རྣོ་སྦྲེང་གི་རྒྱང་འཕེན་པའི་སྙིང་སྟོབས་དང་ཟུར་བཀོད་ཀྱི་སྐད་ཆ།

ཐོག་མདའ།

ཐོག་མར་གྲོགས་ལགས་ཀྱིས་མི་བུ་རང་ཉིད་ཀྱི་རྣམ་དཔྱོད་དང་ཤེས་རབ་ལ་བརྟེན་ཏེ་དེབ་ཆུང་རྒྱང་འཕེན་པའི་སྙིང་སྟོབས་བོད་ཡུལ་དུ་སྐྱོ་ཤས་ཀྱི་འཁུན་སྒྲ་དང་མཉམ་དུ་མགྲོན་དུ་ཕེབས་པར་དགའ་བསུ་དང་ཡི་རངས་ཡོད་ལ། དེབ་རྒན་མཐུག་པོ་དག་གི་བམ་ཚད་དང་བསྡུར་ན་རྒྱ་ཁ་འཇལ་བྱེད་ཅིག་མེད་མོད། རོ་བཅུད་ཀྱི་མངལ་ལ་རོལ་ཏེ་རང་ཉིད་ཀྱི་ངོ་གདོང་ལ་མནོ་བསམ་ཞིག་བཏང་ན། འདྲ་འདྲའི་ནང་གི་འདྲ་འདྲ་རེད་འདོད་ཀྱིན་ཡོད། ང་ཚོ་བོད་ཀྱི་རྩོམ་པ་པོ་དག་ནི་སྙུ་གུ་ལག་ཏུ་བཟུང་སྟེ་རྩོམ་ཡིག་ཅིག་གི་མགོ་བཟུང་དུས་ནས། ཐ་སྙད་ཆེན་པོ་ཆེན་པོ་དང་ཚོན་པོ་ཚོན་པོ་འགའ་བེད་སྤྱད་དེ་རླབས་ཆེན་རླབས་ཆེན་ཞིག་བཤད་པ་ལས། རང་ཉིད་ཀྱི་རྡོག་སྣེ་དང་རང་ཉིད་ཀྱི་ལག་སྣེ་ལ་ཁྱོན་ནས་གོམས་གྱིན་མི་འདུག་སྙམ། དེ་བས། ང་ནི་དུས་རྒྱུན་བོད་ཀྱི་དེབ་རྒན་མཁན་པོ་དག་གིས་ཅི་ལྟར་སྒྲོབ་ཀྱང་། རང་ཉིད་ཀྱི་རྡོག་སྣེ་དང་རང་ཉིད་ཀྱི་སྐད་ཆ་ལ་གོམས་པར་བྱ་བ་ནི་ན་གཞོན་ཤ་དར་ཁྲག་དར་དག་གི་འགན་འཁྲི་ཉག་ཅིག་རེད་འདོད་ཀྱིན་ཡོད།

ང་ཚོས་རང་ཉིད་ཀྱི་སྐད་ཆ་རང་ཉིད་ཀྱིས་བཤད་པར་གོམས་པར་བྱས་པ་དང་། རང་ཉིད་ཀྱི་རིན་ཐང་རང་ཉིད་ཀྱིས་རྟོགས་པར་བྱས་ན། ང་ཚོ་ལ་ཚད་མའི་དགོངས་པ་དང་དཀོན་མཆོག་གི་སྲུང་སྐྱོབ་དེ་དགོས་དོན་མེད་ལ། ཉིད་ཀྱིས་བཤད་བཞིན་པ་ལྟར། ང་ལ་དཀོན་མཆོག་མི་དགོས་དང་ཇོ་བོ་ས་རེད།མཇལ་བ་མྱི་རེད་སོགས་བཤད་ཆོག་ཆོག་རེད། རྒྱུ་མཚན་ཀྱང་རང་ཉིད་རང་གི་མགོན་ཡིན་པས་མ་ཡིན་ནམ། དེ་ལྟར་ལབ་ན་ཀློག་པ་པོ་རེ་ཟུང་གིས་མགོ་གཡུག་གཡུག་དང་སྣ་དགྱེ་དགྱེ་མི་བྱེད་པའི་ངེས་པ་རྦད་དེ་མེད་མོད། དེ་ལ་ཨ་ལན་མང་བོ་ཞིག་མི་དགོས་ཏེ༼རིག་གནས་ལས་མྱི་གཙོ་༽བ་ཡིས་ང་ཚོ་ལ་སིམ་པ་སྟེར་བའི་བློ་སྤོབས་ཤིག་མི་སྐྱེའམ།དྲང་མོ་བཤད་ན་བོད་མི་དག་གིས་དུངས་ཞེན་རྐྱང་རྐྱང་གི་རིག་གནས་ཤིག་ལ་ཤི་འཐམ་གོ་འཐམ་བྱེད་པ་ལས།རང་ཉིད་ཀྱི་གནས་བབ་དང་རང་ཉིད་ཀྱི་བདེ་སྡུག་ལ་ཇི་ལྟར་འགན་ཁུར་བར་བསམ་ན།ཏག་ཏག་དོགས་གཞི་ཞིག་ལས་གང་ཡང་མི་འདུག

གང་ལྟར། དེབ་གསར་རྒྱང་འཕེན་པའི་སྙིང་སྟོབས་ལ་ཟ་ཟུར་གང་ནས་བལྟས་ཀྱང་།མི་བུ་སྒེར་གྱིས་དཔྱོད་ཤེས་དང་དོགས་སློང་། དགག་གཞག་སོགས་འཁྱེར་སྟེ་མི་ཆོས་རིག་གནས་ལ་གདུང་འབོད་བྱེད་པའི་དཔྱོད་ཤེས་ཀྱི་སྐད་སྒྲ་ཞིག་མཐོང་སོང་། ན་གཞོན་ཞིག་གི་རང་རིགས་ལ་བལྟས་པའི་མིག་མདངས་མངོན་འདུག བསམ་སྦྱོར་གཉིས་བསྔོགས་འདུག

ཟུར་བཀོད་འདི་གྲོགས་པོ་འགའ་དང་མཉམ་དུ་ཁ་བརྡ་བྱས་པ་དེ་ཡི་གེར་གཏགས་པའོ།

དེབ་གསར་རྒྱང་འཕེན་པའི་སྙིང་སྟོབས་ནི་ན་གཞོན་གསར་བའི་དྲ་དེབ་གླེང་གསུམ་གྱི་འགན་འཛིན་པ་རྣོ་སྦྲེང་གིས་བརྩམས་པ་རེད། དེབ་འདི་ལ་མཚོན་ན་བཟང་ངན་གང་རུང་གི་ཆ་རེ་ཡོད་སྲིད་པས། ་ནི་ཀློག་པ་པོ་འུ་ཅག་གིས་རྣམ་དཔྱོད་ཀྱིས་དཀར་ནག་འབྱེད་དགོས་ས་རེད།ཀློག་པ་པོ་ཞིག་ལ་མཚོན་ན་༼དཔེ་ཆར་བལྟ་བ་ནི་སྐྱེས་བུ་སྒེར་གྱི་ཤེས་རབ་གོང་འཕེན་ཏུ་འགྲོ་བའི་ཆེད་རེད་ལ།དཔེ་ཆར་བལྟ་བ་ནི་རང་ཉིད་ཀྱི་བློ་གྲོས་ནམ་ཡང་སྤྱི་ཚོགས་ཀྱི་སྔུན་ལ་བསྐྱོད་ཆེད་ཀྱང་རེད༽། དེ་བས། དཔེ་ཆ་ཞིག་ལ་བལྟས་ཏེ་རང་ཉིད་ལ་དཔེ་ཆ་དེས་དྲང་ལྡོག་གང་རུང་ནས་བསྐྱེད་པའི་བློ་བསྐྱེད་འབྲི་བ་དེ། རང་ཉིད་ཀྱིས་དཔེ་ཆ་དེ་ཀློག་པའི་རིན་ཐང་རེད་ལ། རིན་ཐང་དེས་རང་ཉིད་ནམ་ཡང་རྩོམ་པ་པོས་བྲན་དུ་མི་ཚུད་པར་བྱེད་པས་དམིགས་བྱ་གལ་ཆེན་ཞིག་ཀྱང་རེད།ཡང་གཅིག་བཤད་ན། དེ་ནི་རང་ཉིད་ཀྱིས་དཔེ་ཆར་བལྟ་ཤེས་པའི་དགེ་མཚན་ཁྱད་འཕགས་ཤིག་ཀྱང་རེད།

དེང་གི་དུས་འདིར་བོད་ལ་སྒེར་དེབ་དང་གཞུང་དེབ་སོགས་གང་མང་ཞིག་ཐོན་དང་འཐོན་བཞིན་འདུག་མོད། ཁོ་བོ་མི་སྒེར་གྱི་ལྟ་ཚུལ་ཡིན་ན།དཔེ་ཆ་དེ་དག་ནི་འགྱོ་ཞོར་འདུག་ཞོར་དང་དུས་ཚོད་ཉུང་ཉུང་ཞིག་གི་ནང་དུ་ཀློག་རིན་ཙམ་ལས། གཞན་དུས་རྒྱུན་དེ་ལ་ཅེར་བའི་དགོས་པའང་མཐོང་མ་བྱུང་། དེ་བཞིན་གྲོགས་རྣོ་སྦྲེང་གི་རྒྱང་འཕེན་པའི་སྙིང་སྟོབས་ལ་མཚོན་ན་ཡང་།དེ་རིགས་མ་འདས་སོ།། དཔེ་དེབ་འདི་དག་ལ་དགེ་མཚན་ཞིག་ལྡན་པ་ནི་མི་སྒེར་གྱི་བསམ་གཞིགས་བྱེད་སྟངས་འདྲ་མིན་སྣ་ཚོགས་ཤིག་མངོན་ཡོང་ལ། རིག་གནས་སྣ་མང་གི་བཙན་འཛུལ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་། དེ་ལས་གཞན། རང་ཉིད་ཀྱི་ཉེན་ཚབས་ལ་ལྟ་སྟངས་སྣ་ཚོགས་ཤིག་ཀྱང་ཤེས་ཐུབ་གི་རེད་འདོད། ལྷག་ཏུ་ན་གཞོན་རྩོམ་དགའ་མང་བོ་ཞིག་བསྐྱེད་སྲིང་བྱེད་དང་བྱེད་མུས་ཡིན་པས།དེ་ནི་འུ་ཅག་ཀུན་པོས་བཀའ་དྲིན་དང་ཡི་རངས་བྱེད་དགོས་ས་ཞིག་ཀྱང་རེད་འདོད།

གྲོགས་རྣོ་སྦྲེང་གི་རྒྱང་འཕེན་པའི་སྙིང་སྟོབས་ལ་མཚོན་ཏེ་ལབ་ན། མང་མང་གིས་དཔེ་རིན་ཆེ་འདུག་དང་རྒྱང་འཕེན་པ་ཤོད་ཀྱིན་མི་འདུག་སོགས་ཀྱིས་གཏམ་གང་མཆིས་ནའང་། ཁོ་བོ་རང་ངོས་ནས་སྔ་མ་དེར་མོས་མཐུན་ཡོད་པ་ལས་ཕྱི་མ་དེར་ཁྱོན་ནས་འཐད་པ་མི་འདུག་སྟེ། དེབ་མིང་དུ་རྒྱང་འཕེན་པའི་སྙིང་སྟོབས་གསོལ་བ་ནས། དེབ་ཧྲིལ་བོའི་བརྗོད་བྱ་རྒྱང་འཕེན་པ་རྐྱང་རྐྱང་ཡིན་དགོས་པས་རྒྱུ་མཚན་མ་མཐོང་ལ། རྒྱང་འཕེན་པའི་ལོ་རྒྱུས་རྐྱང་རྐྱང་བཀོད་པས་དགོས་པ་ཡང་མ་མཐོང་། དེ་བས། གྲོགས་པོ་དག་གིས་མནོ་བསམ་ཞིབ་ཏུ་ཐོངས་དང་། བརྩམས་ཆོས་རེ་རེ་ལ་རྒྱང་འཕེན་པའི་བསམ་བློའི་དྲི་ལྡན་མིན་དང་། བསམ་བློའི་དགོངས་དོན་འདྲ་བའི་ཆ་སོགས་ཡོད་མེད་ལ་བལྟ་བ་ནི་ཀློག་པ་པོ་འུ་ཅག་གི་བསམ་བྱ་ཉག་ཅིག་ཡིན་པར་འདོད།

ཁོ་བོར་མཚོན་ན་རྒྱང་འཕེན་པ་ཤོད་འདུག་བསམ་གྱིན་ཡོད། ང་ཚོས་རྒྱང་འཕེན་པ་བཤད་སྐབས། རྒྱང་འཕེན་པ་ངོ་སྤྲོད་ཆིག་རྐྱང་བ་ཙམ་མ་གཙོ་བར་རྒྱང་འཕེན་པའི་བསམ་བློའི་དགོངས་དོན་རང་ཉིད་ཀྱིས་མནབས་ཏེ། རང་ཉིད་ཀྱི་རིག་གནས་དང་རང་ཉིད་ཀྱི་ཁོར་ཡུག་ལ་གཤགས་བཅོས་བྱེད་རྒྱུ་ནི་ནག་པོའི་ནང་གི་དཀར་པོ་རེད་འདོད། དེ་བས།༼ང་ལ་དཀོན་མཆོག་མི་དགོས༽དང་༼ཇོ་བོ་ས་རེད། མཇལ་བ་མྱི་རེད༽སོགས་ཀྱི་རྒྱང་འབོད་དེས། རྒྱང་འཕེན་པ་དཀར་འདོན་ཀྱང་བྱས་འདུག་སྙམ།༼ཇོ་བོ་ས་རེད།མཇལ་བ་མྱི་རེད།༽་ཅེས་པའི་བརྩམས་ཆོས་དེ་ཀློག་ཡོང་ན་ལག་རྩལ་བཟོས་ལས་ཀྱི་ས་སྐུ་ཞིག་ལ་སྐྱབས་སུ་གསོལ་གྱིན་པའི་སྣང་བ་ཞིག་སྦྱིན་མོད། ཁོ་བོར་མཚོན་ན་ས་སྐུ་དེར་དགག་པ་ནི་ས་སྐུ་དེའི་མཚོན་པའི་རིག་གནས་ཀྱི་བག་ཆགས་དེར་དགག་པ་དང་ཨ་ན་མ་ན་རེད་འདོད། གང་ལྟར། འདི་ནི་ཁོ་བོ་རང་ཉིད་ཀྱིས་དེབ་གསར་རྒྱང་འཕེན་པའི་སྙིང་སྟོབས་ཀློག་སྟངས་རིགས་ཤིག་ཡིན་པས། ཁྱེད་ཅག་དང་མཐུན་མིན་མི་ཤེས་མོད། ང་ལ་མཚོན་ན་དེ་ལྟར་འདོད་ཀྱིན་ཡོད། ཁྱེད་ཅག་གིས་ཀྱང་མཐོང་སྣེ་མི་འདྲ་བ་རེ་ནས་གོ་བ་བླངས་ཆོག་གི་རེད། ང་ཚོ་ཚང་མས་གོ་བ་གཅིག་ལེན་དགོས་པས་རྒྱུ་མཚན་གང་ཡང་ཡོད་ནི་མ་རེད།

༢༠༡༡ ༡ ༧ཉིན་རང་ཤག་ནས་ཤར་མར་སྦྱར་རོ།།

བསྟོད།6

དཔྱད་མཆན་སྤེལ།