“9﹒11”རྗེས་དྲན་དང་ཞར་བྱུང་སེམས་ཁྲལ།

ཉི་གཞོན།

དེ་རིང་ནི་སྤྱི་ཟླ་དགུ་པའི་ཚེས་པ་བཅུ་གཅིག་རེད། རྒྱ་སེ①དང་བཅས་པའི་ཨ་རིའི་མི་མང་ལ་མཚོན་ན་ལོ་ངོ་བཞིའི་སྔོན་གྱི་བསམ་ཡུལ་ལས་འདས་པའི་ཆག་འཇིག་གང་དེས་བཟོས་པའི་ལུས་སེམས་ཀྱི་རྨ་ཁ་ལ་དེ་རིང་ཡང་མི་འདོད་བཞིན་རེག་དགོས་བྱུང་བ་རེད། རྒྱ་སེ་སོགས་ལ་མཚོན་ན་འདས་ཟིན་པའི་འཇིགས་རུང་གི་ཆག་འཇིག་དེ་ཡང་བསྐྱར་ཕྱིར་དྲན་བྱེད་པའང་སྡུག་བསྔལ་ཚད་མེད་པ་ཞིག་ལོས་ཡིན། དེ་ཡང་ཡང་ཕྱིར་དྲན་བྱེད་པ་དང་དེ་ལ་བློ་སྤོབས་ཆེན་པོས་གདོང་གཏོད་པའང་ཅི་ནས་ཀྱང་དགོས་ངེས་ཆེ་བ་ཞིག་ལོས་ཡིན།
1
རེད་དེ། ལ་ལས་བྱུང་ཟིན་པའི་ལོ་རྒྱུས་ཀྱི་ཆག་འཇིག་ཟད་མི་ཤེས་པ་དེ་དག་ཅི་མི་སྙམ་པར་བརྗེད་ངས་ལ་སྐུར་གྱིན་འདུག ལ་ལས་ཕ་རོལ་པོར“བརྗེད་ཟས་བརྗེད་ཆུ”བླུད་དེ་དྲན་འཛིན་གྱི་ངོས་ནས་བསུབ་ཅི་ཐུབ་བྱེད་ཀྱིན་འདུག གང་ལྟར་མིའི་རང་བཞིན་ཚང་བའི་སེམས་ལྡན་ཞིག་ཡིན་ན་ཐག་རིང་གནའ་བོའི་ལོ་རྒྱུས་མི་དྲན་ནའང་། ཉེ་བའི་ཆ་ལ་བྱུང་བའི་སྐྱི་གཡའ་བ། ཡ་ང་བ། བརྗོད་མི་བཏུབ་པའི་ཆག་འཇིག་དེ་དག་བརྗེད་ག་ལ་ནུས། བརྗེད་མི་རུང་བ་དག་བརྗེད་པར་བྱས་ན་རྗེས་ཕྱོགས་མི་བསྲུན་སྡིག་ཏོ་ཅན་དག་གིས་ཆག་འཇིག་དེ་འདྲ་ཡང་བསྐྱར་བཟོ་བར་ང་ཚོས་བབ་བསྟུན་བྱས་པ་མ་ཡིན་ནམ།
མི་བསྲུན་སྡིག་ཏོ་ཅན་དག་གིས་ཆོས་ངའོ་དང་། རིགས་རྒྱུད་ངའོ་དང་། བདེན་པ་ངའོ་དང་། ལྟ་བ་ངའོ་དང་། སྲིད་ལུགས་ངའོ་ཞེས་སྐྱེ་བོ་འགེལ་མེད་(无辜者)ཁྲི་སྟོང་མང་པོའི་ཚེ་སྲོག་ལ་རྒོལ་བ་རྩོམ་གྱིན་འདུག ཁོ་ཚོའི་ངའོ་སྙམ་པའི་རང་ལྟ་མཆོག་འཛིན་དེའི་དབང་གིས་རང་གི་ལྟ་བ་དང་མི་མཐུན་པ། རང་དང་རིགས་རྒྱུད་མི་གཅིག་པ། རང་གི་ཆོས་ལ་མི་འཇུག་པ། རང་ལ་བདེན་ཁ་མི་སྟེར་བ། རང་གི་ཁ་གཅིག་དབང་གཅིག་ལ་མི་ཉན་པ། མདོར་ན་རང་དང་མི་མཐུན་པ་ཡོད་ཚད་ལོགས་སུ་བཀར་ཏེ། དེ་དག་བསྟན་དགྲ་དང་། དེ་དག་མ་རུངས་པ་དང་། དེ་དག་མི་དམངས་ཀྱི་དགྲ་བོར་བརྩིས་ཏེ། ཅི་མི་སྙམ་པར་དང་། སྙིང་རྗེ་མེད་པར་མཐའ་གཅིག་ཏུ་བསྒྲལ་བྱར་འཛིན་པ་རེད། དེ་ལྟའི་བསམ་སྦྱོར་གྱི་གཞི་འཛིན་ས་ནི་ཁོ་པ་ཚོའི་ཆོས་དོན་དང་། ཡང་ན་ཁོ་པ་ཚོས་རྟག་ཏུ་བཤད་བཞིན་པའི་འགྲོ་བ་མིའི་རིགས་འདིའི་གཏན་འདུན་གྱི་བདེ་སྡུག་གི་ཆེད་དང་། ཡང་ན་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཀྱི་ཁེ་ཕན་ནི་མི་སྒེར་གྱི་རང་དབང་དང་ཁེ་ཕན་ལས་བླ་ནས་བླ་རུ་མཐོའོ་ཞེས་པའི་ལྟ་གྲུབ་དང་། ཡང་ན་གཉའ་གནོན་མྱོང་བཞིན་པའི“བྲན་གཡོག”ཐམས་ཅད“བཅིངས་འགྲོལ”གཏོང་དགོས་ཞེས་པའི་ལྟ་བ་དང་གཞུང་ལུགས་འབའ་ཞིག་རེད།
དེ་ལྟ་མ་ཡིན་ནམ། གོ་ལ་སྒང་འདིའི་ཉེ་བའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་སྐྱི་གཡའ་བའི་ཆག་འཇིག་རབ་དང་རིམ་པ་ང་ཚོའི་མིག་ལམ་དུ་ཤར་མར་འཆར་འོངས་པ་མ་ཡིན་ནམ། བདུད་རྒན་ཧི་ཐི་ལིར་གྱིས་ཡ་ཧོ་དྭ་པ་ས་ཡ་དྲུག་དམར་གསོད་བཏང། རུ་ཝང་ཏའི་དོན་རྐྱེན་ལས་མི་མང་ས་ཡ་གཅིག་ལྷག་ཤི སི་ཏ་ལིན་གྱིས་རང་གི་བྲན་ལ་མི་འཛུད་པ་བྱེ་བ་གསུམ་ལྷག་མེད་པར་བཟོས། འཇར་པན་བཙན་རྒྱལ་གྱིས་ཨེ་ཤར་མི་མང་ཁྲི་འབུམ་འབུམ་ཁྲག་ལ་བརྫིས། རྒྱ་ནག་དམར་པོའི་དྲག་རྩུབ་ཀྱིས་བོད་པ་ས་ཡ་གཅིག་དང་འབུམ་གཅིག་ལྷག་རྐྱེན་ལམ་དུ་བཏང་། དེ་དག་ཚང་མ “9﹒11”དོན་རྐྱེན་དང་འདྲ་བར་འགྲོ་མིའི་ལུས་སེམས་ཀྱིས་བཟོད་པར་དཀའ་བའི་འཇིགས་སྐུལ་གྱི་ཆག་འཇིག་མ་ཡིན་ནམ། དེ་དག་ཚང་མ་ཆོས་དོན་དང་། རིགས་རྒྱུད་དང་། རིང་ལུགས་དད་མོས་དང་། “བྲན་གཡོག་བཅིངས་འགྲོལ”གཏོང་བ་སོགས་ལ་ཁ་གཡར་བ་མ་ཡིན་ནམ། དེ་དང་དེ་ལ་སོགས་པའི་ཆག་འཇིག་ཐམས་ཅད་འགྲོ་བ་མིའི་ལོ་རྒྱུས་སྟེང་དྲག་བསྐྱེད་དཀའ་བའི་རྨ་ཁ་ལྟ་བུར་གྱུར་འདུག
དེ་རིང“9﹒11”ཆག་འཇིག་ལ་ཕྱིར་དྲན་བྱེད་དུས་རྒྱ་སེ་སོགས་ཨ་རི་པ་གཅིག་པུ་མ་ཡིན་པར་འུ་ཚོ་ཐམས་ཅད་ལ་རྨ་ཐོག་ཏུ་ཚྭ་བཞག་པ་ཇི་བཞིན་ཐུན་མོང་རང་བཞིན་གྱི་ན་ཟུག་བཟོད་བསྲན་བྲལ་བ་ཞིག་སྐྱེ་བ་མ་ཡིན་ནམ།
ལོས་ཡིན། ཡང་གཅིག་བྱས་ན་ཆེ་ས་ནས་ཆག་འཇིག་དེ་དག་ཐམས་ཅད་འུ་ཚོ་འགྲོ་མི་རང་ལ་བཟོས་པ་ཞིག་རེད། ཡིན་ནའང་དེ་ལྟར་འགྲོ་བ་མི་ཞེས་ཚོགས་སྤྱིའི་ཆ་ནས་བཤད་པ་ཡིན་ན། དོན་དག་གང་ཞིག་གི་རྒྱུ་འབྲས་རྐྱེན་གསུམ་འཚོལ་བ་ལ་དཀའ་ཁག་ཆེན་པོ་འབྱུང་བ་རེད། ཅིའི་ཕྱིར་ཟེར་ན། ཚོགས་སྤྱིའི་ཆ་ནས་བཤད་པའི་འགྲོ་བ་མི་ཞེས་པ་འཛིན་མེད་ལྟོས་མེད་ཅིག་ཡིན་ཏེ། གནོད་འཚེ་གཏོང་མཁན་འགྲོ་བ་མི་རེད་ལ་གནོད་འཚེ་མྱོང་མཁན་ཡང་འགྲོ་བ་མི་ཡིན་པས་འགན་ཁག་དཀྲི་ཡུལ་མེད་འགྲོ་བ་རེད། དེས་ན་ང་ཚོ་ངེས་པར་དུ་བྱེ་བྲག་གི་སྟེང་དུ་འབབ་དགོས་པ་རེད། འགྲོ་མིའི་བྱེ་བྲག་གི་མི་རང་ཉིད་ནས་འགོ་རྩོམ་དགོས་པ་རེད།
དེ་ཡིན་ན་འགྲོ་མིའི་བྱེ་བྲག་ཅིག་ཡིན་པའི་ཆ་ནས་འུ་ཚོ་མི་རེ་རེས་དུས་དང་རྣམ་པ་ཀུན་ཏུ་ཆག་འཇིག་དེ་དག་གི་རྒྱུ་འབྲས་རྐྱེན་གསུམ་ལ་ངེས་ཤེས་དང་། ཕྱིར་རྟོག་དང་འགྱོད་བཤགས་བྱེད་པའི་དགོས་པ་ལྷག་ཏུ་ཆེ། རང་ཉིད་དང་བཅས་པའི་མི་རིགས་འདིའི་སེམས་རྒྱུད་ན་དེ་ལྟའི་ཆག་འཇིག་གི་རྒྱུ་དང་རྐྱེན་དུ་འགྲོ་བའི་བག་ཆགས་ས་བོན་ཨེ་འདུག་ལ་བསམ་བློ་གཏོང་། གཙང་བཤེར་བྱ། ཐོག་མར་རང་གི་སེམས་རྒྱུད་ནས་དེ་འདྲའི་བག་ཆགས་ས་བོན་དང་བཅས་པ་སྤངས་རྗེས། གཞན་གྱི་བྱས་ཉེས་ལ་སྐྱོན་འཛུགས་དང་མཚང་འབྱིན་བྱས་ན་ད་གཟོད་སྒམ་དཀྱེལ་ཆེ་བའི་མི་དང་མི་རིགས་ཤིག་གི་ཁྱད་ཆོས་མངོན། དེ་ལྟ་བས་ན་འགྲོ་བ་བདག་གཞན་ཀུན་གྱི་ཚེ་སྲོག་ནི་ཇི་འདྲའི་རྩ་ཆེན་ཞིག་ཡིན་པ་དང་། འགྲོ་མི་སོ་སོའི་ཚེ་སྲོག་མཐའ་དག་འཚོ་ཞིང་གནས་ཆོག་པའི་ཁེ་དབང་ནི་ཇི་འདྲའི་བླ་ན་མེད་ན་ཞིག་ཡིན་པ་དང་། འགྲོ་མི་རང་རང་གི་ངོས་ཐད་ནས་རང་ཉིད་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་བའི་ཁེ་དབང་སྣ་ཚོགས་ཀྱང་དེ་འདྲའི་འཕྲོག་མི་ཆོག་པ་ཞིག་ཡིན་པའི་གནས་ལུགས་ཆེན་པོ་དེ་རྟོགས་ངེས་ཡིན།
དེང་སང་གོ་ལ་སྒང་འདིར་མི་བསྲུན་སྡིག་ཏོ་ཅན་འགའ་རེ་མ་གཏོགས་འགྲོ་མི་ཡོངས་ཀྱིས་རང་གིས་བཟོས་པའི་ཆག་འཇིག་སྣ་ཚོགས་ལ་ཕྱོགས་དང་ཟུར་སོ་སོ་ནས་འགྱོད་བཤགས་དང་ཕྱིར་རྟོག་བྱེད་ཀྱིན་འདུག མི་ལོ་སུམ་བཅུ་ལྷག་གི་སྔོན་དུ་འཇར་མིན་སྲིད་གཞུང་གི་སྲིད་བློན་པི་རན་ཏིད②ཀྱིས་ཕོ་ལན་དུ་པུས་མོ་ས་ལ་བཙུགས་ཏེ། ཁོ་རང་ཚོའི་གཤེད་མའི་བྱས་ཉེས་ལ་འགྱོད་སེམས་དང་བཅས་ཏེ་ཡོ་རོབ་མི་མང་ལ་བཤགས་པ་ཕུལ། ལོ་འདི་དག་ལ་ཀྲུང་གོ་དང་ཁོ་རེ་ཡ་འདུས་པའི་ཨེ་ཤར་རྒྱལ་ཁབ་ཁག་ནས་ཀྱང་འཇར་པན་གྱི་བྱས་ཉེས་དང་སྡིག་སྤྱོད་སུན་འབྱིན་བྱེད་པའི་དུས་མཚུངས་སུ། འཇར་པན་སྲིད་གཞུང་ལ་འཇར་མན་ཇི་བཞིན་རང་གི་བསགས་ཉེས་འགྱོད་བཤགས་བྱེད་འདོད་ཀྱི་རྣམ་འགྱུར་མི་འདུག་ཅེས་རྒོལ་གཏམ་ཚ་ནན་གཏོང་གི་འདུག ཀྲུང་གོ་པ་རེ་རེའི་སེམས་ཀྱི་ན་ཟུག་དང་ལུས་ངག་གི་བཟོ་ལྟར་བལྟས་ན་གནད་དོན་དེ་ད་ལྟ་ཧ་ཅང་ཛ་དྲག་ཆེ་བའི་ཚད་དུ་སླེབས་འདུག འདི་ལྟའི་གནས་བབ་མུ་མཐུད་དུ་རྒྱུན་བསྐྱངས་ན་འདས་སོང་གི་དྲག་པོའི་ཆག་འཇིག་དེ་ཡང་བསྐྱར་མི་སློང་ངམ་སྙམ་པའི་སེམས་ཁྲལ་ལྡོག་མེད་དུ་སྐྱེ་འོང་། གཅིག་གིས་རང་གི་དྲག་པོ་དམག་རྒྱལ་རིང་ལུགས་ཀྱི་རིག་གནས་སྙིང་སྟོབས་བསྐྱངས། ཅིག་ཤོས་ཀྱིས“དྲགས་ཐལ་མི་རིགས་རིང་ལུགས”ཀྱི་འདུ་ཤེས་ཆེ་ཆེར་སྤེལ། དེ་ལྟར་རང་རང་སོ་སོའི་རྒྱུད་ཀྱི་དྲག་པོའི་ཆག་འཇིག་སློང་བའི་རྒྱུ་དང་རྐྱེན་དུ་གྱུར་པའི་བག་ཆགས་དེ་སྤོང་བའི་ཐབས་ལམ་མི་འཚོལ་བར། དྲག་པོ་དྲག་པོས་འཇོམས་འདོད་ཀྱི་རིག་གནས་སྙིང་སྟོབས་འཛིན་སྐྱོང་སྤེལ་གསུམ་བྱས་ན་ལེགས་ལམ་ཞིག་རྙེད་དཀའ་ཚོད་རེད།
འཇིགས་སྐུལ་རིང་ལུགས་པས་བསམ་བཞིན་བསླངས་པའི“9﹒11”ཆག་འཇིག་དང་འཇར་པན་བཙན་རྒྱལ་གྱིས་ནན་ཅིན་དམར་གསོད་ཆེན་མོ་བསླངས་པ་སོགས་དོན་རྐྱེན་གྱི་ངོ་བོ་དང་ཁྱབ་ཆེ་ཆུང་གི་ཚད་ ནས་སོ་སོ་མི་གཅིག་ནའང་། སྲོག་ལ་ཞ་བའི་སྐྱེ་བོ་འགེལ་མེད་ཁྲི་སྟོང་མང་པོ་རེ་རེའི་ཆ་ནས་ཚེ་སྲོག་གི་རིན་ཐང་ལ་ཁྱད་པར་ཡོད་པ་མ་རེད། ཡིན་ནའང་དེང་སང་མི་མང་ཆེ་བས་འགྲོ་མི་བྱེ་བྲག་པའི་ཚེ་སྲོག་གི་ངོས་ནས་མི་ལྟ་བར། རང་ཉིད་རྒྱལ་ཁབ་རིང་ལུགས་དང་མི་རིགས་རིང་ལུགས③ཀྱི་བསམ་བློས་ཁ་ལོ་བསྒྱུར་ཏེ། འཇར་པན་གྱི་སྡིག་སྤྱོད་ལ་ཉེས་འཛུགས་བྱེད་པའི་དུས་མཚུངས་སུ། “9﹒11”ནི་ཨ་རིར་འཁོར་བའི་རྣམ་སྨིན་རེད་ཅེས་དགའ་ཚོར་ཆེན་པོ་བྱེད་གི་འདུག དེར་མ་ཟད་ལ་ལས་སྐབས་དེར་དགའ་སྤྲོའི་ཤོག་སྦག་ཀྱང་བཀད་སོང་ཟེར། ཆག་འཇིག་སློང་མཁན་མི་བསྲུན་སྡིག་ཏོ་ཅན་དེ་ཚོ་དང་འདྲ་བར་མི་དེ་དག་གི་སྣང་ངོར་ཉེས་མེད་འགྲོ་མི་སྟོང་ཕྲག་གི་ཚེ་སྲོག་དེ་ཅི་ལའང་རྩི་གི་མི་འདུག
2
རྒྱལ་ཁབ་ཡིན་ནའང་འདྲ། མི་རིགས་ཡིན་ནའང་འདྲ། མི་སྒེར་ཡིན་ནའང་འདྲ། ཐོག་མར་ཁ་རང་ཉིད་ལ་འཁོར་ཏེ་ཕྱི་ནང་གང་ཐད་དུ་དྲག་པོའི་བག་ཆགས་ཀྱི་བསམ་སྦྱོར་ཅི་རིགས་ཡོད་མེད་ལ་ངོས་ཟིན་དང་བཤགས་པ་རྣལ་སྨིན་བྱས་རྗེས། ད་གཟོད་གཞན་ལ་བཤད་དུས་ཁྱོད་ཀྱི་སྐད་ཆ་དེ་ཤུགས་ལྡན་དུ་འགྱུར་ངེས། དེ་ལྟ་མ་ཡིན་ན“རྐུན་མས་རྐུན་མ་འཛིན་པ”ཞེས་གཏམ་དཔེ་ཞིག་ཡོད་པ་དེ་འདྲ་རང་དུ་འགྱུར་འགྲོ་བས། མང་མང་གིས་ཁས་ལེན་དཀའ་ཚོད་རེད། ཡིན་ནའང་། ངས་འདི་རུ་འཇར་པན་ལ་ཉེས་སྐྱོན་མི་འདུག་ཟེར་བ་གཏན་ནས་མིན། དེ་ལས་ལྡོག་སྟེ་ངས་འཇར་པན་དམག་རྒྱལ་རིང་ལུགས་པས་ཀྲུང་གོ་གཙོས་པའི་ཨེ་ཤར་མི་མང་ལ་བཤགས་ཐབས་བྲལ་བའི་བྱས་ཉེས་བསགས་ཡོད་པ་བརྗོད་གི་ཡོད་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་བཙན་འཛུལ་པའི་མཚོན་ཁ་ནས་རྐྱེན་ལམ་དུ་ཤོར་བའི་མི་མང་ཁྲི་ཁྲི་འབུམ་འབུམ་གྱི་དོན་དུ་བདེན་ཁ་རྩོད་པར་ཕྱི་ནང་གཉིས་ཆ་ནས་དཔུང་རོགས་བྱེད་ཀྱིན་ཡོད། དུས་མཚུངས་སུ་ང་རང་ཉིད་འདུས་པའི་བོད་མི་རིགས་འདིར་འདས་སོང་གི་དུས་ལ་བྱུང་བའི་ཆག་འཇིག་དང་། ད་ལྟའི་དུས་ལ་འབྱུང་བཞིན་པའི་རང་གཞན་ཀུན་གྱི་ཚུལ་མིན་གྱི་བསམ་འཁྱེར་དག་ལ་ཕྱོགས་སོ་སོ་ནས་ཕྱིར་རྟོག་དང་བདེན་ཁ་རྩོད་དགོས་བསམ་གྱིན་ཡོད། དེ་ནི་ཅི་རེད་ཟེར་ན་འགྲོ་མི་ཡོད་དོ་ཅོག་གི་ཚེ་སྲོག་གི་རིན་ཐང་ནི་འདྲ་མཉམ་ཡིན་པར་མ་ཟད་འགྲོ་མིའི་ཚེ་སྲོག་གི་ཡན་ན་རྩ་ཆེན་ཞིག་ཡེ་ནས་ཡོད་པ་མ་རེད། མདོར་དེད་ན་བྱེ་བྲག་གི་འགྲོ་མི་རེ་རེའི་ཚེ་སྲོག་གི་རིན་ཐང་འདྲ་མཉམ་ཡིན་པ་ནི་ང་ཚོས་ད་ལྟ་རྩོད་བཞིན་པའི་བདེན་ཁ་ཡིན་ན་འགྲིག
ཇི་ལྟར་མི་རྣམས་ཀྱིས་འཇར་པན་འདྲེ་དམག་གི“གཤེད་མའི”བྱས་ཉེས་ལ་འགྲོ་མིའི་ཚེ་སྲོག་གི་རིན་ཐང་ལྟ་ཚུལ་བེད་སྤྱད་དེ་ཉེས་བརྗོད་བྱེད་པ་ཡིན་ན། དེ་དག་གིས་ཐོག་མར“བཅིངས་འགྲོལ”དྲག་པོའི་དུས་སྐབས་དང་། “ང་བརྒྱད་ཟིང་འཇགས”དྲག་གནོན། “དྲུག་སྟོད་མུ་གེའི”དུས་སྐབས། “རིག་གནས་གསར་བརྗེ་ཆེན་པོ”སོགས་དངོས་དང་བརྒྱུད་པའི་སྒོ་ནས་དབང་ཤེད་སྒེར་གཅོད་ཀྱི་ལག་འོག་ཏུ་ཞ་བའི་སྐྱེ་བོ་འགེལ་མེད་ཁྲི་སྟོང་མང་པོའི་ཚེ་སྲོག་གི་དོན་དུ་བཤགས་པ་བྱེད་དགོས་རྒྱུ་རེད། འཇིག་རྟེན་གནས་ལུགས་ཀྱི་ངོས་ཐད་དང་། ཡང་ན་འཇིག་རྟེན་མི་ཆོས་ཀྱི་ངོས་ཐད་ནས་བལྟས་ན། ལྷག་པར་དུ་འགྲོ་མིའི་ཚེ་སྲོག་རིན་ཐང་གི་ངོས་ཐད་ནས་བལྟས་ན་ཁ་ཅིག་གི་ཚེ་སྲོག་ནི་གལ་ཆེན་ཞིག་དང་། ཁ་ཅིག་གི་ཚེ་སྲོག་ནི་རྩིས་མེད་དུ་བཏང་ཆོག་པ་ཞིག་ཡིན་ན་ག་ལ་འགྲིག་ མིའི་རིགས་ཀྱི་དོན་དུ་ཞེས་དང་། གནམ་འོག་ཞི་འཇགས་ཀྱི་ཆེད་དུ་ཞེས་དང་། ཆོས་ལུགས་གྲུབ་མཐའི་ཆེད་དུ་ཞེས་དང་། རྒྱལ་ཁབ་དང་མི་རིགས་གཅིག་གྱུར་གྱི་དོན་དུ་ཞེས་ཏེ་འགྲོ་མི་བྱེ་བྲག་པ་དག་གི་ཚེ་སྲོག་རིན་པོ་ཆེ་ཇི་མི་སྙམ་པར་བརླག་རྩོམ་པ་ནི་ཤིན་ཏུ་མི་རིགས་པའི་གནས་སུ་འཁུམས། ཡང་གཅིག་བཤད་ན་འགྲོ་མི་བྱེ་བྲག་པའི་ཚེ་སྲོག་བེད་སྤྱད་དེ་རྒྱལ་ཁབ་དང་། མི་རིགས། ཆོས་ལུགས། རིགས་རྒྱུད། མིའི་རིགས་སོགས་དོན་སྤྱི་བམ་པོ་ཞིག་གི་སྤྱི་དོན་སྒྲུབ་ཁུལ་བྱེད་པ་ནི་མདོར་དེད་ན་ཧྥ་ཤི་སིའི་བསམ་སྦྱོར་རེད། དེ་ལ་ང་ཚོའི་མཁས་པའི་དབང་པོ་ས་པཎ་གྱིས་ཀྱང “ངན་པས་གཞན་དོན་སྒྲུབ་བོ་ཞེས།།བསྙད་བཏགས་ནས་ནི་འཕུང་ལ་སྦྱོར”ཞེས་གསུངས་མྱོང་ཡོད་པ་དེ་ལྟ་རེད།
ང་ཚོས་འགྲོ་མི་བྱེ་བྲག་པ་རེ་རེའི་ཚེ་སྲོག་གི་རིན་ཐང་འདྲ་མཉམ་ཡིན་པ་རྨང་གཞི་བྱས་ཏེ་བསམ་བློ་བཏང་ན། “9﹒11”ཆག་འཇིག་ནི་བྱེ་བྲག་གི་མིའི་ཚེ་སྲོག་ཁྲག་ལ་བརྫིས་པའི་ཆག་འཇིག་རེད་ལ། ནན་ཅིན་དམར་གསོད་ཆེན་མོའང་བྱེ་བྲག་གི་མིའི་ཚེ་སྲོག་ཕྱེ་མར་བཏགས་པའི་ཆག་འཇིག་རེད། ང་ཚོ་བོད་པ་འགེལ་མེད་ཁྲི་སྟོང་མང་པོ་རྐྱེན་ལམ་དུ་བཏང་བའང་དེ་ལས་མ་འདས། དེ་དག་ཐམས་ཅད་བྱེ་བྲག་གི་མི་ཉིད་ཀྱི་ཆག་སྒོ་ཡིན་པར་མ་ཟད། བྱེ་བྲག་གི་མི་ཉིད་ཀྱི་ཆག་སྒོ་དེ་ཁོ་པ་ཚོས་རྒྱལ་ཁབ་ཀྱི་མངའ་དབང་དང་མི་རིག་ཀྱི་ཆག་འཇིག་ཟེར་བ་དེ་ལས་ལྡབ་འགྱུར་གྱིས་ཆེ་ཞིང་ལྡབ་འགྱུར་གྱིས་ལྕི་བ་རེད། དེ་འདྲ་ཞིག་ཡིན་པའི་རྒྱུ་མཚན་གྱིས་འུ་ཚོ་འགྲོ་མི་སོ་སོས་རང་རང་གི་ངོས་ཐད་ནས་ལག་པ་བྲང་ལ་སྦྱར་ཏེ། བྱེ་བྲག་གི་མི་ཉིད་ཀྱི་ཁེ་དབང་དང་ཚེ་སྲོག་རིན་ཐང་ལ་རྐང་བཙུགས་ཏེ་ཕྱིར་རྟོག་གི་བསམ་ཕུགས་དེད་ན་འགྱོད་བཤགས་ཞེས་པའི་སེམས་བྱུང་ཞིག་ངང་གིས་སྐྱེ་ཡོང་བ་རེད།
ཡིན་ནའང་། ངས་འདི་ལྟར་བསམ་པ་ནི་རེ་འདུན་ཙམ་དུ་ཟད། དེ་ལས་ལྡོག་སྟེ་དངོས་དོན་ནི་ཧ་ཅང་སྐྱི་གཡའ་བ་ཞིག་རེད། མི་མང་ཤོས་ཤིག་གི་ཁྲག་རྒྱུན་ལ་གཤགས་པའི་རྒྱལ་ཁབ་རིང་ལུགས་དང་མི་རིགས་རིང་ལུགས་ཀྱི་བག་ཆགས་དེ་ད་ལྟ་རྔམ་ཇེ་མཐུག་དང་ཤུགས་ཇེ་ཆེ་རེད། ཉིན་ཞིག་ང་སྐྲ་བཞར་ཁང་དུ་སྐྲ་གཞར་དུ་སོང་། དེ་རུ་མི་མང་པོ་འདུག་པས་ངས་ཅུང་ཟད་སྒུག་པ་ལ། ཁོ་ཚོས་འདི་ལྟར་ཁ་བརྡ་བྱེད་བཞིན་པ་ཐོས། ཁོ་ཚོས་ཨ་རིས་ཀྲུང་གོའི་གཞུང་ཚབ་ཁང་གཏོར་བ④ནས་འཇར་པན་འདྲེ་དམག་གིས་ནན་ཅིན་དམར་གསོད་ཆེན་མོ་བསླངས་པ་སོགས་ལབ། མང་ཁ་གཅིག་གྲག་གིས་སྐད་ཆའི་མདུང་རྩེ་ཨ་རི་ནས་བཟུང་སྟེ་མཐའ་མཇུག་འཇར་པན་གྱི་སྟེང་དུ་བཙུགས་བྱུང་། ཁ་བརྡའི་དངོས་ཤུགས་གང་རུང་ནས་ཁོ་པ་ཚོའི་གནོན་ཐབས་བྲལ་བའི་ཁོང་ཁྲོ་དང་ཞེ་སྡང་མངོན། “ འཇར་པན་འདྲེ་དམག་དེ་ཚོ་དངོས་གནས་མྱི་མ་རེད། ཁོ་ཚོ་གཅན་གཟན་ལས་ཀྱང་སྡིག་པ་ཚ་པོ་རེད། དེ་དག་གིས་མྱི་གསོད་ན་མིག་ཀྱང་རྡེབ་གི་མ་རེད”ཟེར། (这些杀人不眨眼的小日本,简直是没有人心,连畜生都不如)སྐབས་དེར་ངའི་སེམས་སུ་སྙིང་རྗེ་ཞིག་དང་བཅས་ཁག་མི་འདུག་བསམ། འོན་ཀྱང་དེའི་རྗེས་ཀྱི་ཁ་བརྡ་ལས་ང་རང་ཧང་སངས་པར་གྱུར། ཁོ་ཚོས་མུ་མཐུད་དུ་ཁ་བརྡ་བྱེད་ཕྱོགས་ཤིག་གིས་བོད་ཀྱི་དོན་དག་ཀྱང་མང་པོ་གླེང་བྱུང་། བཤད་བཞིན་བཤད་བཞིན་ཁོ་པ་ཚོའི་ངོ་གདོང་ལ་སྔ་ན་མེད་པའི་ཞེ་སྡང་དང་། གང་ནས་འོངས་པ་མི་ཤེས་པའི་ངར་ཤུགས་ཤིག་མངོན་བྱུང་། དེ་ནས་མི་དར་མ་ཞིག་གློ་བུར་དུ་ཡར་ལངས་ཏེ་འདར་ཡེངས་བྱེད་པའི་མཆུ་ལས་ཝུ་བ་གཏོར་བཞིན་ལག་པས་སྦག་སྦག་མེ་མདའ་རྒྱག་པའི་བཟོ་ལྟ་དང་བཅས་ཏེ་བཤད་རྒྱུར“ཕ་རོ་མ་རོ།བཟང་ལ་བཟང་ལན་མེད་པའི་བོད་པ་འདི་དག ཐག་ཐག་ཐག......ཡོད་ཚད་ཁ་གདག་དགོས་པ་རེད”(操他妈的,真不知好歹,砰砰砰…….把这些藏民全部扫光得了)ཟེར། འདི་ཁོ་པ་ཚོས་ཀུ་རེ་རྩེ་བ་གཏན་ནས་མ་རེད། འདི་ཁོ་པ་ཚོའི་སེམས་གཏིང་གི་སྐད་ཆ་ཕྱིར་མངོན་པ་རེད། འདི་དང་འདི་ལྟ་བུའི་སྐད་ཆ་ངས་ཡུལ་དུས་མང་མང་ནས་རེས་ཐེངས་ཡང་ཡང་གོ་མྱོང་། གོ་ཐེངས་རེར་ངའི་སེམས་སུ་ཐོག་མར་ཤར་བ་ནི། ཨ་ཙི། སྐྱི་གཡའ་བ་ལ། འཇིགས་སུ་རུང་བ་ལ། ང་ཚོས་ཁོ་པ་ཚོའི་ཕ་བསད་པ་ཡིན་ནམ་མ་བསད་པ་ཡིན? འདི་འདྲའི་སྙིང་ནད་ཅིག་གང་ནས་བྱུང? འདི་ལྟར་འུ་ཚོ་མཉམ་གནས་ལྷན་འཚོ་ཇི་ལྟར་བྱ? འདི་ལྟའི་དྲི་བ་མང་པོ་མང་པོ་ཐོན་གི་འདུག ཡིན་ནའང་རིམ་བཞིན་ངའི་སེམས་ལྷོད་ལ་བབས་དུས་སེམས་སུ་ཡེ་ཤུ་མ་ཤི་ཀའི་སྐད་ཆ་ཞིག་དྲན་གི་འདུག “གལ་ཏེ་གཞན་གང་ཞིག་གིས་ཁྱོད་ཀྱི་འགྲམ་པ་གཡས་པར་ཐལ་ལྕག་གཅིག་གཞུས་ན། ཁྱོད་ཀྱིས་དེ་ལ་འགྲམ་པ་གཡོན་པར་ཡང་འགྲམ་ལྕག་གཅིག་རྒྱག་ཏུ་ཆུགས” འོན་ཀྱང་ངའི་སེམས་གཏིང་གི་དྲི་བ་མང་པོ་སྐད་ཆ་འདི་ཙམ་གྱིས་བསལ་འགྲོ་བ་ཨེ་རེད། ཅིའི་ཕྱིར?ཅིའི་ཕྱིར?ང་ལ་ད་དུང་དྲི་བ་མང་པོ་འདུག
དེ་བས་ང་ཚོས་སེམས་རྣལ་ལ་ཕབ་སྟེ་བསམ་བློ་གཏོང་རྒྱུ་གང་མང་མང་འདུག བྱེ་བྲག་གི་འགྲོ་མི་རེ་རེ་དང་། འགྲོ་མི་རེ་རེས་གྲུབ་པའི་ཚོགས་པ་དང་། ཚོགས་པ་གང་དེའི་བསམ་ཕུགས་འཁྱེར་ཕྱོགས་གང་དང་གང་ཡིན་ཡང་། ཐོག་མར་རང་ཉིད་ཀྱི་སེམས་རྒྱུད་ནས་འགོ་རྩོམ་དགོས་པར་སེམས། གཞན་གང་ཞིག་གིས་རང་གི་རིན་ཐང་བྲལ་བའི་ཚེ་སྲོག་ལ་གནོད་བརྩམས་ན་མི་བཟོད་པ་དེ་བཞིན་དུ་རང་གིས་གཞན་གྱི་རིན་ཐང་བྲལ་བའི་ཚེ་སྲོག་ལ་གནོད་བརྩམས་ན་གཞན་གྱིས་ཀྱང་ག་ལ་བཟོད། དེ་བཞིན་དུ་དེའི་དོན་དུ་རང་གིས་ད་ལྟ་གཞན་ལ་ལེ་ཁག་འདེད་པ་འཇིག་རྟེན་གནས་ལུགས་དང་མཐུན་པ་ཡིན་ན། གཞན་གྱིས་ཁྱོད་ལ་ལེ་ཁག་དཀྲི་བའང་འཇིག་རྟེན་གནས་ལུགས་ལས་ལོག་པ་ཞིག་ག་ལ་ཡིན། གལ་ཏེ་ཁྱོད་ཀྱིས་དབང་ཤུགས་དང་བཙན་སྟོབས་ལ་བརྟེན་ནས་གནོད་ཐེབས་པ་གང་དེའི་སྨྲ་ལྕེ་བསྡམས་ནའང་། གང་དེས་རེ་ཞིག་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ཡིན་གྱི་བརྗོད་འདོད་ཀྱི་སེམས་འདུན་དེ་འཕྲོག་ག་ལ་ནུས། ཡིན་ནའང་སྐབས་འདིར་ངེས་པར་དུ་ཤེས་དགོས་རྒྱུ་ཞིག་ནི། འདས་སོང་དུ་གྱུར་པའི་མང་མང་གི་ཚེ་སྲོག་ལ་གནོད་བརྩམས་པའི་ཆག་འཇིག་དེ་དག་ཡང་བསྐྱར་གླེང་བ་ནི། ཕན་ཚུན་འཁོན་ལན་སློག་པ་དང་། དྲག་པོར་དྲག་པོས་རྒོལ་བ། ཡང་ན“ སྲོག་ལན་སྲོག་གིས་འཇལ་བ” ཟེར་བའི་བསམ་གཞིག་སྐྱོང་བ་གཏན་ནས་མ་ཡིན། འོ་ན་གང་རེད་ཟེར་ན། རང་གཞན་ཀུན་གྱི་ཚེ་སྲོག་རིན་པོ་ཆེར་གནོད་བརྩམས་པའི་ཆག་འཇིག་དེ་དག་ཡང་བསྐྱར་ང་རང་ཚོ་སུ་ཡིན་གྱི་མགོ་ཐོག་ཏུ་མི་ཡོང་བའི་ཆེད་དུ་ཡིན། དེ་ཡིན་ན་ཆག་འཇིག་དེ་དག་གི་རྒྱུ་རྐྱེན་དུ་གྱུར་པའི་དངོས་ཤུགས་བརྒྱུད་གསུམ་གྱི་བསམ་སྦྱོར་མཐའ་དག་ལ་གཞན་ཁོ་ནའི་ངོས་ཐད་ནས་མ་ཡིན་པར། འུ་ཚོ་འགྲོ་མི་སོ་སོས་རང་ཉིད་ཀྱི་ངོས་ཐད་ནས་འགྱོད་བཤགས་རྣལ་སྨིན་བྱ་དགོས་རྒྱུ་དེ་རེད་ཟེར་བ་ཡིན།
3
དེས་ན་ང་རང་བོད་པ་ཚོས་རང་སེམས་ལ་གདོང་ཅི་ལྟར་གཏོད། འུ་ཚོས་ནམ་རྒྱུན་འདི་ལྟར་བཤད་པ་ཡིན་ཏེ། “ ང་རང་ཚོ་བྱམས་སྙིང་རྗེའི་བདག་པོ་ཡིན་པས་སྔོན་ཆད“9﹒11” ལ་སོགས་འཇིགས་སྐུལ་རིང་ལུགས་ཀྱི་བསམ་སྦྱོར་བསྟེན་མ་མྱོང་བ་དང་། ཕྱིན་ཆད་ཀྱང་དེ་མཚུངས་ཀྱི་སྦྱོར་བ་རྩོམ་པའི་དཔེ་མི་སྲིད”ཟེར། བདེན་པ་རེད། ཡིན་ནའང་དེ་ལས་འཕྲོས་པའི་གནད་དོན་གཞན་དག་གི་ཐད་དུ་བསམ་བློ་ཞིབ་ཏུ་གཏོང་རྒྱུ་མི་འདུག་གམ།
ང་ཚོས་ད་ལྟ་རང་ཉིད་ལ་འདྲ་མཉམ་དང་རང་དབང་སོགས་འགྲོ་མིའི་ཐོབ་ཐང་དགོས་ཚུལ་རྗོད་ཀྱིན་ཡོད། རང་ཉིད་ཀྱི་ཚེ་སྲོག་ལ་ཇི་ལྟར་གནོད་འཚེ་ཐེབས་ལུགས་བཤད་ཀྱིན་འདུག གཞན་གང་ཞིག་ལ་འབབ་འོས་པའི་དྲང་གཞག་གི་བདེན་ཁ་སྟེར་དགོས་པ་དེ་བཞིན་དུ། ང་ཚོ་རང་ཉིད་ལའང་དྲང་གཞག་གི་བཤད་ལུགས་ཤིག་དགོས་ཚུལ་རྗོད་ཀྱིན་འདུག ལོས་ཡིན། བདེན་པ་དྲང་གཞག་གི་བདེན་ཁ་རྩོད་པ་ནི་འགྲོ་བ་མི་འདིའི་ཐུན་མོང་གི་རང་བཞིན་ཞིག་རེད། ཡིན་ནའང་ང་ཚོས་ཐོག་མར་ཁ་ནང་ལ་བསྐོར་ཏེ་རང་སེམས་ལ་ཚ་འདྲི་ཞིག་བྱེད་པའི་དགོས་པ་མི་ཆེའམ། ང་རང་ཚོས་སྐྲ་གཞར་ཁང་གི་མི་དེ་དག་ཇི་བཞིན་གཞན་གྱིས་རང་ལ་གཙེས་པ་མི་བཟོད་པ་དང་རང་གིས་གཞན་ལ་སྦག་སྦག་མེ་མདའ་བསྐོར་རྐྱང་བྱས་ཏེ་ཁ་བཏགས་པར་བྱས་ཆོག་པའི་གནས་ལུགས་བསྐྱངས་ན་ག་ལ་འགྲིག ང་རང་ཚོས་གཞན་ལ་ལེ་ཁག་དཀྲི་དུས་རང་སེམས་ན་ནོངས་མེད་པ་ཞིག་ཡིན་དགོས། རང་སེམས་ན་ནོངས་ཡོད་ན་གཞན་ལ་བཤད་དུས་དེ་འདྲའི་གདེང་དང་སྤོབས་པ་སྟོབས་ལྡན་ཞིག་ག་ལ་འབྱུང་། དེང་སང་འུ་ཚོའི་ཁོར་ཡུག་འདི་ན་མི་མང་ཤོས་ཀྱིས་རང་ཚུལ་ལ་མི་ལྟ་བར་དོན་དག་གང་དང་ཅི(ཀུན་སྤྱོད་དང་ལྟ་ཚུལ་སོགས་ཡིན་ནའང་འདྲ)ཡིན་ཡང་གཞན་གྱི་ལྟ་སྤྱོད་ལ་ཐད་ཀར་དུ་སྡིགས་མཛུབ་སྟོན་རྐྱང་བྱེད་པའི་སྲོལ་ངན་ཞིག་ཆགས་འདུག འོ་ན་སྐབས་འདིར་རང་སེམས་ཀྱི་གནོང་དེ་གང་ལ་ངོས་འཛིན་རྒྱུ་ཟེར་ན། གོང་ནས་བཤད་པའི་གཞན་གྱི་ཚེ་སྲོག་ལ་རྒོལ་བ་རྩོམ་པའིབསམ་བློ་བག་ཆགས་དེ་ལ་ཟེར་བ་ཡིན།
འུ་ཚོ་སུ་ཞིག་གིས་ང་རང་ཚོའི་རྒྱུད་ན་དེ་འདྲའི་བག་ཆགས་ས་བོན་ཙམ་ཡང་མེད་ཟེར་ཐུབ? “ཐུབ་པའི་བསྟན་པ་རིན་པོ་ཆེའི་དོན་དུ་ང་ཚོས་སྔོན་ཆད་རྒྱལ་པོ་ཡིན་ཡང་བསྒྲལ་མྱོང་། ད་ལྟའང་ཆོས་སྣུབ་མཁན་ཡོད་ན་གསོད་ངེས་ཡིན”ཞེས་པའི་སྐད་ཆ་ལབ་མཁན་མང་པོ་ཡོད་པ་མ་ཡིན་ནམ། (དོན་དུ་ཆོས་སྣུབ་མཁན་གྱི་གྲོགས་རང་གིས་བྱས་དང་བྱེད་བཞིན་པ་བརྗེད་སོང་བ་འདྲ)དེ་ནི་ཁ་བཤད་ཙམ་ཡིན་ལས་ཆེ། ཅིའི་ཕྱིར་ཟེར་ན་འུ་ཚོ་རྟག་ཏུ་ཁ་ལག་གོ་མི་མཚུངས་པའི་ལྟ་སྤྱོད་འཛིན་པར་ཧ་ཅང་གོམས་འདུག་པས་སོ།། གང་ལྟར་འུ་ཚོའི་སེམས་རྒྱུད་ན་དེ་འདྲའི་བག་ཆགས་དངོས་གནས་ཡོད་པ་ཞིག་རེད། དེ་འདྲ་མ་ཡིན་ཟེར་ན་འུ་ཚོའི་སྒྲུང་ནང་གི་གེ་སར་རྒྱལ་པོའི་བསམ་སྦྱོར་ལ་རྗེས་སུ་ཡི་རང་དང་། དང་དོད་བླ་ལྷག་བྱེད་པའི་ཚུལ་ལ་ལྟོས་དང་། གེ་སར་རྒྱལ་པོས་སངས་རྒྱས་བསྟན་པ་སྤེལ་ཕྱིར་སེམས་ཅན་བགྲང་གིས་མི་ལང་བ་ཕྱེ་མར་བཏགས་པ་མ་ཡིན་ནམ། དཔའ་རྟུལ་ཚོས་སེམས་ཅན་བགྲང་གིས་མི་ལང་བའི་མགོ་བོ་མེ་ཏོག་འཐུ་འཐུ་བྱེད་དུས་འུ་ཚོ་ཡིད་ཚིམ་ཞིང་སྤྲོ་སངས་ཏེ་འདུག་པ་ལས། སུ་ཞིག་གིས་སེམས་ཅན་དེ་དག་སྙིང་རེ་རྗེ་བསམས་མྱོང་། གེ་སར་རྒྱལ་པོས་ཁྱོད་ཀྱི་ཕ་ནི་ང་ཡིས་བསྒྲལ་བར་བྱ། ཁྱོད་ཀྱི་སྲིང་མོ་ང་ཡི་ཇ་མ་བྱེད། ཁྱོད་ཀྱི་ནོར་རྣམས་ང་ཡི་མཛོད་དུ་འབེབ། ཁྱོད་ཀྱི་འབངས་རྣམས་ང་ཡིས་སྙིང་རྗེས་སྐྱོང་གསུངས་པ་ལ་རྒྱལ་བུ་གང་གིས་མཐའ་མཇུག་ལགས་སོ་ཞུས།⑤མི་རྣམས་ཀྱིས་འདི་འདྲའི་འཇིག་རྟེན་གནས་ལུགས་དང་རྒྱུ་འབྲས་ལས་ལོག་པའི་གཏམ་རྒྱུད་ཅིག་ལ་དགའ་མགུ་ཡི་རང་བྱེད་དགོས་པའི་རྒྱུ་མཚན་གང་ལ་ཐུག དེ་ལ་འདྲ་འདྲ་འགྲིག་འགྲིག་གི་རྒྱུ་མཚན་ལྟར་སྣང་ཞིག་བཀོད་པ་ནི་སྔར་བཞིན་བསྟན་འགྲོའི་ཆེད་དུ་ཞེས་ཆོས་ཀྱི་དོན་འབའ་ཞིག་ཡིན་པ་མ་ཡིན་ནམ། འུ་ཚོས་བརྗེད་མི་རུང་བ་ནི“9﹒11”ཆག་འཇིག་སློང་མཁན་དེ་དག་གིས་ཀྱང་ཁོ་རང་ཚོའི་ཆོས་དོན་དུ་སེམས་ཅན་སྟོང་ཕྲག་གི་ཚེ་སྲོག་ཅི་མི་སྙམ་པར་བཅད་ཅིང་གཅོད་པ་ལ་མང་པོ་ཞིག་གིས་དེང་སང་དགའ་མགུ་ཡི་རང་བྱེད་པ་རེད། སྒེར་གཅོད་དབང་ཤེད་ཅན་ཚོས་ཀྱང་རང་གི་ལྟ་བ(རིང་ལུགས)སྤེལ་ཕྱིར་སྐྱེ་བོ་འགེལ་མེད་བགྲང་གིས་མི་ལང་བ་སྲོག་ཐོག་ཏུ་བཏང་བར“གསར་བརྗེའི”གཞུང་ལུགས་ཤིག་ལ་རྒྱབ་འཁེན་ཞིང་བརྟེན་པ་རེད། དེ་མིན་ད་རུང་འུ་ཚོའི“དམ་ཉམས་བསྟན་དགྲའི་སྙིང་ཁྲག་དྲོན་མོ་བཞེས”སོགས་ཀྱི་ཕུགས་འདུན་ལ་ཞིབ་ཏུ་སོམས་དང་། མི་རེ་རེས་རང་ཉིད་དད་པའི་ཡུལ་ལ་འཇུག་ལྡོག་ཇི་ལྟར་བྱེད་རྒྱུ་དང་། རང་རང་གི་ལྟ་ཚུལ་ཇི་བཞིན་དུ་བསམ་གཞིག་གཏོང་རྒྱུ་ནི་འགྲོ་མི་རང་རང་གི་བླ་ན་མེད་པའི་ཁེ་དབང་རེད། བླ་ན་མེད་པའི་ཁེ་དབང་འཕྲོག་དགོས་པས་མི་ཚད་ད་དུང་སྙིང་ཁྲག་དྲོན་མོ་བཞེས་དགོས་པའི་འོས་གང་ན་ཡོད། འཇིགས་སུ་རུང་བ་ལ།
འུ་ཚོས་ཕྱི་མིའི་ཚེ་སྲོག་གི་མདུན་དུ་བྱམས་དང་སྙིང་རྗེའི་དར་ཆ་ཕྱར་ཏེ་སྐད་ཆ་ཆེན་པོ་ལབ་ན་མི་འགྲིག་པ་མེད་ལས་ཆེ་མོད། ཡིན་ནའང་འུ་ཚོ་ནང་མིའི་ཚེ་སྲོག་ལ་ཐུག་ན་སྙིང་རྗེ་སྤུ་ཙམ་མེད་པ་འདི་ཅི་ཡིས་ཉེས། ཆ་འདི་ནས་བཤད་ན་བྱམས་སྙིང་རྗེའི་བདག་པོ་ཡིན་ཟེར་མཁན་འུ་ཚོ་རང་གི་རྒྱུད་ནའང་མི་བསྲུན་སྡིག་ཏོ་ཅན་གཞན་དག་དང་འདྲ་བར། ཆོས་དོན་དང་དམངས་དོན་དང་། སྤྱི་དོན་དང་། རྒྱལ་ཁབ་དང་། མི་རིགས་དང་། གནམ་འོག་སོགས་ཀྱི་དོན་དུ། ཡང་ན་དེ་ལ་ཁ་གཡར་ཏེ་འགྲོ་མི་བྱེ་བྲག་པའི་ཚེ་སྲོག་དང་རང་དབང་དང་། གཞན་ཁེ་ཕན་ཡོད་ཚད་ཅི་མི་སྙམ་པར་འཕྲོག་འདོད་ཀྱི་བག་ཆགས་མཐུག་པོ་ཡོད་པ་མ་ཡིན་ནམ། དེས་ན་རང་སྐྱོན་མེད་པ་ག་ལ་ཡིན། དེང་དུས་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་སྙིང་སྟོབས་ལ་དོགས་སློང་དང་། དགག་སྒྲུབ་བྱེད་དགོས་ཚུལ་གྱི་རང་ལུགས་བརྗོད་མཁན་འགའ་རེ་བྱུང་བར། བརྒྱ་ཁ་གཅིག་གྲག་གིས་མ་རུངས་པའི་གྲས་སུ་བསྐྲད་བྱུང་། ཁོ་ཚོའི་བཟོ་ལྟར་བལྟས་ན་དགག་སྒྲུབ་བྱེད་མཁན་དེ་དག་ལན་བརྒྱར་བསད་ཀྱང་ན་ཟུག་མི་དྭངས་པའི་ཚད་རེད། “འུ་ཚོ་རང་ཉིད་ལ་དབང་ཆ་མེད་པས་ལན་པ་རེད། གལ་ཏེ་དབང་ཆ་ཞིག་ཡོད་རྒྱུ་ན་མི་དེ་དག་རེ་རེའི་སྐེ་ནས་བཙིར་བཙོན་ལ་བཅུག་སྟེ། ད་ཁྱོད་ཀྱིས་སྐད་ཆ་དེ་འདྲ་ཤོད་དང་ཟེར་རྒྱུ་ན་ཁོ་ཚོས་བཤད་ཐུབ་བམ”ཞེས་པའི་སྐད་ཆ་ལབ་མཁན་མང་པོ་འདུག ལོས་ཡིན། འུ་ཚོར་དབང་ཆ་མེད་པ་མ་གཏོགས་དབང་ཆ་ཞིག་ཡོད་བྱུང་ན་དེ་ལྟར་མི་བྱེད་པའི་ངེས་པ་གཏན་ནས་ཡོད་པ་མ་རེད། ཡང་གཅིག་ཏུ་ན་དབང་ཤེད་སྒེར་གཅོད་དང་བསམ་བློ་སྒེར་གཅོད་ཀྱི་རྩ་ལག་གཞི་གཅིག་ཏུ་འབྲེལ་འདུག་པས་དབང་ཆ་དེ་ཡང་མེད་གོ་ཆོད་པ་མ་ཡིན་ནོ།།
དུས་ཡུན་རིང་པོ་ཞིག་ལ་འུ་ཚོར་རང་གི་ལྟ་ཚུལ་བརྗོད་པའི་ཁེ་དབང་མི་འདུག་ཅེས་ཕྱོགས་གཅིག་ནས་འུ་ཚོས་ངུ་ངག་ཙེར་ཙེར་འདོན། ཡང་ཕྱོགས་གཅིག་ནས་འུ་ཚོས་ནང་མིའི་གཏམ་བརྗོད་རང་དབང་གི་སྨྲ་ལྕེ་དུམ་བུར་གཅོད། འདི་འདྲའི་བསམ་སྦྱོར་སློང་བྱེད་ཀྱི་གཞུང་ལུགས་ལ“ཁྲམ་པའི་གཏན་ཚིགས”མི་འདྲེས་སམ། རྒྱའི་རང་དབང་རིང་ལུགས་ཀྱི་མཁས་པ་ཆིན་ཧུའེ⑥ཡིས་བཤད་པའི་སྐད་ཆ་འདི་བདེན་པར་སེམས་ཏེ། “དངོས་ གནས་གསོན་ཤུགས་ཅན་གྱི‘རིག་གནས’ཤིག་ཡིན་ཕྱིན། དེས་ནི་ཕྱིའི་བཙན་བསྒྱུར་འགོག་རྒོལ་བྱེད་པ་དང་ཆབས་ཅིག་ནང་དུ་ཕན་ཚུན་བཙན་སྒྱུར་བྱེད་པའང་མཐའ་གཅིག་ཏུ་འགོག་རྒོལ་བྱེད་པ་རེད”ཟེར། གཞན་གྱི་ཚུལ་མིན་གྱི་བཙན་ཤེད་ལ་འགོག་རྒོལ་བྱེད་པར་སྟོབས་ཤུགས་ཤིག་དགོས་པ་རེད། སྟོབས་ཤུགས་དེ་འབྱུང་དགོས་ན་ཐོག་མར་རང་གི་ནང་དུ་ཚུལ་མིན་གྱི་བསམ་སྦྱོར་དག་འདོར་ཞིང་སྤང་དགོས་པ་ཞིག་རེད། དེ་ནི་ཕྱིའི་འབྱོར་བ་ཙམ་མ་ཡིན་པར་གཙོ་བོ་ནང་གི་སྙིང་སྟོབས་ལ་ཐུག་ཡོད་པ་ཞིག་རེད།
གཞན་གང་ཞིག་གིས་འུ་ཚོའི་ཚེ་སྲོག་དང་། རང་དབང་དང་། འདྲ་མཉམ་སོགས་ཕྲོགས་པ་དང་འཕྲོག་བཞིན་པར་ང་ཚོས་ངེས་པར་དུ་བདེན་ཁ་རྩོད་འོས་པ་ནི་བཤད་མི་དགོས་པ་ཞིག་རེད། དུས་མཚུངས་སུ་འུ་ཚོས་རང་ཉིད་ལ་ཚེ་སྲོག་དང་འདྲ་མཉམ་དང་རང་དབང་གི་འདུ་ཤེས་ག་འདྲ་ཞིག་ཡོད་པར་རང་སེམས་ལ་ལག་མྱོང་ཞིག་བྱེད་པའི་དགོས་པ་ཡང་ལྷག་ཏུ་ནས་ཆེ། དེ་ལྟར་བྱེད་པའི་དགོས་པ་ཅི་ཡོད་ཟེར་ན། ཐོག་མར་འུ་ཚོ་རང་ཉིད་ལ་ཚེ་སྲོག་གི་རིན་ཐང་ལྟ་ཚུལ་ཡང་དག་ཅིག་དང་། འདྲ་མཉམ་གྱི་ངེས་ཤེས་ཟབ་མོ་ཞིག རང་དབང་གི་གོ་རྟོགས་གསལ་པོ་ཞིག་ཡོད་པ་ཡིན་ཚེ། གོ་ལའི་སྒང་འདི་རུ་འུ་ཚོར་ཡང་གཞན་དང་འདྲ་བར་རང་ཉིད་ཀྱི་ཚེ་སྲོག་རིན་ཐང་འདུས་པའི་འདྲ་མཉམ་དང་རང་དབང་སོགས་ཀྱི་ཁེ་དབང་སྣ་ཚོགས་ངེས་པར་དུ་དགོས་པའི་འདུ་ཤེས་ཤུགས་དྲག་ཅིག་སྐྱེ་ངེས། འདུ་ཤེས་ཤུགས་དྲག་དེ་ཡོད་ཕྱིན་འུ་ཚོས“འཇིགས་སྣང་མི་ཐེབས་པའི་ཐོབ་ཐང”⑦ལ་སོགས་རྩོད་ལེན་བྱེད་པའི་སྟོབས་ཤུགས་ཇེ་ཆེར་འགྲོ་ངེས། མདོར་ན་རང་སྐྱོན་རང་གིས་མི་བསམ་མི་མཐོང་བར་ནམ་ཡང་གཞན་གྱིས་རང་ཚབ་ཏུ་བསམ་ཞིང་སྟོན་དགོས་པ་ཆགས་ན་དོན་ལ་རང་གི“སྣ་ཐག”གཞན་ལག་ཏུ་དཀྲིས་པ་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་གཞན་གྱིས་ཅི་ཟེར་ལ་ཉན་ཏེ་འདུག་དགོས་པའི་ལན་ཆགས་དེ་མི་ཉོ་རང་ཉོ་རེད།
ད་ནི་ང་ཚོར་བཤད་རྒྱུ་ཅི་ཡོད། བཤད་རྒྱུ་ཡོད་ཀྱང་ཇི་ལྟར་འཆད།
རྒྱ་བོད་མང་པོ་ཞིག་གིས་འཇིགས་སྐུལ་དང་། དམར་གསོད་དང་། དྲག་གནོན་དང་། སྒེར་གཅོད་ལ་རྒོལ་གཏམ་གཏོང་བའི་དུས་མཚུངས་སུ་རང་ཉིད་ཀྱི་སེམས་རྒྱུད་ན་དེ་འདྲའི་བག་ཆགས་བསམ་བློ་ཁྲིགས་ཆགས་སུ་ཡོད་པའི་འགལ་འདུ་འདི་སུ་ཞིག་གིས་སྙོམ་པར་ནུས།
“9﹒11”དོན་རྐྱེན་ལ་རྗེས་དྲན་ཕྱིར་རྟོག་གི་དུས་མཚུངས་སུ་རང་རང་ཡང་ཕྱི་ནང་གང་ཆའི་འཇིགས་རུང་གི་རྣོ་སྒྲོམ་དུ་ཚུད་འདུག་པ་ཚོར་བས། སྣེ་འཛིངས་བསྣོལ་མའི་སེམས་ཁྲལ་འདི་ལྟར་དུ་བྱུང་བ་སུ་ཞིག་ལ་བཤད།

___________
མཆན།
①རྒྱ་སེ། ངའི་ཨ་རིའི་གྲོགས་པོ་ཞིག ངས་ཁོ་བོར་རྒྱུན་ཏུ་རྒྱ་སེ་ཞེས་འབོད་པ་ཡིན།
②པི་རན་ཏིད། w.brandtའཇར་པན་གྱི་སྲིད་བློན་ཞིག ནོ་པེལ་ཞི་བདེའི་བྱ་དགའ་ཐོབ་མཁན།
③རྒྱལ་ཁབ་རིང་ལུགས་དང་མི་རིགས་རིང་ལུགས་པས་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ཁེ་ཕན་ནི་བླ་ན་མེད་པ་དང་གོང་ན་མེད་པ་ཞིག་ཡིན་པའི་ལྟ་ཚུལ་འཛིན་པ་རེད། ལྟ་ཚུལ་འདི་ལྟར་ན་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ལ་ཐུག་ན་བྱེ་བྲག་གི་མི་ཉིད་ཀྱི་ཁེ་དབང་ནི་འདོར་དགོས་པ་རེད།
④1999ལོའི་ཟླ5ཚེས8ཉིན་གྱི་ནམ་གུང་བྱང་ཆིངས་མཉམ་འབྲེལ་དམག་གིས་ཀྲུང་གོའི་ཡུ་ཀོ་སི་ཡ་ཝི་ཡ་མནའ་འབྲེལ་དུ་ཡོད་པའི་གཞུང་ཚབ་ཁང་འཕུར་མདེལ་གྱིས་གཏོར།
⑤གླིང་གེ་སར་རྒྱལ་པོའི་སྒྲུང《འཇང་ཕྲུག》གི་ནང་དོན་མདོར་དེད་ན་ཕལ་ཆེར་དེ་འདྲ་ཞིག་རེད།
⑥ཆིན་ཧུའེ།秦晖, 清华大学人文社会科学学院教授.
⑦“འཇིགས་སྣང་མི་ཐེབས་པའི་ཐོབ་ཐང” ཨ་རིའི་སྲིད་འཛིན་སོ་གཉིས་པ་རོ་སི་ཧྥུ་ཡིས་བཤད་པའི་འགྲོ་མིའི་ཐོབ་ཐང་ཆེན་པོ་བཞིའི་ནང་གི་གཅིག ཁོས་བཤད་པའི་འགྲོ་མིའི་ཐོབ་ཐང་ཆེན་པོ་བཞི་ནི། སྨྲ་བརྗོད་རང་དབང་། དད་མོས་རང་དབང་། དབུལ་ཞིང་ཕོངས་པར་མི་བྱ་བའི་རང་དབང་། འཇིགས་སྣང་མི་ཐེབས་པའི་རང་དབང་བཞིའོ། །

2005ལོའི་ཟླ9ཚེས11ཉིན་གྱི་དགོང་མོར་ཟི་ལིང་གི་རང་ཤག་ཏུ།

༼རྩོམ་ཡིག་འདི་དྲ་ཚིགས་གཞན་གྱིས་བརྒྱུད་འགོད་བྱས་མི་ཆོག༽

བསྟོད།7

དཔྱད་མཆན་སྤེལ།