་གི་ལོ་ཟླ་དང་གདོང་ལེན་གྱི་སྤོབས་པ། འཇིགས་བྲལ་གྱི་དཔའ་སྙིང་། ལྷོད་མེད་ཀྱི་བརྩོན་པ་སོགས་ནི་ཅི་འདྲའི་རིན་ཐང་བྲལ་བ་ཞིག་རེད་ལ། ཁོང་མ་སྨད་གསུམ་ལ་སྡུག་པོ་གཏོང་མཁན་གྱི་ཨ་ཁུ་ཨ་ནེ་གཉིས་ནི་ཅི་འདྲའི་ཁྲེལ་མེད་ཅིག་རེད་ཨང་། གལ་སྲིད་ང་ཚོར། མི་ལ་རས་པར་ཡོད་པའི། སྔ་དྲོ་ལངས་པའི་སྔ་མ་དང་། ཕྱི་དྲོ་ཉལ་བའི་རྟིང་མ་ཡིན་པའི་བརྩོན་སེམས་ཤིག་ཡོད་ཚེ། དཀའ་ལས་ཆུང་ཆུང་ཞིག་ལ་ངུ་སྡུག་རྒྱག་དགོས་དོན་ཅི་ཞིག་ཡོད།

སྣེ་ཤན་པས་ད་དུང་། "ཁྱོད་ཚོས་དེ་རིང་མཐོང་བའི་འབག་སྐུ་དང་ཐང་ཀའི་སྟེང་གི་མི་སྣའི་གཟུགས་བརྙན་མང་ཆེ་བ་ནི། སྔོན་ཆད་ང་ཚོའི་ཁོར་ཡུག་ནས་འཁྲུངས་པའི་རླབས་ཆེན་གྱི་མི་སྣ་རྣམས་ལ་རྗེས་དྲན་བྱེད་པར་བཞེངས་པ་རེད། དཔེར་ན། རྗེ་ཙོང་བ་བློ་བཟང་གྲགས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་ལྟ་བུ་རེད། མི་སྣ་དེ་དག་ཀྱང་། ཆུང་དུས་ང་ཚོ་དང་འདྲ་བར། གཅིག་པ་བརླ་ངོ་དང་སྐྱག་པ་ལག་མགོ་བྱས་མྱོང་བ་དག་དག་རེད་མོད། ཁོང་ཚོས། རང་གི་བློ་རིག་དང་འབད་རྩོལ་ལ་བརྟེན་ནས། ད་གཟོད་ཕུལ་བྱུང་དུ་གྱུར་བ་རེད།"ཟེར།
ཉིན་མོ་དེར། ངས་སྣེ་ཤན་པས་བཤད་པའི་མི་སྣའི་གཏམ་རྒྱུད་མང་བོ་ཞིག་ལ་ཉན་འདོད་ཀྱང་། ཚོགས་ཆེན་འདུ་ཁང་གི་ཨ་ཁུ་གཉེར་བས། "དེ་རིང་གཟའ་ཉི་མ་ཡིན་པས། ཕྱི་དྲོའི་ཆུ་ཚོད་གསུམ་པ་ནས་མཇལ་སྐོར་བར་སྣེ་ལེན་མི་བྱེད་པར་ངལ་གསོ་བྱ་དགོས།"ཟེར་བས། ང་ཚོས་ལྷ་ཁང་སོ་སོར་མྱུར་སྟབས་ཀྱིས་མཇལ་རྗེས། རླངས་འཁོར་དུ་བུད་ནས་ཕྱིར་སློབ་གྲྭར་ལོག་མགོ་བརྩམས།

 

(  དྲ་འགོད་ཀྱི་མཚམས་རེ་ཞིག་འདི་ནས་བསྐྱུར་འཇོག )

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

 

qrcode_for_gh_24a680a08df5_430(1)

བསྟོད།4

དཔྱད་མཆན་སྤེལ།