དགེ་རྒན་ངན་པའི་དགེ་ཕྲུག་ཕ་མ་ངན་པའི་བུ་ཕྲུག

རྣོ་ཟུར།

ཁ་སང་རང་རྫོང་གི་བོད་ཡིག་སློབ་འབྲིང་གི་དགེ་རྒན་དབང་ལྡན་གྱི་མགོ་བོ་ཁྲག་བཞུར་བ་དེ་མཐོང་དུས། མཚར་སྣང་ཞིག་ངང་ངམ་ཤུགས་ཀྱིས་འཁྲུངས་ཡོང་ལ། དྲ་ཐོག་གསར་འགྱུར་དག་ལ་ཞིབ་ཏུ་བཀླགས་དུས། ༼འཕེན་པ་ས་ལ་འཕང་ན། རྒྱག་རྒྱུ་སྣ་ལ་རྒྱབ་པ་ཤེས་བྱུང་།༽འོན་ཀྱང་ངས་དེ་དག་རྒྱུན་ལྡན་ཞིག་ཏུ་བརྩི་བཞིན་ཡོད། བརྙན་ཐུང་ལས་ཨ་ཡེས་དགེ་རྒན་དེས་སྐད་ཆ་དེ་དག་གོ་བས་བོད་ཀྱི་དགེ་རྒན་དག་མ་ཟད། རང་རྫོང་གི་སློབ་གསོ་ཟེར་བ་དེ་ཚད་ཅི་འདྲ་ཞིག་ཡིན་པ་མཐོང་ཡོང་ལ། དགེ་རྒན་དག་གིས་སྣོག་ལས་ཉ་ཉོག་དེའང་རིག་གི་འདུག མ་ཟད་སློབ་འབྲིང་གི་ཐམ་ཀ་བཞག་པའི་རྒྱ་ཡིག་གི་ཡིག་ཆ་དེའང་བཙན་སོང་། མགོ་ནས་ཁྲག་བཞུར་བ་ནི་ཆུ་བོ་ལྟར་རྒྱུན་མི་ཆོད་པ་ཞིག་མིན་ནམ། ཤ་རུས་ཟད་པར་འགྱུར་ནས་སྐམ་རུད་དུ་འགྲོ་བས་ཤི་རྐྱེན་ཞིག་ཨེ་ཡིན། དཔེ་མི་སྲིད།ན་ཚ་འདི་ལྟ་བུ་ལས་སློབ་འབྲིང་གིས་ནག་ཡིག་བྲིས་པ་དང་། དགེ་སློབ་ཚོས་རང་གི་སློབ་ཕྲུག་འདི་མྱིག་ལ་བསྟན་ཚུལ་འདི་མི་གཙོག་གམ།

ངས་གོང་གི་ཚགས་ཡིག་ཁ་འཐོར་དག་ལས་མཐོང་བ་ནི་དགེ་རྒན་དེའི་མཚན་མོར་སློབ་མ་ལ་འགྲམ་ལྕགས་གཉིས་བཞེས་པ་དེ་ཅང་མ་རེད། སློབ་གསོ་བཏང་ཡོད་རབས་བཤད་འདུག ངས་ཅིག་འདྲི། ཁྱོད་ཀྱིས་སློབ་གསོ་ཅི་ལྟར་བཏང་བ་ཡིན། སློབ་བུ་དེ་མཚན་མོར་ཉལ་ཐུལ་འོག་ན་འགོག་མི་ཐུབ་པའི་སེམས་ལ་སྡུག་བསྔལ་བཟོད་ མི་ཤེས་བ་དང་། ཡང་ན་གནོད་དུ་རུང་བའི་ཚིག་འགའ་བཤད་ཡོད་པ་ཐག་གིས་ཆོད། ཁོ་མཐོ་འབྲིང་སློབ་མ་ཞིག་རེད། ཁོ་རྣམ་རིག་དར་བའི་སྐབས་རེད། སང་ཉིན་ཕ་མ་གཉིས་ཁྲིད་དེ་ཡོང་ནས་དགེ་རྒན་གཅར་ན་སློབ་གྲྭའི་འགྲིག་འགལ་ཡིན་པ་དང་། གང་ལྟར་ཁ་ལན་ཚིག་ལེན་ཙམ་ལའང་འགྲིག་ལམ་ལ་འགལ་ཡོད་པ་ཤེས་ངེས་སོ།

ངོ་མ་བཤད་ན་དགེ་སློབ་རྣམས་སྨན་ཁང་ནང་དུ་འུར་གྱིས་བསྡུས་ཤིང་། ངུ་བསྒྱིངས། མིག་ཆུ་བཞུར་བའི་དོན་དགོ་ཅི་ཡིན། དམིགས་ཡུལ་ཅི་ཡིན། མ་འོངས་བ་ན་སློབ་མ་དག་དང་ཁྱིམ་བདག་རྣམས་འདུལ་དགོས་བསམ་པ་དང་། ཁྱིམ་བདག་ཚོ་ལ་མཛུབ་མོ་གར་བསྟན་ཤར་བྱེད་དགོས་པའི་རྣམ་འགྱུར་བཟུང་བ་རེད་མོ།

སློབ་མ་ཚོར་ཁྲག་བཞུར་ནས་ཁྲིན་འདུ་ཝ་ཤེས་སྨན་ཁང་དུ་འགྲོ་སྐབས། དམངས་སྒོར་ཁྲི་བཅུ་ལྷག་གིས་ཁ་གཅོད་འདང་བྱས་པ་དེ་ལ་ཅི་ཟེར་དགོས་པ་རེད། ༼དགེ་རྒན་ཚོ་ནངས་སྔ་མོ་དང་དགུང་འཕྱི་མོར་ལངས་ནས་༽བྱིིས་པ་དག་ལ་ཡི་གེ་བསླབ་པ་དེ་སློབ་མ་བསམ་པ་ཡིན་ནམ། ཡང་ན་རང་གི་ཅ་ནེ་སྲུང་བས་ཡིན། འདི་ཡིས་ཁ་དྲིན་བཙོ་བ་ནི་རང་སྟེང་གི་ངོ་ཚ་མིན་ནམ།

ད་དུང་དགེ་རྒན་དག་གིས་སློབ་མ་དག་ལ་བཙན་གཡེམ་བྱས་པ་དེ་ཡང་སློབ་མའི་ཉེས་པ་དང་ཁྱིམ་བདག་གི་ཉེས་པ་ཡིན་ནམ། འུ་ཚོས་གསལ་པོར་ཤེས་མོད། རང་གི་བུ་ཕྲུག་ལ་འདང་ཆེ་བ་དག་ལ་ཁག་ཅི་ཡོད། ཕ་མ་ཞིག་གི་འགན་ཁུར་བ་མ་ཡིན་ནམ། དགེ་སློབ་གཉེན་དུ་སྡེབ་ཀྱང་ཕ་མ་ཁ་རོག་འདུག་པ་ལྟ་བུའི་གཡུང་མ་ལུག་ལྟ་བུ་དག་ལ་ཁྱོད་ཚོ་དགའ་ངེས་ལ། ཁྱིམ་བདག་བཟང་པོ་ཡིན་ཡང་ཟེར་སྲིད།

སློབ་མ་རང་ཉིད་ལ་བྱ་ཐབས་འདི་ལས་ནུས་པ་མེད་སོང་བ་རེད། ཁྱོད་ཚོར་གནས་ལུགས་བཤད་སའི་བློ་སྦྱོང་མ་ཡོད་པ་རེད། ཁྱོད་ཚོས་ངན་པ་རྒྱུན་འབྱམས་ཀྱིས་འབུར་འཇོམས་གཏོང་དྲགས་པས་རེད། ཁོ་ལ་ཕ་མ་ཡན་གྱིས་བཤད་ས་ཞིག་སུ་ཡོད། ཡོད་པ་མ་རེད།

ཁྱིམ་བདག་གིས་ཀྱང་མགོ་ན་ཨྃ་མེད་མཇུག་ཏུ་ཕཊ་མེད་པར་གཅར་བ་འདི་ཅུང་མི་བདེ་ནའང་། ཁོང་གཉིས་ལའང་ཁག་དཀྲི་ས་མང་པོ་མེད། ལོ་མང་པོར་སློབ་གྲྭ་འགྲིམ་པའི་དགེ་རྒན་ཞིག་དང་སློབ་ཆུང་ཙམ་འགྲིམ་པའི་༼སློབ་ ཆུང་ཡང་འགྲིམ་མེད་ཤས་ཆེ༽་ཁྱིམ་བདག་བར་དུ་རྩོད་པ་བྱེད་པའི་ཁ་བརྡ་ཆེན་པོ་དང་འགྲིག་མོ་ག་ལ་ཡོད།

ངས་འདི་ནས་སློབ་གསོ་ཟེར་བའི་ཐ་སྙད་བརྗོད་བདེ་ལ། དོན་ལ་བསམ་བློ་སྤུ་རྩེ་ཙམ་མེད་པའི་དགེ་རྒན་དག་གིས་ལས་ཚུལ་བཅའ་ཚུལ་འདི་ལ་དགེ་རྒན་དབང་ལྡན་དང་ཁྱིམ་བདག་བར་གྱིས་ཁ་འཛེང་ལག་འཛེང་དེ་ལས་དཔེ་ཙམ་བཀོད་དེ། བོད་ཟེར་ཡང་ཆོག རྔ་བ་བརྗོད་ཅིང་ཆོག མདོར་ན་དགེ་སློབ་བར་དུ་སློབ་གསོའི་ལག་ལེན་བྲལ་པའི་ཡོང་བབས་ཡིན་པ་གསལ་བཤད་ བྱས་པ་ཡིན།

ཀློག་པོ་དག་གིས་བསམ་ན་དགེ་རྒན་གྱི་འགན་མེད་ན་ཤེས་མི་སྲིད་འདོད་ན་ཐང་། འོན་ཀྱང་ང་དགེ་རྒན་བྱས་ཏེ་མི་ལོ་གཉིས་ཙམ་སོང་བ་ཡིན། ཁྱིམ་བདག་དང་དགེ་རྒན། སློབ་མ་བར་དུ་ངེས་བར་དུ་དཀྱེལ་ཡངས་ཟེར་བའི་ཐ་སྙད་དེ་གསོན་ཉམས་དོད་པོས་ངང་ཡོད་དགོས་པ་ལས། ཁ་ནས་འཐེན་པ། ཁོག་ཏུ་མིད་པ་ཙམ་གྱིས་ག་ལ་ཡོང་ཨང་།

ཉིན་ཞིག་གི་སྔ་དྲོར་ངས་སློབ་མ་གཅིག་ལ་རྣམ་དབྱེ་གཉིས་པའི་རྩ་ཚིག་བློར་འཛིན་དུ་བཅུག་པ་ཡིན། འོན་ཀྱང་ཟིན་མི་འདུག ཐུན་ཚོགས་མ་ཐག་དགེ་རྒན་ཁྲིད་སྟེགས་སྟེང་ནས་འགྱིང་བཞིན་རང་ཉིད་ཀྱི་འདུག་སར་འགྲོ་ཁ་མི་ཉནཔར་འདུག སྐབས་དེར་ངས་ཁྱོད་ཀྱིས་ད་ནངས་བློར་བཟུང་བར་ལྟོས་དང་། ཚིག་བཞི་ཙམ་ཡང་ཟིན་མི་འདུག་ཅེས་བཤད་པ་ན། ཁོ་ངར་ལངས་ཏེ་མ་ཟིན་པ་མ་གཏོགས་མ་བཟུང་བ་མིན། ཁྱོད་ཀྱིས་ང་ཐུབ་ཚོད་མ་བྱེད་ཟེར། ༼སློབ་ཁང་ནང་ཧ་ཅང་ལྷིང་འཇགས་སུ་འགྱུར༽། ངས་ཁོ་ལ་བཀའ་དྲིན་ཞུས་པ་ཡིན། རྒྱུ་མཚན་ང་དགེ་རྒན་བྱས་ཡོད་ཀྱང་མྱི་ཞིག་ཡིན། ནོར་བ་ཡོད་སྲིད། ཁྱོད་ཀྱིས་ང་ལ་ནོར་བ་བཅོས་བར་རམ་འདེགས་བྱས་པ་བཀའ་དྲིན་དང་ཁྱོད་ལ་ཚིག་ངན་བཤད་པ་ལ་དགོངས་དག་ཞུས་པ་ཡིན་ཞེས་བཤད་པ་ཡིན། སྤྱིར་ཡིན་ན་ཁ་དྲོ་ཟེར་ན་ཁ་ཡ་དང་མཐོ་བོ་བསྟན་ན་ལག་ཡ་ཡིན་ཟེར་བ་བཞིན། དབྱུག་པ་གནམ་དུ་འཕྱར་ནས་ང་ལ་ཁ་ཡ་བྱེད་པའི་སློབ་མ་ཁྱོད། དེ་རིང་ནས་སློབ་གྲྭ་འདིར་འདུག་བསམ་ཡང་དབང་ཆ་མེད་ཟེར་ན་ཆོག་པ་ལ། ཡིན་ནའང་དབྱུག་པ་གཅིག་པུའི་ཐག་ཆོད་དམ།

ངས་སློབ་གསོ་ཟེར་བ་དེ་ངོ་མ་མི་ཤེས། ལོ་ངོགས་གཉིས་ཀྱི་རིང་མཉམ་མྱོང་ལྟར་ན་བཙན་པོ་བྱས་ཏེ་སློབ་མ་གསོ་སྐྱོང་མི་ཐུབ་པ་ཐག་གིས་ཆོད་ཨང་།
རང་ རྫོང་སློབ་འབྲིང་གི་དགེ་རྒན་ལ་ལ་ལོ་མང་པོར་དགེ་རྒན་གྱི་ལས་གནས་ལ་བསྡད་པ་ཙམ་ ལས་མཉམ་མྱོང་མེད། རིག་གནས་མེད། ཅི་ཡང་མེད་པའི་རྒན་རུལ་ཏག་ཏག་ཡིན་པ་གསལ་པོ་ཤེས།

------- ས་མཐའ་ཡུལ་མཐའ་ཞིག་ཏུ་དགེ་རྒན་བྱས་པའི་རྣོ་ཟུར་གྱིས་༢༠༡༤-༡༡-༡༣ཉིན་སྦྱར།

བསྟོད།8

དཔྱད་མཆན་སྤེལ།