ཀིར་དགོན་གྱི་ད་ངོ་མ་འདུག་གི་འཇོག་འདོད་མེད་ཀི

རྒྱ་འཇིགས།
ཐོག་མའི་སྐད་ཆ།

མི་ཚེ་ནི་སྙུ་གུ་དང་འགྲོགས་པའི་འཚོ་བ་ནི་བདག་གི་དད་འདུན་ཡིན་ལ། གནས་ལུགས་འཚོལ་ཞིབ་ཀྱི་ལམ་བུ་སྙུག་རྩེར་བཅོལ་བ་ཡང་བདག་གི་དམ་ཚིག་ཡིན། དེས་ན། ཚེ་སྲོག་གི་དབུགས་རྒྱུན་མ་ཆད་བར། བདེན་རྫུན་གྱི་ངོ་བོ་མ་འགྱུར་བར། ཤོག་བུ་དང་སྙུ་གུ་མ་ཟད་བར། ང་འདུག་དོན་མེད་ལ། འདུག་ནི་ཡང་མིན།

སུ་ཡིས་བརྗེད།
ཉེ་སྔོན་འུ་ཚང་གི་བཀས་བཀོད་རྒྱུད་འཛིན་དང་དམར་པོའི་ལམ་ལུགས་བསྐྲུན་པས་བརླང་སྤྱོད་ཀྱི་བྱ་སྤྱོད་ དེ་དག ཕྱི་ནང་གསང་གསུམ་ན། མདོ་དབུས་ཁམས་གསུམ་ན། ཕྱོགས་བཞི་མཚམས་བརྒྱད་ན། འབྲུག་ལྟར་ལྡིར་ལ། རླུང་ལྟར་གཡོ། དེ་ནི་འུ་ཚང་གི་སྨྲ་ལྕེ་བཙོན་དུ་བཅུག་པའི་སྒེར་གཅོད་པའི་ནག་ཉེས་རེད། དེ་ནི་འུ་ཚང་གི་ཕྱི་རབས་རྒྱུད་འཛིན་པར་བསྩལ་བས་སྣང་བརྙན་གྱི་བཟོ་དབྱིབས་རེད། དེ་ནི་འུ་ཚང་གི་ཡལ་མེད་ལོ་རྒྱུས་ལ་རྐོས་པའི་བཟོད་མེད་ཀྱི་ན་ཟུག་རེད། རེད་དེ། དེ་དག་ཐམས་ཅད་རྨི་ལམ་བཞིན་རྨིས་ཚར་སོང་བ་དང་། ཆུ་བོ་བཞིན་བཞུད་ཟིན་པས་དེ་ཉིད་ལས་མ་གྲུབ་པའི་ངང་ཚུལ་ལམ་བདེན་པའི་གནས་སུ་སུ་ཡིས་འཇོག་ཕོད་དམ།

ཡ་རེ་མཚར།
ད་ལོ་ཡང་ཚོགས་འདུ་རྒྱས་པ་ཟེར་བའི་སྒེར་གཅོད་དང་ཕྲག་དོག་གི་ཁ་ཟས་ལོངས་སུ་སྤྱོད་པའི་མི་ཆོས་ཀུན་སྤྱོད་ཀྱི་རང་གཤིས་ལར་ནས་བོར་བའི་གཏུམ་དྲག་དཔའ་བོའི་ཚོགས་སྡེ་ཞིག་གིས། དགོན་པ་དང་གྲྭ་ཚང་ལ་ལྷག་བསམ་གྱི་རང་མདངས་འབར་ཁ་དང་། བསྟན་པ་དང་འགྲོ་བའི་དོན་སོགས་སྤྱི་དོན་ལ་སེམས་ཚེགས་ཆེ་ཁུར་བྱས་དེ། སློབ་གཉེར་ལ་སོང་བའི་གྲྭ་བ་དག བསྟན་པའི་ནད་རོ་ཞིག་ཏུ་ངོས་འཛིན་རྒྱབ་དེ། ཀ་ཁའི་སྦྱོར་ཀློག་ཙམ་ཡང་མི་མཁྱེན་ཞིང་ཇི་གསུང་བཀའ་བཞིན་སྒྲུབ་པའི་དད་ལྡན་དཀྱུས་མ་དག་གི་མདུན་དྲུང་དུ་སོང་སྟེ།སྤོབས་སེམས་ཆེན་མོའི་ངང་འཛེམས་དོགས་དང་ངོ་ཚ་མེད་པར་ཁྱེད་ཚོའི་བུ་ཕྲུག་ཚོས་དགོན་པ་ལ་གཏོར་བརླག་དང་། བླ་མ་ལ་རྒྱབ་འགལ། བཅའ་ཡིག་ལ་ངོ་རྒོལ་སོགས་འབྲེལ་མེད་ཀྱི་སྐད་ཆ་དག་གང་འདོད་དུ་སྦ་གསང་མེད་པར་ལྷུག་ལྷུག་བརྗོད་པ་གཞི་ནས་མཚར། ད་དུང་དགོན་པ་དང་སྒྲིག་ལམ་མཁོ་ན། བླ་མ་དང་བུ་ཕྲུག་ཉག་ན། ཤི་ཆོས་སམ་གསོན་ཆོས་དགོས་ན། འཚོགས་འདུ་རྒྱས་པ་ཡི་གྲོས་ཆོད་ཇི་བཞིན་གཟའ་འཁོར་གཅིག་གི་དུས་ཚོད་གནང་བ་ལ་ཁ་ངོ་སློང་། ཞེས་འཇིགས་སྐུལ་རང་ལུགས་ཀྱི་བྱ་འགུལ་སྤེལ་ཏེ། ཐུགས་སེམས་གངས་རི་ལས་དཀར་ཞིང་། དུངས་པ་རྒྱ་མཚོ་ལས་ཕྱུག་པའི་བརྩེ་བའི་བྱམས་ལྡན་ཕ་མ་དང་ཕུ་ནུ་ཉེ་འབྲེལ་ཀུན་གྱི་བདེ་སྐྱིད་ཀྱི་ཁྱིམ་གཞི་གཞི་ནས་དཀྲོགས་སོང་ངོ་།།

ཞེས་༢༠༡༤/༣/༢༩ཉིན་རྒྱ་འཇིགས་ནས་དཀར་མཛེས་ཕྱོགས་ནས།

བསྟོད།6

དཔྱད་མཆན་སྤེལ།