གངས་ཐིག་གི་རྩོམ་ཡིག་ཕྱོགས་བསྡུས་མ།

གངས་ཐིག

གངས་ཐིག མདོ་སྨད་རྒན་གྱའི་ཡུལ་དུ་སྐྱེས། ད་བར་དུ་ཚགས་ཤོག་གང་རུང་ལ་དཔྱད་རྩོམ་དང་སྙན་ངག བསྒྱུར་རྩོམ་སོགས་༣༠ལྷག་སྤེལ་མྱོང་།
རྩོམ་འབྲིའི་ལས་ཀ་ནི་སྐབས་རེར་སུན་སྣང་དང་ཁེར་རྐྱང་གིས་ཞིབ་ཏུ་འཐག་རྒྱུ་ཞིག་དང་།ཡང་སྐབས་རེར་ཟང་ཟིང་དང་ལང་ལོང་གིས་གཡབ་མོ་གཏོང་དགོས་པ་ཞིག་ཡིན་ལ།ད་དུང་སུས་ཀྱང་འགྲེལ་རྒྱག་མི་ཐུབ་པའི་རང་གི་གསང་བ་དེའང་ཡིན་ནོ།

བན་བོན་སྐོར་འདེད་ལས་གཏོར་བའི་བོད།

ཉེ་བའི་ལོ་ངོ་འདི་དག་གི་རིང་ལ། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། འདྲ་མཉམ་སོགས་ཡོངས་ཁྱབ་རིན་ཐང་གི་ཐད་དུ་དོ་སྣང་དང་བློ་སྦྱོང་བྱེད་པའི་སྐྱེས་བུ་ལྡབ་འགྱུར་གྱིས་འཕེལ་བཞིན་ཡོད་མོད།ང་ལ་མཚོན་ན་སྤྱི་ཚོགས་འདིའི་གདོང་ཐུག་གི་གནད་དོན་གསར་བ་འཚོལ་ཞིབ་དང་གོམས་གཤིས་རྙིང་བ་ཐག་གཅོད་བྱེད་རྒྱུ་གཉིས་ནི་གཅིག་མཚུངས་ཀྱིས་གལ་ཆེན་དུ་འདོད་སོང་། དེ་རིང་ངས་འདི་ནས་བཙན་པོའི་དཔུང་སྟོབས་ཀྱིས་སུམ་གཉིས་དབང་དུ་བསྡུས་ཚུལ་དང་རིག་པའི་གནས་བཅུ་ཡིས་མ་རིག་མུན་པ་སེལ་ཚུལ་སོགས་གཟི་བརྗིད་གྱི་མཚན་བྱང་ཡོད་ཚད་འདས་སོང་གི་མེས་པོ་ཁོ་ནར་སྦྱར་ནས་བཤད་འདོད་པ་མིན་ལ། བཙན་རྒྱལ་གང་གིས་ང་ཚོའི་བོད་མི་རིགས་འདིར་བཙན་འཛུལ་དང་གཡོ་ཁྲམ་ཅི་ཞིག་བྱས་པའང་བརྗོད་འདོད་པ་མིན། འོན་ཀྱང་ངས་འདི་ནས་གནའ་ནས་བཟུང་ཁ་བྲལ་ལ་དགའ་ཞིང་གཏོར་གཤིག་ལ་མཁས་པའི་བོད་མི་རིགས་འདིའི་གྲུབ་མཐའི་ཕྱོགས་ཞན་དང་ལྟ་བའི་ལངས་ཕྱོགས་ཁོ་ནར་རེམ་པའི་བོད་པ་ཚོར་གྲོས་འདེབས་ཐེངས་གཅིག་བྱ་འདོད།
སྤྱིར་རང་གི་དགའ་ཕྱོགས་དེར་ཡང་ཡང་བསྟད་ན་ནི་ལངས་ཕྱོགས་ཡིན་སྲིད་ལ། རང་གི་སྡང་ཕྱོགས་དེར་ཡང་ཡང་སྨད་པ་ནི་ཕྱོགས་རིས་ཤིག་ཏུ་མི་འགྲོ་བའི་ངེས་པ་མེད་མོད། བོད་རང་གི་ལོ་རྒྱུས་དག་ལས་སྤྱི་ལོ་དུས་རབས་བརྒྱད་པ་ནས་བཟུང་སྟེ། བོད་ཀྱི་གདོད་མའི་ཆོས་ལུགས་སམ་བོན་པོའི་ཆོས་ལུགས་ནི་ཕྱི་རོལ་མུ་སྟེགས་པའི་ཆོས་ལུགས་ཀྱི་གྲས་སུ་བགྲངས་ནས།ཆབ་སྲིད་ཀྱི་ཁེ་དབང་ངེས་ཅན་ཞིག་གི་བཙན་དབང་ལ་བསྟེན་ནས་བསྟན་པའི་ཉམས་རྒུད་ཚབས་ཆེན་ཐེབས་པ་མ་ཟད། བོན་ཆོས་ལ་དད་པ་བྱེད་མཁན་ཚོ་མ་རུང་བའི་གདོན་དང་མི་མཐུན་པའི་འདྲེའི་ཚད་དུ་བཟུང་སྟེ།ངན་སྨོད་དང་བརྙས་བཅོས།རྣམ་རྟོག་གི་གཡེམ་སྦྱོར་བཤམས་ནས་ད་བར་དུ་ལོ་ངོ་སྟོང་ཕྲག་ལྷག་འགོར་ཡོད། ལོ་ངོ་སྟོང་ཕྲག་འགའ་འགོར་བའི་དུས་ཡུན་འདིའི་ནང་དུ།བོད་ཡུལ་ལ་བོད་ནང་བོད་ཀྱི་འཚོ་བའི་རྣམ་པ་གྲུབ་སྟེ། བོན་པོ་ཚོའི་སེམས་ནང་ན་བན་དེ་ཚོ་འདྲེ་དང་བན་དེ་ཚོའི་སེམས་ནང་ན་བོན་པོ་ཚོ་གདོན་དུ་སེམས་ནས་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་བྱས་པའི་ཆོས་ལུགས་ལ་འབུར་འཇོམས་བཟོས་མོད།ཆོས་གྲུབ་ཡང་དག་གི་ལྟ་བ་ཅན་ནི་སྔར་བཞིན་འགྱུར་མེད་རྟག་བརྟན་གྱིས་རི་ཁ་བ་ཅན་གྱི་ཡུལ་ན་གསལ་ལེར་འགྱིང་ཡོད་པས་མ་ཟད། བལ་བོ་དང་རྒྱ་གར། ཨ་རི་དང་འཇར་མན་སོགས་ཕྱི་ཡུལ་གྱི་སྟོབས་འབྱོར་རབ་འབྲིང་གི་རྒྱབ་ཁབ་གང་མང་མང་ཞིག་གི་སྤྱི་དམངས་ཀྱི་བསམ་པའི་དཔལ་ཡོན་དུ་གྲུབ་ཡོད་པ་འདི་ནི་འུ་ཅག་བོད་པ་ཚང་གི་རྒྱན་དུ་མི་མཆིས་སུ་ལ་སྦྱིན།
ལར་གཞུང་ལུགས་ལ་བསྙད་དེ་བཤད་ན། འགལ་བའི་གདོང་ཐུག་ནི་༼ཐུབ་བསྟན་དང་བོན་པོ༽རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ཞེས་བཤད་ཀྱང་མི་ཆོག་རྒྱུ་མེད་མོད། སེམས་ཁམས་འདུ་ཤེས་ཀྱི་ཁྱབ་ཁོངས་ངེས་ཅན་ཞིག་གི་འོག་ནས་ཆོས་གྲུབ་འདི་གཉིས་ཀྱི་འགལ་བ་ནི་བབ་མཐུན་གྱི་འགལ་བ་ཞིག་མིན་པར། ཕན་ཚུན་ཁྱད་གསོད་དང་ངན་སྨོད། མཐོང་ཆུང་དང་ཞེ་འཁོན་གྱི་འགལ་བ་ཞིག་སྟེ།གནའ་ནས་བཟུང་མི་རིགས་འདི་ཁ་ཐོར་དང་རྩ་འཐོར་ཏུ་འགྲོ་བའི་རྒྱུ་རྐྱེན་ཁུངས་ལྡན་པ་ཞིག་ཡིན་ནོ། དེང་སྐབས་བོད་ཀྱི་རིག་གནས་ལ་མཚོན་ནས་བཤད་ན་བོན་གྱི་རིག་གནས་དེ་མི་གླེང་ཐབས་མེད་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ། མི་རིགས་འདིའི་བསམ་བློའི་འདུ་ཤེས་དང་འཚོ་བའི་གནས་སྟངས།ཆོས་ལུགས་བྱེད་སྒོརིག་གནས་ལྟ་སྟངས་སམ་ཀུན་སྤྱོད་སྒྲིག་གཞི་སོགས་གང་གི་ཆ་ནས་ཀྱང་ཤུགས་རྐྱེན་གཞལ་དུ་མེད་པ་རེ་ཐེབས་ཡོད་པ་ལ་བལྟས་ནའང་བོད་ཀྱི་རིག་གནས་ནི་བོན་གྱི་རིག་གནས་ཡི་མ་རྐང་ཆགས་པ་ཞིག་ཡིན་པ་ཁ་གསལ་ཡིན་ཏེ་བན་བོན་གཉིས་ནི་ཕན་ཚུན་མཉམ་གནས་ངང་གོང་དུ་འཕེལ་བའི་ཤུལ་བཞག་རིག་གནས་བླ་མེད་ཞིག་ཀྱང་རེད། རིག་པའི་དབང་ཕྱུག་གིས་ལོག་པའི་ལམ་ལ་མུ་མེད་ཕྱིར་ཞེས་གསུངས་པ་ལྟར་ལམ་དང་ལམ་མིན་ཀྱི་བློ་གྲོས་ང་ལྟ་བུ་ཞིག་གིས་འབྱེད་པར་སེམས་པ་ནི་བཞད་གད་སློང་བའི་རྒྱུ་རུ་ཟད་མོད་རང་ཉིད་བོད་མི་རིགས་ཞིག་གི་ལས་བསྐལ་གྱི་མགྲིན་ཚབ་ཅིག་ཏུ་འཚོ་ཐུབ་པའི་ཁོར་ཡུག་འདི་ཉིད་ངའི་འདི་ལྟར་སྣང་མེད་དུ་འཇོག་པར་སེམས་ཀྱིས་མ་བཟོད་པ་ཙམ།

གཅིག མི་རིགས་ནང་གི་སྔ་འཁོན་རྗེས་བཞག་གི་འདུ་ཤེས།

རང་མི་རིགས་འདི་ནི་གནའ་ནས་ཁ་ཐོར་གྱི་མི་རིགས་ཤིག་ཡིན་པས་མ་ཟད། ཆེས་གཙོ་བོར་གྱུར་བའི་སེམས་པའི་འགྲིལ་ཤུགས་དེ་བོར་ནས་རྩ་ཐོར་དུ་སོང་བའི་མི་རིགས་ཤིག་ཡིན་འདུག བན་བོན་འཁྲུག་ལ་ཕན་ཚུན་སྐོར་འདེད་བྱས་པའི་ལོ་ཟླ་དེ་དག་གི་ནང་ལ་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་ཉམས་དམས་སུ་གྱུར་བའི་རྒྱུ་རྐྱེན་ཤེས་བཞིན་དུ། ཆབ་སྲིད་སྒེར་གཅོད་པ་འགའ་དང་ཆོས་ལུགས་སྒེར་གཅོད་པ་འགའི་རང་རང་མི་སྒེར་གྱི་ཁེ་ཕན་གཙོ་བཞག་གི་ལམ་བུ་དེ་མཐའ་གཅིག་ཏུ་རྒྱུན་འཁྱོངས་ཧུར་ཐག་བྱས་ནས། གྲུབ་མཐའ་ཕན་ཚུན་དགྲ་འཛིན་དང་བན་བོན་ཕན་ཚུན་འདེད་རེས་དང་རྙོག་རྩོད་ཀྱི་སྦྱོར་བ་ཤུགས་ཀྱིས་བཤམས་པས་བོད་ཡུལ་གྱི་ས་གནས་སོ་སོའི་འཕེལ་རྒྱས་གསར་བ་དང་ཐོན་སྐྱེད་ནུས་ཤུགས་སོགས་ལ་གནོན་དུ་མེད་པའི་བགེགས་བཟོས་པ་དང་འཕེལ་རྒྱས་གསར་བ་མངོན་དུ་འགྱུར་བའི་སྟོབས་ཤུགས་ཟད་པའི་རྒྱུ་ཁོ་ན་ཟགས་ནས་ད་བར་དུ་ལུས་པ་དེའོ། སྤྱིར་ན་མི་རིགས་རང་ལུགས་པ་ཞིག་ཡིན་ན་རྒྱལ་གཅེས་རིང་ལུགས་པ་ཞིག་ངེས་པར་དུ་ཡིན་དགོས་མོད། འུ་ཚང་གི་རྒྱལ་གཅེས་རིང་ལུགས་པ་དག་མི་སྒེར་རིང་ལུགས་ཀྱི་འདུ་ཤེས་ཁོ་ནས་དབང་དུ་སོང་བས། མདུན་གྱི་ཁེ་ཕན་ཆུང་ངུ་དང་གནས་སྐབས་ཀྱི་སེམས་རྒྱ་དོག་མོ་དེ་ལ་བརྟེན་ནས་མི་རིགས་ནང་ཁུལ་གྱི་སེམས་པའི་འགྲིལ་ཤུགས་དེ་རླུང་གིས་གཏོར་བའི་ཕྱེ་ཕུང་ཇི་བཞིན་ཁ་བྲལ་ཡ་དོ་རུ་གཏོང་བར་མཁས་པ་རྐྱང་རྐྱང་རེད། དཔེར་ན་མི་རིགས་རང་གི་གོམས་གཤིས་དང་ཁེ་ཕན།ཁེ་དབང་།འགན་འཁུར་གྱི་གཞུང་ལུགས་མཐའ་དག་སྒེར་སྡོམ་བྱས་པ་དང་རྩ་འཛུགས་ལྡན་པའི་ལས་འགུལ་དང་དམིགས་ཡུལ་མཐའ་དག་སྒེར་གཅོད་བྱས་ཏེ་ཕྱོགས་ཆད་ཀྱི་དུམ་བུ་བརྒྱ་རུ་བཀར་ནས་མི་རབས་ནས་མི་རབས་བར་དུ་སྔ་འཁོན་རྗེས་བཞག་གི་འདུ་ཤེས་ཡལ་མ་མྱོང་བ་དེའོ། །

གཉིས། དོན་གྱི་ལ་རྒྱ་དང་མཐུན་སྒྲིལ་བོར་བའི་བོད།

བོད་ཀྱི་ནང་གི་བོད་ནི་རྩ་མོ་བཤད་ན་ཆེ་བ་བན་བོན་རྩོད། གསར་མ་རྙིང་མ་རྩོད། རོང་བ་འབྲོག་པ་རྩོད།ཡུལ་དང་ལུང་བ་བརྩད་ནས་མཐུན་སྒྲིལ་གླེང་ཤིང་ལ་རྒྱ་བཤད་པ་ཡིན། སྤྱིར་རྒྱལ་ཁབ་དང་མི་རིགས་གང་ན་མཚོན་ན་འཚོ་བ་དང་ལུང་བ་མེད་པ་མི་སྲིད་མོད།མི་རིགས་ཤིག་གི་ངོས་ཐད་ནས་གླེང་ན་འཚོ་བའི་འདུ་ཤེས་སམ་གྲུབ་མཐའི་འདུ་ཤེས་དེ་མི་རིགས་འདུ་ཤེས་སུ་འཕོས་རུ་འཇུག་པ་ལས་ཕྱིར་ཁོར་ནས་སྲན་ཕུང་གཏོར་འདྲའི་མི་རིགས་རང་ཉིད་ཀྱི་འབྲེལ་ཐག་གཅོད་པའི་གཏེ་བོ་རུ་འགྱུར་བའི་ངེས་པ་གང་ནས་ཡོད།གལ་ཏེ་འཚོ་བ་དང་ཚན་པ།གྲུབ་མཐའ་དང་རིག་གནས།དད་མོས་སོགས་མི་རིགས་འདུ་ཤེས་ནང་དུ་གཅིག་འདུས་བྱུང་དུ་འཇུག་ཐུབ་ན་དེ་ནི་ང་ཚོའི་མི་རིགས་ཤིག་གི་ལ་རྒྱ་གླེང་སྟངས་དང་འཛིན་སྟངས་ཡིན་པ་ལས།གན་མི་ཞིག་མ་རེད་རོང་བ་ཞིག་རེད་ཟེར་བ་ལྟ་བུའི་འདུ་ཤེས་དང་གན་བོད་ཅིག་མ་རེད་བོན་པོ་ཞིག་རེད་ཟེར་བ་ལྟ་བུའི་འདུ་ཤེས་བཟུང་ནས་མི་རིགས་ཀྱི་མཐུན་སྒྲིལ་དང་ལ་རྒྱ་གླེང་བ་ནི་ཞར་བས་སྟོང་བའི་མཁའ་དབྱིངས་སུ་ལག་ཉབ་བྱས་ཏེ་བྱ་འཛིན་པའི་དཔེ་ཁོ་ནར་འགྲོ་སྲིད་པའོ། །

གསུམ། མི་རིགས་རང་གིས་རང་བདའ་ཕུད།

འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་གང་དང་གང་ལ་མཚོན་ན་བསམ་ནག་ཞེ་ནག་གི་ལས་དབང་སྡུག་པོའི་དབང་འོག་ནས་དབང་སྡུད་དང་བྲན་བསྒྱུར་ཧ་ལས་པ་བྱས་རུང་། མི་རིགས་རང་གི་འདུ་ཤེས་དང་ལ་རྒྱའི་གླེང་སྟངས་དེ་ཉིད་མ་ནོར་ན་ཡ་ཧུ་ཏ་པའི་མི་རིགས་ཀྱིས་ལས་བསྐལ་ཇི་ལྟར་བསྒྱུར་བཀོད་བྱས་པ་ཀུན་གྱི་ཤེས་གསལ་རེད། འོན་ཀྱང་སྐྱོ་བ་བརྒྱ་དང་སྐྱོ་བ་སྟོང་གི་ཁྲོད་ན་མི་རིགས་རང་གིས་མི་རིགས་རང་ནང་ཁུལ་དུ་ཕན་ཚུན་བདའ་ཕུད་དང་བརྙས་སྨོད་བྱེད་པ་འདི་ནི་ཇི་འདྲའི་སྡུག་བསྔལ་ཆེ་བའི་ན་ཟུག་ཤིག་གམ་དོན་སྙིང་བོར་བའི་ལོག་ལམ་ཞིག་རེད།
བཞི། མཇུག་གི་གཏམ།
སྤྱིར་ཁ་ཡིས་ཤོད་རྒྱུ་ལས་ལག་པའི་ལས་རྒྱུ་གཙོ་མོད། གནས་ལུགས་ལ་ལ་ཞིག་ང་ཚོས་ཤེས་བཞིན་དུ་མི་ཤོད་པ་འདི་ཡང་རང་ཅག་གི་ཁ་ལན་པའི་སྐྱོན་དུ་མི་འབྱུང་བའི་ངེས་པ་བྲལ། གནས་ལུགས་ལ་ལ་ཞིག་གིས་མི་བུ་ལ་ལ་ཞིག་མི་དགའ་མི་དུང་གི་གནས་སུ་བཙིར་ཀྱང་སྲིད་མོད། མཇུག་ཏུ་ཞུ་རྒྱུ་ཞིག་ལ་འཇིག་རྟེན་ཀྱི་གནས་ལུགས་མཐའ་དག་ཁྱེད་ཅག་ཁོ་ན་དགའ་སྤྱད་དང་སྤྲོ་སྦྱད་དུ་བཤད་པ་མིན་པས། ད་དུང་མུ་ནས་ཤོད་ངེས་ཡིན།

སློབ་ཆེན་པ་དང་དཔེ་ཁང་།

༼དཔེ་ཁང་ནི་སྔོན་བྱོན་མཁས་པ་མང་པོ་ཞིག་གི་དུར་ཁྲོད་དང་འདྲ་ལ།དཔེ་ཁང་དུ་སྒྲིག་ཡོད་པའི་དཔེ་ཆ་ཡོད་ཚད་ནི་སྔོན་གཤེགས་ལོ་པཎ་ཚོའི་པུར་དང་གཉིས་སུ་མ་མཆིས། དཔེ་ཁང་དུ་སྡོད་པའི་སློབ་ཆེན་པ་ཚོས་སྔོན་བྱོན་དམ་པ་ཚོའི་གཞུང་ལུགས་དེ་ཇི་མ་ཇི་བཞིན་དུ་ཡང་ཀློག་བསྐྱར་ཀློག་བྱས་ཏེ་རང་ཉིད་ཕྱིར་དཔེ་ཆ་དེ་རུ་གྱུར་བ་ལས། དེ་དག་གི་དགོང་དོན་དེ་སྤྱི་ཚོགས་སུ་ལག་ལེན་མི་ཐུབ་པའི་ཁོ་ཚོ་ནི་དུར་ཁྲོད་ཀྱི་པུར་སྲུང་མཁན་དང་གཉིས་སུ་མེད།༽ལོ་རེའི་ཟླ་དགུ་བའི་ནང་རང་རྒྱལ་གྱི་སློབ་ཆེན་མང་ཆེ་བར་མཚོན་ན། གསར་ཞུགས་སློབ་ཆེན་པ་མང་ཆེ་བས་སློབ་བསྡུའི་དཔང་ཡིག་ལྷབ་ལྷུབ་རེ་དང་ཁྱིམ་མི་ཚོས་ཉིན་མཚན་དུས་དྲུག་ལ་འབད་པའི་ཤོག་དངུལ་མང་པོ་རེ་འཁྱེར་ནས་སློབ་ཆེན་གང་དེའི་དངུལ་ཁུག་ཏུ་བརྗངས་པའི་དུས་ཤིག་ཡིན་ལ། སློབ་གྲྭར་ཞུགས་མཁན་གྱི་སློབ་མ་དག་ལ་མཚོན་ནའང་སློབ་ཆེན་དང་སློབ་ཆེན་སློབ་མ་མ་ཡིན་པའི་བར་ལ་དོན་གྱིས་ཁྱད་པར་གང་ཡོད་པ་ཙམ་ལ་ཡང་བསམ་བློ་མ་བཏང་བར།སློབ་གླིང་དེ་གའི་མཚར་སྡུག་གི་འཛུགས་བསྐྲུན་ལ་རོལ་ཏུ་ཡོང་བ་ནང་བཞིན་སློབ་ཆེན་དུ་འབྱོར་བའི་སྐབས་ཤིག་ལ་འཁེལ་འདུག ཡང་སྐོར་ཁག་ཅིག་སློབ་ཆེན་མཐར་ཕྱིན་ཏེ་ངས་ཅི་ཡང་ཤེས་མ་སོང་། ངས་ཅི་ཡང་སྦྱང་མ་ཐུབ་ཞེས་འགྱོད་གདུང་གི་མིག་ཆུ་འཛུམ་མདངས་ལ་སྤྲུལ་ནས་རང་རང་གི་སར་ཆས་པའི་དུས་ཤིག་ཡིན་ཀྱང་སྲིད། རང་ཅག་བོད་མི་རིགས་ལ་མཚོན་ན་གནའ་དེང་གང་ཡིན་རུང་དཔེ་ཆ་བསླུ་བར་དགའ་བའི་མི་རིགས་ཤིག་ཏུ་བགྲང་ཆོག་ཆོག་ཡིན་དེ། གྲངས་ཉུང་མི་རིགས་ཆིག་རྐྱང་བ་ཞིག་ལ་མཚོན་ནས་བཤད་ན་མི་རིགས་རང་བཞིན་གྱི་རྩོམ་པ་པོ་གང་དེའི་དཔེ་ཆ་བྲིན་ཆེ་བ་འགའ་རེ་ལོ་ངོ་རེ་གཉིས་ནང་དཔར་གྲངས་ཁྲི་ལས་བརྒལ་བའང་ཡོད། འདི་དག་ནི་ལྟོས་བཅོས་ལ་མཚོན་ནས་བཤད་ན་ང་ཚོའི་མི་རིགས་འདི་དཔེ་ཀློག་ལ་དགའ་ཞིང་རིག་གནས་ལ་དུང་བ་ཡང་བདེན་སྤྲོད་ཐུབ་མོད། གནའ་ནས་ད་ལྟའི་བར་དུ་དཔེ་ཆ་བ་ཚོས་ཟུར་མང་གི་བསམ་གཞིགས་མ་བྱས་པར་རང་ཉིད་དཔེ་ཆ་གང་དེའི་གཡོག་པོ་དང་རྩོམ་པ་པོ་གང་དེའི་བསམ་བློ་ལས་མ་འདས་བར་ཅི་གསུངས་ཆོས་དང་གར་སྟོན་ཤར་ཏུ་སྒོམ་པས།དཔེ་ཆ་བ་དག་དཔེ་ཀློག་ལས་སླར་ཡང་དཔེ་ཆར་གྱུར་བ་ནི་འུ་ཅག་གི་ཆེས་ཆེ་བའི་ཕམ་ཁ་ཞིག་ཏུ་བསམ་ཆོག་ཆོག་གོ
རང་ཉིད་ལ་མཚོན་ན་ནམ་རྒྱུན་དཔེ་ཀློག་གི་ཁྲོད་ན་འདི་ལྟ་བུའི་གོ་རིམ་ངེས་ཅན་ཞིག་ཆགས་ཡོད་དེ།སྐྱེ་བོ་གང་ཞིག་གི་བརྩམས་ཆོས་ཡིན་ཀྱང་རུང་། མཁས་དབང་སུ་ཞིག་གི་ལྟ་བ་ཡིན་ཀྱང་ཆོགརང་ཉིད་ཀྱིས་དེ་མ་ཉིད་ནས་དེའི་བསམ་བློ་རང་གི་བསམ་བློ་རུ་འགྱུར་ཏུ་འཇུག་མི་ཐུབ་པ་དང་། དེ་མ་ཉིད་ནས་དཔེ་ཆ་གང་དང་མཁས་པ་གང་དེའི་བཤད་སྒྲོས་ཁོ་ན་རུ་རྒྱུགས་ནས་དེ་དག་གི་བྲན་གཡོག་རྐྱང་རྐྱང་རུ་འགྱུར་ཏུ་མི་འཇུག་པ་དེ་ཡིན། འོན་ཀྱང་ཡུན་ནས་ཡུན་གྱིས་རྩོམ་པ་པོ་ལ་ལར་ཇེ་དགའ་དང་བརྩམས་ཆོས་ལ་ལར་གོ་བ་གཞན་ལས་ལྷག་པ་རེ་ཇེ་ལོན་ནས་ཇེ་ལོན་དུ་འགྱུར་ལ། སྔར་དགའ་བའི་རྩོམ་པ་པོ་ལ་ལ་དང་བརྩམས་ཆོས་ལ་ལར་སླར་ཡང་མི་དགའ་བ་ཞིག་ཏུའང་འགྱུར་ཡང་སྲིད་པས། སྐབས་འདིར་ངའི་སེམས་སུ་ད་གཟོད་རང་ཉིད་ཀྱིས་དཔེ་ཀློག་གི་དགེ་བ་དངོས་དེ་རྙེད་སོང་བསམ་པའི་དགའ་བ་ཞིག་ཀྱང་སྐྱེས་ཡོང་།
སྤྱིར་དཔེ་ཀློག་གི་ཁྲོད་ནས་སླར་ཡང་དཔེ་ཆར་གྱུར་བའི་མི་ནི་དོན་གྱིས་དཔེ་ཀློག་མ་བྱས་པའི་མི་དང་འདྲ་སྟེ།རྒྱའི་རྩོམ་པ་པོ་གྲགས་ཅན་ཡུས་ཅེ་ལགས་ཀྱིས་ཀྱང་འདི་ལྟར་གསུངས་ཡོད་དེ།དཔེ་ཀློག་ནི་ཞན་ཆ་མིན་པའི་གོད་ཆགས་ཞིག་ཡིན་ལ་དཔེ་ཀློག་གིས་ཚེ་སྲོག་ལ་གོ་རྟོགས་སད་དུ་འཇུག་ཐུབ་མོད།དེ་ལས་ཀྱང་མཐུ་བ་ནི་ཚེ་སྲོག་འཕྲོ་བརླག་ཏུ་གཏོང་བ་དེ་རེད་ཟེར་བ་དེ་ཡང་དཔེ་ཀློག་གི་ཁྲོད་ན་སླར་ཡང་དཔེ་ཆར་གྱུར་མཁན་དག་ལ་བརྗོད་པ་ལོས་ཡིན།
གྲོགས་པོ་རེ་འགའ་ཞིག་གིས་དཔེ་ཀློག་གང་དང་གང་ཡིན་རུང་། ཡིག་རྡོག་གཅིག་ཀྱང་མི་བསྐྱུར་བར་དཀའ་སླ་གཉིས་ཀ་མཉམ་དུ་བསྲེས་ནས་དཔེ་ཀློག་བྱེད་སྲིད་དེ། དཔེ་ཀློག་གི་སེམས་ཁམས་དང་རྣམ་པ་གང་གི་ཐད་ནས་ཀྱང་བག་གཡེང་གི་སྤྱོད་ཚུལ་གང་ཡང་མེད།གལ་ཏེ་དཔེ་ཆ་རེའི་ཁྲོད་ནས་རང་ཉིད་ཀྱི་ལྟ་བ་དང་སེམས་ཁམས་དེ་བོར་ནས་གཞན་གྱི་ཟེར་སྒྲོས་རྐྱང་རྐྱང་གི་རྗེས་དེད་ནས་སོང་ན།རང་ལ་དཔེ་ཀློག་ལས་ཐོབ་པའི་འབྲས་བུ་གང་ཡང་མེད་དེ།རྒྱུ་མཚན་ཁྱོད་ཀྱིས་དཔེ་ཀློག་ལ་ཤི་འཐབ་རོ་འཐབ་གྱིས་འབད་པའི་ཤེས་བྱ་མཐའ་དག་སྔ་མོ་ནས་གཞན་གྱིས་ཤེས་ཟིན་པ་དང་བཤད་ཟིན་པ་ཏག་ཏག་ཡིན་པས་རེད། དེ་བས་ན་འུ་ཅག་གི་དཔེ་ཀློག་ནི་དངོས་ནས་དུས་ཚོད་འཕྲོ་བརླག་དང་ཚེ་སྲོག་སྟོང་ཟད་རེད། དེ་མིན་དཔེ་ཀློག་ལས་ཐོབ་པས་དཔེ་ཆ་བ་དེ་ཡང་འཇིག་རྟེན་འདིའི་བསྐྱར་དཔར་འཕྲུལ་ཆས་ཞིག་ལས་མ་འདས་སོ།

བོད་ཡིག་གང་སར་བཀོལ་བར་གཡབ་མོ་གཏོང་རྒྱུ་ཡིན།

༡འུ་ཚང་གི་བག་ཆགས་དེའི་དབང་གིས།བོད་ཡིག་མཐོ་ས་ཞིག་ལས་དམའ་ས་ཞིག་ལ་འབྲི་མི་རུང་བ་སྲོལ་རེད།འོན་ཀྱང་དེའི་ཕུགས་སུ་སྐད་ཡིག་ཅིག་གི་མ་མཐའི་ནུས་པ་(བརྡ་སྤྲོད་པ)ལ་རྡོག་བརྫིས་ཚ་བོ་བཏང་འདུག
༢དཔལ་འབྱོར་གོ་ལ་ཅན་ཏུ་གྱུར་བ་དེའི་རིག་གནས་ཡང་གོ་ལ་ཅན་ཏུ་འགྱུར་བར་སྐུལ་མ་བཏང་ཡོང་སྟེ།མི་རིགས་ཤིག་གི་སྐད་ཡིག་གཉིས་པོའི་རིག་གནས་དར་སྤེལ་ཡོང་དགོས་ན་ཁོར་ཡུག་དང་སྤྱི་ཚོགས་ལ་སྤྱོད་སྒོ་ཡོད་དགོས་ཀྱི་རེད་མ་གཏོགས་ཁྱིམ་ཕུགས་སུ་ཨམ་གཙུག་བསྡམས་ནས་འདུག་པ་ནི་ཡར་རྒྱས་འགྲོ་བའི་བཀག་ལས་མ་ཡིན་ནོ།
༣སྔོན་མ་ཚོའི་སྐབས་སུ་གོན་པ་སེར་བོ་དང་དམར་པོ།སྔོན་པོ་བཅས་ནི་བླ་མའི་དང་སྤྲུལ་སྐུ།དཔོན་པོ་དང་རབ་བྱུང་བའི་སྡེ་ལ་མ་གཏོགས་གྱོན་པར་མི་རུང་བ་ཞིག་ཏུ་འདོད། ད་སྐབས་ཡང་དེ་དང་དེ་བཞིན་གྱིས་འགྱུར་ནས་ལྷམ་ཡང་སེར་པོ་གོན་ཆོག་པ་འདི་ཨེ་མ་མཚར།
༤ གལ་སྲིད་གཙང་ཤོག་གི་ངོས་སུ་བོད་ཡིག་ཡོད་ན་ཐེ་ཚོམ་མེད་པར་ཨོང་ཤ་གཙང་མར་ཕྱི་ངེས་ཡིན་ཞེས་བཤད་ན་ཁྱེད་ཀྱི་ང་ཡི་བློ་རྒྱ་ཆུང་སོང་ལ་རིག་གནས་ཀྱི་འདུ་ཤེས་ཞན་སོང་ཟེར་ཁོ་ཐག་ཡིན། འོན་ཀྱང་བོད་ཡིག་ལ་བརྩི་འཇོག་དང་རིག་གཞུང་གོང་བཀུར་བྱེད་ཚུལ་དེ་དོར་དགོས་པའི་སྐད་ཆ་མིན།
༥ བོད་ཡིག་གི་སྤྱོད་སྒོ་དམ་པའི་ཆོས་གཞུང་ནས་མི་སྒེར་རེ་རེའི་འཚོ་བའི་ཁྲོད་དུ་ཐོན་པས་མ་ཟད། རྒྱ་ཁྱབ་དུ་དར་བ་དང་བསྟུན་པས་ན་བོད་ཡིག་ཡོད་པའི་ཨོང་སྒོ་འབྱེད་སྤྱད་ཀྱི་ཤོག་བུ་དང་འོག་འཇུག། ལྷམ་དང་རྐང་འབོབ་སོགས་གང་ཡང་རུང་བ་ཞིག་དར་ཡོང་ངེས་ཡིན་པས་རང་ཅག་ཚོས་དང་ལེན་ཅི་ཐུབ་བྱེད་དགོས་འདོད། དེ་ལས་ལྷག་པའི་བོད་ཡིག་གིས་སྙན་ངག་དང་འདོད་བསྟན། རོགས་ཡིག་དང་ཁ་བཙོག་སོགས་གང་ཡང་བྱེད་ཆོག་གི་རེད།
༦ འདྲ་མཉམ་ཤེས་ན། དབུ་མ་ཡིན་ན་རྒྱ་ཡིག་སྟེང་བཙོག་ཆོག དབྱིན་ཡིག་སྟེང་འགོམ་ཆོག བོད་ཡིག་མི་ཆོག་ཟེར་བ་ནི་རང་ཤེད་ཆེ་བའི་རྟགས་ཙམ་རེད། རིག་གནས་ནི་ནམ་ཡང་རིག་གནས་རང་རེད།
༧ འུ་ཚོའི་བོད་ཡིག་འདིས་ཆོས་གཞུང་བཅིངས་ཡོད་པས་བོད་ཡིག་འདི་ཡང་རྒྱ་ཁྱབ་ཅན་ཞིག་དང་ཡོངས་ཁྱབ་ཅན་ཞིག་ཏུ་ཆགས་དགོས་ན་རིག་གནས་རང་དབང་གི་ངོས་ཐད་ནས་གླེང་དགོས་པ་ལས་དུང་ཀ་ལྷག་མ་དང་དད་པ་བཅོས་མ་ཞིག་གིས་ཕན་ཐོགས་གང་ཡང་ཡོད་ཀྱི་མ་རེད།
༨ མི་རིགས་ཤིག་གི་སྐད་དང་ཡི་གེ་རིག་གནས་སོགས་དར་སྤེལ་བཏང་དགོས་ན་ཁོར་ཡུག་དང་སྤྱི་ཚོགས་ལ་སྤྱོད་སྒོ་ཡོད་དགོས་ཀྱི་རེད་མ་གཏོགས་ཁྱིམ་ཕུགས་སུ་ཐལ་མོ་བསྡམས་ནས་སྐྱབས་བཅོལ་ཁོ་ན་དང་རེ་སྒུག་ཁོ་ན་ཙམ་བྱས་བསྡད་ན་ཡར་རྒྱས་འགྲོ་རྒྱུ་ནི་ཉིན་མོའི་རྨི་ལམ་དང་རུས་སྦལ་གྱི་ཁ་སྤུའོ།།

ཁོར་ཡུག་ལ་གཙང་སྦྲ་བྱེད་ཚུལ་འདི་ཅུང་མཚར།

[ཁ་བྱང་གི་འགྲེལ།] ཁྱོས་རྔུལ་ནག་འཛར་འཛར་གྱིས་རང་ཡུལ་གཙང་ཕྱག་བྱས་ཚར་མོད། འཛམ་གླིང་ཡོངས་ཚར་རྒྱུ་མ་རེད།

ལོ་རེའི་དབྱར་ཚ་ཆེན་གྱི་དམྱལ་ཟངས་ནང་ནས་རྒྱ་ཕྱི་ནང་གི་ས་ཆ་སོ་སོ་རྔུལ་ཆུས་རུལ་འགྲོ་བའི་ཉེན་ཁ་བསྐྱལ་ཡོང་བས་རྔུལ་ནག་འཛར་འཛར་གྱི་རྒྱ་འབུ་མང་པོས་བོད་ཡུལ་ན་ཇོ་མོ་གངས་དཀར་ཟེར་བ་ཞིག་ཡོད་པ་དྲན་སོང་། བོད་ཡུལ་དུ་སོང་ན་གངས་རིའི་མུ་འཁྱུད་ཀྱི་ཕྲེང་བ་ཡོད་པའང་ཤེས་སོང་། ཏག་ཏག་སྐབས་འདིར་བཤད་ཚུལ་ཞིག་ལ་གནད་འགག་གི་སྐབས་ལ་གནད་འགག་གི་ཐབས་ཤེས་དགོས་ཞེས་བཤད་པ་ནང་བཞིན་ཁོ་ཚོས་གངས་དཀར་པོའི་མཐའ་སྐོར་གྱི་གད་སྙིགས་གཙང་ཕྱག་བྱེད་རྒྱུའི་ཀུན་ཕན་གྱི་བྱ་བ་རླབས་ཆེན་དེ་སྒྲུབ་རྒྱུ་དྲན་སོང་བ་རེད། རྒྱ་ཕྱི་ནང་གི་མི་འདི་ཚོ་ཨ་མདོའི་ཡུལ་གྱི་རྨ་ཆེན་གངས་རི་དང་མངའ་རིས་ཡུལ་གྱི་གངས་དཀར་ཏི་སེ་སོགས་གངས་རི་མཐོན་པོ་དག་གི་རྩེ་མོར་འཛེགས་རྒྱུར་ཤིན་ཏུ་དགའ་བ་མ་ཟད། གངས་མཐོན་པོའི་རྩེ་མོར་འཛེགས་ནས་གད་སྙིགས་བཙལ་རྒྱུར་ཡང་ལྷག་ཏུ་དགའ་བོ་ཡོད།
དེ་བཞིན་བོད་ཡུལ་གྱི་ས་ཆ་ཆེ་གེ་མོ་ནས་ཀྱང་རིགས་ཀྱི་འདུ་ཤེས་ཡོད་ཚུལ་དང་ཕ་ཡུལ་ལུང་བར་དགའ་ཚུལ་གྱི་ལྷག་བསམ་གཙང་མ་ཡོད་ཟེར་མཁན་གྱི་མི་བུ་བློ་ཇུས་ཅན་མང་པོ་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་ཆེན་རྒྱགས་དགོས་ཚུལ་དང་རོགས་པ་མཐུན་ཚོགས་སྡེབ་ནས་གྲོས་ཁ་བུད་ཡོང་བའི་ཚུལ་གྱིས་ཡར་གྱི་སློབ་གསོ་རོགས་སྐྱོར་ཚོགས་པ་དང་མར་གྱི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་སོགས་ཡུལ་ལུང་འདིའི་མི་གྲངས་ཉུང་ཉུང་བོ་ཡར་བགོ་མར་བགོ་བྱས་ནས་དུམ་བུ་མང་པོར་བཅད་སོང་། ཁོ་རང་ཚོས་ཁོར་ཡུག་ལ་གཙང་སྦྲ་བྱས་འཇོག་ཁུལ་དང་སློབ་གསོ་ལ་སྐུལ་མ་བཏང་འཇོག་ཁུལ་གྱི་མཐུན་སྡེབ་མང་པོ་མང་པོ་ཞིག་ཕྱོགས་ཁག་སྒྲིག་པ་ཇི་བཞིན་དབུ་བརྙེས་སོང་བས་མི་ཚད། ལོ་གཅིག་གི་ནང་གཏན་འཁེལ་གྱིས་ཐེངས་ག་གེ་མོ་ལ་ཕ་ཡུལ་གྱི་ཁྱིམ་ཚང་རེ་རེའི་སྒོ་ཁ་ནས་བུད་དེ་གོ་ཁའི་བར་དུ་གད་སྙིགས་གཙང་ཕྱག་གི་ལས་ཀར་རེམ་པར་བྱས་སོང་།
སྤྱིར་ཁྱིམ་ཚང་རེ་རེའི་སྒོ་ཁ་བརྒྱུད་དེ་གཅིན་སྐྱག་གཡོས་པའི་གད་སྙིགས་ཀྱི་ཁྲོད་དུ་ཚོགས་མི་རེ་འགས་ཁོར་ཡུག་ལ་གཙང་ཕྱག་བྱེད་པ་ལས་ཁྱིམ་ཚང་རེ་རེའི་སྒོ་ཁ་བརྒྱུད་དེ་གོ་ཁ་ནས་བཙོག་ཏེ་རང་ཅག་གི་གནས་འཆའ་བའི་ཡུལ་གྲུ་འདིར་བག་ཕེབས་བདེ་འཇགས་ཀྱི་ཁོར་ཡུག་རེ་སྐྲུན་དགོས་པའི་བསམ་བློའི་འདུ་ཤེས་རེ་བསྐྱེད་ཨེ་ཐུབ་དང་སྒྲོག་ཨེ་ཐུབ་བལྟས་ན་ལོས་ཕན་འདོད་དེ། རང་ས་རང་ཡུལ་འདི་དཔེར་བཞག་ནས་བཤད་ན་ཡང་གད་སྙིགས་ནི་ལོ་གཅིག་ལ་ཐེངས་གཉིས་གསུམ་ཙམ་ལས་གཙང་ཕྱག་བྱས་པས་རན་སོང་བ་དང་འགྲུབ་སོང་བ་ཞིག་མ་ཡིན་པར། ཉིན་རེ་ནས་ཉིན་རེར། ལོ་རེ་ནས་ལོ་རེར།མི་རབས་ནས་མི་རབས་བར་རྒྱུན་བསྐྱངས་ནས་འཁྱོངས་དགོས་པའི་བག་ཆགས་ཟབ་མོ་ཡོད་པ་ཞིག་བྱེད་དགོས་པ་ལས། ཁོར་ཡུག་གཙང་དག་པ་ཚོས་རྔུལ་ནག་འཛར་འཛར་གྱིས་ཁོར་ཡུག་ལ་གཙང་ཕྱག་བྱས་ཏེ་ཁྱིམ་ཚང་རེ་རེའི་སྒོ་ཁར་སོང་རུང་དེ་ལ་རོགས་རམ་མ་དགོས་འདི་ཚོས་གད་སྙིགས་ལ་གཙང་ཕྱག་བྱེད་གྱིན་འདུག་ཟེར་བཞིན་དེའུ་འབུར་སྒང་ཁ་ཞིག་དང་ཁང་བའི་མཐོ་ས་ཞིག་ནས་ནས་བལྟས་འདུག་མཁན་དག་གི་རྟོག་པ་རེ་སད་དུ་བཅུག་ན་ཅིའི་མི་མཚར་འདོད། དེའུ་འབུར་སྒང་ཁ་ཞིག་དང་ཁང་བའི་མཐོ་ས་ཞིག་ནས་བལྟས་འདུག་མཁན་ཚོ་གལ་ཏེ་ཤ་དར་ཁྲག་དར་གྱི་གཞོན་ནུ་ཞིག་གི་དཔེ་རུ་བཞག་ན་ཁོ་ཚོས་རང་རང་གིས་འདོར་འོས་པའི་གཅིན་སྐྱག་གཅོད་ཁང་དུ་མི་གཏོང་བར་རང་གི་རྐང་སྣུམ་ནང་ཡིད་ཚིམས་པ་ཞིག་བཏང་རྗེས་གཞན་སུ་ཞིག་ཡོང་ནས་ཨོང་སྒོ་འབྱིད་ཅིང་རྐང་སྣུམ་བརྗེ་བར་སྒུག་འདུག་པ་དང་གཉིས་སུ་མེད་དེ། ཁོ་རང་ཚོ་ལ་དཔྱོད་པའི་མིག་དང་ཤེས་པའི་ཁོག་ཅིག་ཡོང་བར་མ་བྱས་ན་བོད་ཡུལ་ལ་གཙང་སྦྲ་བྱེད་པ་ནི་ནམ་ཡང་སྟོང་གདབ་པ་ཙམ་དུ་ཟད་པར་ཁོ་བོས་འདོད།
སྤྱིར་རང་བྱུང་གི་བཀོད་པ་དང་དེ་དག་གི་བདག་འབྲས་བཅུད་ནོར་རྣམས་ཀྱི་གཏོར་བཅོམ་ནི་མ་ཤེས་པ་དང་འདོད་རྔམས། གཞན་ལ་བརྩི་མཐོང་མེད་པ་སོགས་ཀྱི་མཇུག་འབྲས་ལས་བྱུང་བའི་རྩ་བའི་ནང་གི་རྩ་བ་ལ་ཤུགས་རྒྱབ་ནས་གོ་རྟོག་སད་དགོས་པ་ལས་མི་སྒེར་ག་གེ་མོ། ཚོགས་པ་ཐུན་མོང་ག་གེ་མོ་ཞིག་གིས་ཉིན་རེ་གཉིས་ལ་སྒྲུབ་འཇོག་པ་དང་འགྲུབ་འགྲོ་བ་ཞིག་གཏན་ནས་མ་ཡིན་ནོ། ཁོ་བོས་ཁོར་ཡུག་དྭགས་གཙང་པ་དག་གིས་དོན་མེད་དང་འབྲས་མེད་ཀྱི་ལས་ཤིག་བྱེད་པའི་ཁ་གདང་གང་ཡང་མིན་པར་སྒོ་ཤེར་ཀྱིས་གསུངས་པ་ནང་བཞིན་༼ང་ཚོ་སད་རན།༽ ང་རང་ཚོ་ཁོར་ཡུག་དྭགས་གཙང་གི་འདུ་ཤེས་ལས་སད་དགོས། ཁོར་ཡུག་གཙང་དག་གི་ལས་ཀར་མ་བྱུགས་ཀྱང་ཆོག་ལ་མཐུན་སྡེབ་མཉམ་ལས་ཀྱང་མ་བྱས་པས་འཐུ། འོན་ཀྱང་ཁོར་ཡུག་གཙང་དག་གི་འདུ་ཤེས་ཡོད་པའི་མི་ཞིག་བྱེད་པར་ཤུགས་རྒྱགས་པའི་རེ་བ་བཏོན་པ་ཡིན་པས། ཐོག་མར་རང་སྟེང་གི་གཟབ་གཟབ་དང་དེ་ནས་གཞན་རྒྱུད་ལ་བག་ཆགས་འཇོག་པར་རེ་སྐུལ་དུ་བསྔོ་བ་ཙམ་མོ།

བོད་སྐད་ཡིག་སློབ་པའི་དགེ་བ་བོད་ནས་གླེང་དོན་མེད།

[ཁ་བྱང་གི་འགྲེལ།]

རང་སྐད་ཡིག་གཉིས་པོའི་དགེ་ཕན་ཙམ་གླེང་བ་ལས་མི་རིགས་ཀྱི་སྲུང་ཐག་ཏུ་བསམ་ནས་བསླབ་ན་དགའ། དོན་དག་ལ་ལ་ཞིག་གཞན་ཞིག་ང་ཚོར་འདི་ལྟར་སྒྲུབ་ཞེས་བཤད་དགོས་པའི་ངེས་པ་མེད་མོད། རང་སེམས་ནས་ཤེས་དགོས་པའི་རྒྱུ་མཚན་ཡོད་དོ།

ལོ་ངོ་འདི་དག་གི་རིང་ལ། མཁས་པ་ཁོ་ཡིན་ང་ཡིན་ཟེར་བ་དག མི་རིགས་རིང་ལུགས་པ་ཁོ་ཡིན་ང་ཡིན་ཟེར་བ་དག བླ་ལྷག་དུ་རྩོམ་པ་པོ་ཁོ་ཡིན་ང་ཡིན་ཟེར་བ་དག་གིས་ཚོགས་འདུ་ཆེ་མ་ཆུང་གསུམ་དང་ཁྲིད་སྟེགས་རབ་འབྲིང་མཐའ་གསུམ། དུས་དེབ་དང་ཚགས་ཤོག་སྣ་མ་སྣ་ཚོགས་སུ་བོད་སྐད་ཡིག་སློབ་པའི་དགེ་བ་དང་བོད་སྐད་ཡིག་མ་སློབ་པའི་ཉམས་ཉེས་སོགས་མཐོ་མཐོ་བརྗིད་བརྗིད་ཀྱིས་མགྲིན་པ་མཐོ་རུ་བཏེགས་ནས་སྒྲོག་གིན་འདུག འོན་ཀྱང་མི་རིགས་ཤིག་ལ་མཚོན་ན་རང་མི་རིགས་ཀྱི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས། ཐུན་མོང་དཔལ་འབྱོར་འཚོ་བ་དང་ཐུན་མོང་གི་ས་ཁོངས་སོགས་ལ་བདག་སྐྱོང་བྱེད་པའི་མ་མཐའི་གོ་རྟོགས་ཙམ་ཡང་མེད་པ་འདི་ནི་མི་རིགས་དེའི་ཆེས་ཆེ་བའི་ངོ་ཚ་ཞིག་དང་ཡར་རྒྱས་མེད་པའི་རྟགས་ཤིག་སྟེ། ལོ་རེ་བཞིན་སྐད་ཡིག་སྦྱངས་པའི་དགེ་བ་དང་ཡུལ་སྲོལ་གོམས་གཤིས་སོགས་རྒྱུན་འཛིན་བྱེད་དགོས་པའི་འབོད་སྐུལ་དེ་ཁ་ཕྱིར་འཁོར་ནས་བོད་ནང་དུ་སྒྲོག་པ་ནི་རང་གཞན་གཉིས་ཀ་ངལ་བའི་རྒྱུ་ཞིག་ལས་མ་འདས་བར་འདོད་དེ། དཔེ་ན་དབྱིན་ཇིའི་ལོ་རེ་བཞིན་རང་གི་སྐད་ཡིག་སློབ་དགོས་པའི་དགེ་བ་བཤད་ནས་མེད་པ་དང་། ཨ་མེ་རི་ཁའི་ཀྱང་རང་གི་ཡུལ་སྲོལ་འཛིན་དགོས་ཞེས་མི་རབས་ནས་མི་རབས་བར་བཤད་གྱིན་མེད་དེ། བླ་ལྷག་རྒྱ་ནག་ལ་མཚོན་ནའང་རང་གི་སྐད་དང་ཡི་གེ་སློབ་པ་ནི་ཚང་མའི་འོས་འགན་ཅིག་ཏུ་བརྩིས་ནས་ཡོད་པ་ལས། མཁས་པ་སུ་ཞིག་གིས་དེའི་དགེ་བ་སྒྲོག་མི་དགོས་ལ་རྩོམ་པ་པོ་སུ་ཞིག་གིས་ཀྱང་དེ་སློབ་པར་མཆེ་བ་བརྗོད་དགོས་དོན་མེད་དེ། རྒྱུ་མཚན་དེ་ནི་ཁོ་ཚོར་མཚོན་ན་མ་མཐའི་ཆ་རྐྱེན་ཙམ་པོ་དེར་འདོད་ཡོད་པས། སུ་ཡིན་ཡང་རང་མི་རིགས་ཀྱི་སྐད་ཡིག་སློབ་པ་ནི་སུས་ཀྱང་བཤད་མི་དགོས་པའི་རང་གི་རྩིས་ཐང་ཞིག་ཏུ་བཞག་ཡོད། ང་ཚོའི་མི་རིགས་འདིའི་རྩིས་ཐང་སྟེང་ནས་བཤད་ན། ཐོག་མར་ང་ཚོ་རང་གི་སྐད་ཡིག་ལ་ཀུན་སློང་གི་རྩིས་ཐང་ཤོར་ཚར་འདུག་སྟེ། འདས་ཟིན་པའི་ལོ་ངོ་བཅུ་ལྷག་གི་ཡར་སྔོན་དུ། བོད་ཡིག་སློབ་ན་དགེ་བ་མི་འདུག ལག་ཏུ་བྱ་བ་རེག་མི་ཐུབ། སྤྱི་ཚོགས་ལས་གནས་སུ་ཞུགས་ན་སྤྱོད་སྒོ་མི་འདུག་ཞེས་བཤད་པ་ན། བོད་མི་ཡོངས་མ་གྲོས་གཅིག་མཐུན་གྱིས་བདེན་པའི་མགོ་བོ་ནང་དུ་གཡུག་ཞོར་རང་རང་གི་བྱིས་པ་ཚོ་རྒྱ་ཡིག་རྐྱང་མའི་སློབ་གྲྭར་བསྐྱལ་ཟིན་ལ། ཡང་ལོ་ངོ་འགའི་རྗེས་སུ་རྒྱའི་སློབ་གྲྭ་ནས་རྒྱ་རིགས་སློབ་མ་ཚོ་དང་སྡུར་ན་སློབ་སྦྱོང་གི་རྗེས་མི་ཆོད་པ་མ་ཟད་སློབ་ཆེན་ཡང་འདོན་ཁག་པོ་རེད་ཞེས་བཤད་པ་ན། སླར་ཡང་བདེན་པའི་མགོ་བོ་ནང་དུ་གཡུག་བཞིན་བྱིས་པ་ཚོ་བོད་ཡིག་སློབ་གྲྭར་བསྐྱལ་ཡོང་ལ་མི་རིགས་སློབ་ཆེན་དུ་གཅིག་རྗེས་གཉིས་མཐུད་གྱིས་བརྫངས་ཡོང་། ངའི་འདི་ནས་གཏམ་རྒྱུད་ཅིག་ཀྱང་དྲན་བྱུང་ལ། ལོ་རབས་བརྒྱད་ཅུ་དང་དགུ་བཅུ་བའི་སྔོན་འབྲོག་པ་ཚོས་བྱིས་པ་སློབ་གྲྭར་མངགས་པ་ནི་རང་རང་གི་བྱིས་པར་འགན་མ་འཁུར་བ་ཞིག་ཏུ་སེམས་ནས་སྲིད་གཞུང་ལ་ཆད་པ་འཇལ་ཞོར་ཏུ་སློབ་ལོ་འདས་པར་བྱས་པ་དང་ཚང་མ་ཡིག་རྨོངས་བའི་སྡེ་ནས་ལུས་རུ་བཅུག ཡང་ལོ་རབས་དགུ་བཅུ་བའི་རྗེས་ནས་ནས་སློབ་གྲྭར་མ་བཏང་ན་དཀའ་རབ་ཁག་རབ་མང་པོ་ཞིག་བཤད་པས་ཚང་མ་མཉམ་གཅིག་ཏུ་སློབ་གྲྭར་མངགས་པ་མ་ཟད། སློབ་སྦྱོང་ལ་བཟང་ན་ངན་ན་སློབ་ཆེན་དུ་འདེད་ཅི་ཐུབ་བྱས་པ་རེད། འདི་དག་ཡོད་ཚད་ནི་ང་ཚོའི་མི་རིགས་འདིའི་བསམ་བློ་འཁོར་ཕྱོགས་ཞིག་ཡིན་ལ། བསམ་པའི་འཛིན་སྟངས་འདི་ཡང་མ་གཞི་ནས་རྩིས་ཐང་རིགས་ཤིག་ཡིན་པས། འདི་དག་ནི་ང་ཚོས་མི་རིགས་ལ་བཟུང་བའི་ལྟ་ཚུལ་དང་རང་ཉིད་ལ་བསམ་པའི་རྩིས་ཐང་རེད། དུས་རབས་ཉེར་གཅིག་པའི་དེ་རིང་། ང་ཚོས་སླར་ཡང་སྐད་ཡིག་སློབ་པའི་དགེ་བ་དང་སྐད་ཡིག་གིས་འཛམ་གླིང་གི་སྐད་རིགས་ཁྲོད་ཀྱི་གོ་གནས་སོགས་ཁ་ཕོ་བརྗིད་བརྗིད་ཀྱིས་གླེང་ཞིང་སྒྲོག་ནས་ཡོད་པ་ནི་ཇི་འདྲའི་ཡིད་ཕངས་དགོས་པ་ཞིག་རེད། འདི་དག་ཡོད་ཚད་ནི་ལད་ཟློས་རྐྱང་རྐྱང་ཞིག་སྟེ། ཁྱེད་ཚང་མཁས་པ་བྱེད་ན་ངེད་ཚང་ཡང་མཁས་པ་བྱེད་རྒྱུ་ཡིན་ལ། ཁྱེད་ཚང་གིས་གཡོག་བྱེད་ན་ངས་ཀྱང་གཡོག་བྱེད་རྒྱུ་ཡིན་ཞེས་པའི་དོན་ཙམ་ལས་ཅི་ཡང་མ་རེད་དོ།
བོད་སྐད་ཡིག་སློབ་པའི་དགེ་བ་བོད་ནས་བཤད་དོན་མི་འདུག་པ་མ་ཟད།གཏན་ནས་བཤད་མི་རུང་བ་ཞིག་ཏུ་ཡང་བགྲང་ཆོག་ཆོག་ཡིན་ཏེ།དཔེར་ན་དབྱིན་ཇི་བ་ཚང་མས་དབྱིན་ཡིག་སྦྱོང་བར་འདོད་པས། དབྱིན་སྐད་ལ་བརྟེན་ནས་རྒྱལ་ཁབ་དེ་འདྲའི་མང་པོ་ཞིག་སྐད་ཡིག་གི་དབང་བསྒྱུར་བྱས་པ་མ་ཟད་བརྡ་སྤྲོད་ལའང་དེ་འདྲའི་སྟབས་བདེ་ཡིན། འོན་ཀྱང་ང་ཚོར་ཅིའི་རང་བོད་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ། མི་རིགས་རིག་གནས་བསྐྱར་དར་དང་དར་རྒྱས་གཏོང་བའི་སེམས་ཁམས་མེད་སོང་བ་རེད། སླ་མོའི་སྒོ་ནས་བཤད་ན་རང་གི་སྐད་དང་ཡི་གེ་སློབ་པ་ནི་མི་རིགས་གང་དེའི་མི་བུ་རེ་རེའི་གཞི་རྩའི་མཐུན་རྐྱེན་ཞིག་ཡིན་པས། སུས་ཀྱང་བཤད་དགོས་དོན་དང་བཅུམ་དགོས་དོན་མེད་པའི་མི་རིགས་ཞིག་གི་དར་རྒུད་ལ་འབྲེལ་བའི་ཆ་རྐྱེན་ཞིག་ཡིན་ནོ།
ད་སྐབས་བོད་ཀྱི་ལས་བྱེད་པ་གང་མང་མང་ཞིག་གིས་བོད་ཡིག་གི་དཔེ་ཆ་ཀློག་གི་མེད་པ་མ་ཟད་ཐ་ན་བོད་སྐད་ཀྱང་བཤད་རྒྱུ་ཉུང་ཉུང་དང་། བོད་ཡིག་གི་ཚགས་ཤོག་གང་ལའང་མཐོང་ཆེན་མི་བྱེད་པའི་གོམས་སྲོལ་རྫོབ་པོ་ཞིག་ཆགས་ཡོད། སྐབས་དེར་མི་དེ་ནི་རང་གི་སྐད་ཡིག་གི་རིན་ཐང་ལ་རེ་ཐག་རྩ་བ་ནས་ཆད་ཡོད་པ་མ་ཟད་བོད་སྐད་ཡིག་གི་རིག་གནས་རིན་ཐང་ལ་དགའ་བསུ་ཡང་ནམ་ཡང་མེད་པ་ཞིག་ཏུ་གྱུར་ཡོད་པ་ཁོ་ཐག་རེད། གང་ལྟར་ངས་འདི་ནས་བོད་སྐད་ཡིག་གི་རིན་ཐང་ལ་བསམ་བློ་བཏང་ནས་མི་སློབ་མཁན་དང་བོད་སྐད་ཡིག་གནས་བབ་ལ་བསམ་ནས་མི་སློབ་མཁན་དག་རང་ཤུགས་ཀྱིས་ཕྱིར་རང་གི་བོད་སྐད་ཡིག་གི་ཞིང་ཁམས་སུ་མྱུལ་བར་རེ་ལ་རང་སྐད་ཡིག་གཉིས་པོའི་ལས་དབང་གི་ཆེད་དུ་འདུར་བར་ཡིད་ཆེས་ཀྱིས་སྤྲས་ཡོད།

བསྟོད།7

དཔྱད་མཆན་སྤེལ།