ཀི་རྟི་དགོན་པ་དང་འབྲེལ་ཡོད་ཀྱི་སྐད་སྒྲ་སྣ་ཚོགས།

ཡོ་གྲགས་སོགས།

གལ་ཆེན་དེ་གལ་ཆེན་དུ་ཤེས་པར་གྱིས།
ཡོ་གྲགས།

གཅིག 
གྲོང་དང་གྲོང་ཁྱེར་ཉུལ་ནས་ཚོང་དང་ཚོང་ལས་གཉེར་མཁན་དང་། ཡུལ་དང་ཡུལ་ལྗོངས་འགྲིམ་ནས་འབའ་འཇོག་རྒྱན་སྐུག་བྱེད་མཁན། ལ་དང་ལུང་བ་བརྒྱུད་ནས་འབུ་དང་པུས་མོ་རྐོ་མཁན། དུས་དང་རྣམ་པ་ཀུན་ཏུ་ཁྱིམ་དང་ཁྱིམ་ཐབ་སྐྱོང་མཁན་སོགས་ཆ་ལུགས་དང་སྤྱོད་ལམ་ཡ་མ་ཟུང་གིས་འདུར་རྒྱུགས་མཁན་ཚོར་ཚོགས་གཏམ་དྲག་པོ་དང་། གནོན་ཤུགས་བཙན་པོ་གང་ཡང་སྔར་སྤྲད་མ་མྱོང་ལ། དེ་དག་གི་ཆེད་དུ་ཚོགས་འདུ་ཆེ་ཆུང་སྐོངས་འཚོགས་ཀྱིས་ཐག་བཅད་གནང་བའང་གོ་ཐོས་སུ་མེད། དེར་མ་ཟད་མ་གོ་མ་རིག་པའི་ཚུལ་དུ། གུ་ཡངས་ལྷོད་ཡངས་ཀྱི་ངང་ནས་གང་དྲན་འདི་དྲན་བྱེད་དུ་བཅུག་པ་ནི་རང་གཞན་ཚང་མའི་སེམས་ན་ཁྲིགས་སེ་ཡོད། དེ་ལྟ་ནའང་། ཧ་གོ་དཀའ་བ་ཞིག་ལ་གྲོང་ནས་དབེན་པར་ཞུགས་ཏེ་སློབ་གཉེར་ཚུལ་བཞིན་དུ་བྱེད་མཁན་ཚོར་དམ་འཛིན་རྩད་གཅོད་བྱེད་དགོས་དོན་གང་ཡིན་ནམ། ངོ་མ་བཤད་མི་ཤེས་པའི་གནད་དོན་ཞིག་ཏུ་གྱུར་སོང་། ངས་བསམ་ན་འདི་ནི་གཙོ་ཕལ་གོ་ལྡོག་དང་གལ་ཆེན་གལ་ཆེན་དུ་མ་རྟོགས་པའི་སྲོལ་རྒྱུན་གྱི་ཡམས་ནད་ཅིག་གམ། ཡང་ན་ཡོད་ཚད་དབང་གིས་ཐག་གཅོད་པའི་དགོན་སྡེའི་རྒྱུན་སྲོལ་ཙམ་ལས་གང་དུ་ཡང་མི་སེམས་སོ།། གོང་དུ་བཤད་པ་ལྟར་དོན་མེད་དུ་འཁྱམས་ཤིང་ཉུལ་ནས་སྡོད་མཁན་ཚོར་ཐེངས་འདིར་ཐབས་མེད་པར་ཞོར་དུ་ཐག་གཅོད་ཀྱི་གྲལ་དུ་ཚུད་པ་ནི་ཅུང་ཟད་དགོད་སྤྲོ་བ་ཞིག་མིན་ནམ། 
 གཉིས།
ཡང་གཅིག་བཤད་ན། མཁན་པོ་དང་དགེ་སྐུལ་གཙོ་བོར་གྱུར་པའི་དབང་འཛིན་ལས་ཀྱི་སྣེ་མོ་བ་སུ་དང་སུ་ཡིན་ནའང་། དོན་དམ་པར་རང་དགོན་ལ་ཤ་ཚ་ཞིང་བློ་དཀར་ན། གྲྭ་གཞོན་སློབ་གཉེར་བ་ཚོ་གནས་སྐབས་སུ་ཡུལ་ལུང་གང་དུ་ཡོད་མེད་མི་གཙོ་བར་སློབ་སྦྱོང་གཤའ་མ་ཞིག་བྱེད་ཀྱི་ཡོད་མེད་གཙོ་བོའི་ནང་གི་གཙོ་བོ་མ་ཡིན་ནམ། རྒྱུ་མཚན་ནི་ཁོ་པ་ཚོ་སྡེ་འདིའི་མ་འོངས་པའི་ཆོས་སྲིད་གཉིས་ཀའི་རྐང་འཛིན་པ་དང་བདག་པོ་གཅིག་ཆོག་ཏུ་འགྱུར་ཐུབ་མིན་ནི་གཞོན་དུས་ཀྱི་སློབ་སྦྱོང་ལ་ལྟོས་ཤིང་། དེ་ལྟར་འགྱུར་བར་ཐབས་དང་སྒོ་སྣ་ཚོགས་ནས་འབད་དགོས་པའི་དུས་ཚུགས་སུ་སླེབ་ཡོད་པའང་ཡིན། ལྷག་པར་གཞོན་སྐྱེས་ཚོའི་མདུན་ལམ་ཇི་ལྟར་དར་རྒྱས་སུ་སོང་ན་རང་དགོན་ཡང་དེ་ལྟར་ཡར་རྒྱས་སུ་འགྲོ་བ་རྒྱུ་འབྲས་རྟེན་འབྲེལ་ཀྱི་ཆོས་ཉིད་ཡིན་པ་ནི། ངས་འདིར་གསལ་བཤད་ཀྱི་ངལ་བ་བསྟེན་མི་དགོས་པར་ཚང་མས་ཧ་ལམ་ཤེས་ཐུབ་ཀྱང་ཤེས་སླ་བའི་རྒྱུ་འབྲས་ཀྱི་འགྲོ་ཚུལ་རགས་པ་ཞིག་དུ་གོ་བར་གྱིས། དེས་ན་བཙན་དང་སྟོབས་ཀྱིས་ན་གཞོན་ཚོའི་སློབ་སྦྱོང་ལ་བར་ཆད་དང་མདུན་ལམ་ལ་བཀག་འགོག་མི་བྱེད་པར་ཕན་ཚུན་ལ་བསམ་ཤེས་དང་རྒྱུས་ལོན་ཡག་པོ་གནང་རྒྱུ་ཧ་ཅང་གལ་ཆེ་བར་འདུག་སྙམ། དེ་མིན་བཙན་དང་སྟོབས། དབང་དང་ཤེད། གནོན་ཤུགས་དང་འཇིགས་སྐུལ་སོགས་ཇི་ལྟར་བེད་སྤྱད་ན། སློབ་གཉེར་བ་ཞིག་འལ་མཚོན་ན་སེམས་ནང་དུ་དེ་ལྟར་བཟོད་དཀའ་བའི་བཙན་གནོན་དང་ན་ཟུག་ཅིག་ཅི་ལ་མིན། རང་ཉིད་ཀྱིས་བསྒྲུབ་མི་ནུས་པའི་བྱ་བཞག་ཅིག་དང་། རང་གིས་ནུས་ཤུགས་ཀྱིས་མི་ཐེག་པའི་ཁུར་བོ་ཞིག་དང་ཡོངས་སུ་མཚུངས་པས་སོ།། 
རྒྱུ་མཚན་དེའི་དབང་གིས་དང་ལེན་གྱི་འདུན་པ་ཡོང་དཀའ་ཞིང་ཡོང་ཐབས་ཡང་བྲལ་བ་རེད། དེ་ལྟ་ན་སློབ་གཉེར་བའི་ཁམས་མོས་དང་མཐུན་པའི་སྒྲིག་སྲོལ་འཛུགས་རྒྱུའམ་ཁོ་པ་ཚོས་གདམ་གསེས་ལྟར་གནས་གཞན་དུ་སློབ་གཉེར་ལ་འགྲོ་རུ་འཇུག་རྒྱུ་ལས་གཞན་པའི་ཐབས་ཤེས་ཤིག་ཁྱོན་ནས་མེད་པའམ་མི་རྙེད་པ་ཞིག་ཏུ་གྱུར་ནས་ཡོད་པ་ནི་ད་ལྟའི་ཀིར་དགོན་གྱི་གནས་བབ་དངོས་རེད།
གསུམ།
 འོན་ཀྱང་། ཁྱེད་དབང་འཛིན་པའི་ལས་ཀ་གཉེར་སྟངས་དང་འདང་རྒྱག་ཕྱོགས་ལྟར་ན། ད་ལོར་བཅུ་ཚན་ཁ་ཤས་ཤིག་རང་དགོན་མིན་པར་ཐག་བཅད་པས་འགྲིག་སོང་བ་འདྲ་བོ་ཞིག་བརྗོད་ཀྱི་འདུག་མོད། སང་ལོ་ཡང་བཅུ་ཕྲག་ཁ་ཤས་ཤིག་འདི་ལྟར་འགྲོ་རུ་འཇུག་རྒྱུ་ཨེ་ཡིན། སྔ་གཞུག་བར་གསུམ་དུ་ཚགས་སུ་ཚུད་པའི་ཞིབ་འདང་རེ་རྒྱག་གི་ཡོད་དམ། ལོ་ལྟར་རང་དགོན་ནས་སློབ་གཉེར་བ་མང་པོ་འདི་ལྟར་ཕྱི་ལ་ཕུད་ནས། ཕྱིར་རང་དགོན་དུ་ལོག་ས་ཡང་མེད་པར་བཟོས་ན། ལོ་ཤས་ཤིག་ནས་རང་རེའི་དགོན་པ་འདི་ཡང་ཅི་ཞིག་ལ་འགྱུར་རྒྱུ་རེད། དོན་ངོ་མར་ཁྱེད་ཚོར་ཁོག་རྩིས་ཅི་ཞིག་ཡོད། ངས་བལྟས་ན་ཅང་མི་འགོར་བར་ཅི་ཡང་མི་འཁྱོངས་ཤིང་གང་ཡང་མི་འཇོན་པའི་ཕྱི་སྟོང་ནང་སྟོང་གི་དགོན་སྡེ་ཞིག་ཏུ་འགྱུར་ངེས་རེད། དེས་ན་འདི་ནི་ཁ་ཡོད་ལག་ཡོད་ཀྱི་དོན་གནད་གལ་ཆེན་ཞིག་ཅིས་མ་ཡིན། དེ་ཡི་ཕྱིར་ན་སྐད་ཆ་འདི་འདྲ་ཞིག་མི་བཤད་ཐབས་མེད་དང་མི་འབྲི་ཀ་མེད་ཡིན་ཏེ། རང་དགོན་གྱི་དར་རྒུད་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་རྩ་ཆེན་དང་འགངས་ཆེན་ཞིག་ཏུ་གྱུར་པས་སོ།།
བཞི། 
ད་ནི་རྒན་གཞོན་བར་གསུམ་ཚང་མས་ཐུགས་སེམས་དལ་མོས་ཞིབ་འདང་རེ་གནངས་ནས་གལ་ཆེན་དེ་གལ་ཆེན་དུ་བཟུང་ཐོག་བསམ་པ་གྲུ་ནང་མ་ཞིག་གི་སྟེང་ནས་ཐག་གཅོད་ཡག་པོ་ཞིག་བྱ་ཐབས་ལ་འབད་པ་བྱས་ན་རེད་མ་གཏོགས། ལས་སླ་མོ་ཞིག་ཏུ་གཏན་ནས་མི་འགྱུར་ཁོ་ཐག་རེད། དེ་ལྟར་བསམ་ཞིང་བསམ་ཚེ། སྔ་ཕྱི་བར་གསུམ། ཕྱི་ནང་གསང་གསུམ། རང་གཞན་རོགས་གསུམ། རྒན་དར་གཞོན་གསུམ་ཚང་མར་གསལ་ཞིང་ལྷང་ངེ་བ། མཐོང་ཞིང་ཐོས་ཐུབ་པ། བསམ་ཞིང་དཔྱོད་ནུས་པ་ཞིག་བསྒྲུབ་མ་ཐུབ་ཚེ་གནད་དོན་ཇེ་བས་ཇེ་ཆེ་དང་། འགལ་བ་ཇེ་ཐུ་ཇེ་དྲག་ཏུ་འགྲོ་བ་སོགས་ཡོད་ཚད་ནས་ཡོད་ཚད་དཀའ་ངལ་ནས་དཀའ་ངལ་ཅན་དུ་འགྱུར་ཉེན་ཧ་ཅང་ཆེ་བས། གནད་དོན་མཐིལ་ཕྱིན་པ་ཞིག་སེལ་ཐབས་ལ་ཅིས་ཀྱང་འབད་པར་འཚལ།

སྒེར་གཅོད་པའི་ཡམས་ནད།

ཡོ་གྲགས། རྔ་པ་ཀིརྟི་དགོན།

ཀིརྟི་ཚང་གི་དགོན་ཁག་རྣམས་སུ་ཤེས་ཡོན་འགན་འཛིན་ལྷན་ཚོགས་དང་། ཚོགས་འདུ་ལས་སྣེ། ཆོས་ལུགས་འཛིན་སྐྱོང་ཁང་སོགས། དབང་འཛིན་པའི་སྡེེ་ཁག་ཐུན་མོང་ལ་ཡམས་ནད་ཅིག་ཡོད་པ་ནི་རང་ཉིད་ལ་སྐྱོན་བརྗོད་དང་ལྟ་ཚུལ་མི་མཐུན་པར་སྨྲ་ཞིང་ལས་ཕྱོགས་ཐ་དད་དུ་སོང་བའམ་རང་ལས་འདང་རྒྱག་ཕྱོགས་མི་འདྲ་བ་དག རང་རང་གི་ལས་སྒོ་ནས་ཕྱི་ལ་ཕུད་གང་ཐུབ་ལ་འབད་ཀྱིན་པ་འདིས་ཅི་ཞིག་མཚོན་གྱིན་འདུག ཚང་མས་ཞིབ་འདང་ཞིག་རྒྱོབས་དང་། འགྲིག་ཐག་ཆོད་ཅིག་ཏུ་མཐོང་ངམ། ནོར་འཁྲུལ་ཞིག་ཏུ་མཐོང་གི་འདུག ངས་བལྟས་ན་དམར་ཕྱོགས་པའི་རུལ་སུངས་ཀྱིས་བསྐྱེད་པའི་འགོས་ནད་ཅིག་གམ། ཡང་ན་སོ་སོའི་རུ་ང་ཕྲག་དོག་ཅིག་ལས་ཅི་ཡང་མ་ཡིན་ལ་གང་དུ་ཡང་མི་སེམས་སོ།། དེ་ལྟ་ན་ཚང་མས་ཧ་གོ་ཆེད་གཤམ་དུ་དངོས་ཡོད་དཔེ་མཚོན་རེ་གཉིས་ཙམ་དགོད་ན་འདོད།
གཅིག
 ལོ་སྔོན་མར་སྟག་ཚང་ལྷ་མོར་དབྱར་ཆོས་འཚོགས་རྒྱུའི་གྲ་འགྲིག་གི་སྦྱོར་བའི་སྐབས་བཅའ་ཡིག་ལྟར་གདན་ས་སོ་སོའི་དབྱར་ཆོས་ལ་ཕེབས་དགོས་པའི་འཛིན་གྲྭ་རྣམ་པར་གྲོས་མོལ་བསྡུར་གསུམ་གྱིས་གྲོས་ཆོད་བྱེད་དུ་བཅུག་ཀྱང་། དངོས་གཞིའི་སྐབས་གྲོས་ཆོད་ལག་ལེན་དུ་བསྟར་མ་བཅུག་པས། དབྱར་ཆོས་དེ་གྲུབ་འབྲས་མེད་ཀྱང་རྙོོག་གྲ་ཅན་ཞིག་ཏུ་གྱུར་པ་ཚང་མས་མཁྱེན་གསལ་རེད། སྦྱོར་བ་དང་དངོས་གཞི་རྒྱབ་འགལ་དུ་སོང་བས་མཇུག་སྡུད་ནི་བཤད་རིན་དང་གླེང་རིན་མེད་པ་ཞིག་ཏུ་ཆགས་པའི་དོན་དངོས་དེར་སུ་ཡིས་སྙོན། བཅའ་ཡིག་ཏུ་ཕར་ཕྱིན་དབྱར་ཆོས་དེ་“ཚད་མའི་དགུན་ཆོས་དང་མི་འདྲ་བར་དབྱར་ཆོས་སུ་འདུས་པའི་ཕར་ཕྱིན་ལོ་རིམ་བཞི་པོ་རེ་རེའི་ནང་སྐྱོར་དཔོན་དང་སྐྱོར་དཔོན་གཞོན་པ་རེ་འཛིན་གྲྭ་སོ་སོའི་གྲྭ་མང་གིས་བདམས་པ་དེ་ཚོས་འགན་ལེན་དགོས”ཞེས་ཤིན་ཏུ་གསལ་མོད་ཀྱང་། ལས་སྣེ་ཚོས་འདིའི་ཐད་ཅི་ཞིག་སྒྲུབ་ཀྱིན་ཡོད་ཅེ་ན། ཚོ་བདུན་དུ་ཚད་མའི་དགུན་ཆོས་འཚོགས་སྐབས་གདན་ས་བཞིའི་ཤེས་འགན་ཚོགས་པའི་དབྱར་ཆོས་ལ་དངོས་ཞུགས་དགོས་པའི་འཛིན་གྲྭ་ཚོ་ལ་གོ་ཐོས་ཙམ་ཡང་མེད་པར། དགུན་ཆོས་གོ་སྒྲིག་ཚོགས་ཆུང་གིས་དབྱར་ཆོས་གོ་སྒྲིག་ཚོགས་ཆུང་གི་འགན་ཁུར་དགོས་པའི་གྲོས་ཐག་བཅད་ནས་ང་ཚོ་ལ་ཁྱབ་བསྒྲགས་བྱས་ཤིང་། སྐབས་དེར་གདན་ས་བཞིའི་དགུན་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཚོར་དང་ལེན་བྱེད་མི་བྱེད་ཀྱི་རིགས་གཉིས་བྱུང་བར་བརྟེན་ང་ཚོའི་ཚོགས་ཆུང་གིས་ངོས་ནས་འགན་མི་ཐེག་པའི་རྒྱུ་མཚན་ཡར་ཞུ་དང་འབྲེལ་ཚོགས་ཆུང་རང་ཐད་ནས་གནང་བ་ཡང་ཞུས་ཤིང་། དེ་བཞིན་དབྱར་ཆོས་གོ་སྒྲིག་ནི་བཅའ་ཡིག་ཏུ་གསལ་བ་ལྟར་སྐབས་བབས་འཛིན་གྲྭ་སོ་སོས་བྱས་ན་འགྲིག་ཐག་ཆོད་ཡིན་པའི་རྒྱུ་མཚན་དང་འདོད་འདུན་ཡང་བཤད་པ་ཡིན། 
 ཡིན་ཡང་དུས་སྐབས་དེར་ཤེས་འགན་ཚོགས་པས་ང་ཚོས་གྲོས་བསྡུར་བྱེད་ཟེར་བ་ཙམ་ལས་དངོས་ལན་མེད་ཀྱང་། ཕྱིས་སུ་ཡང་ང་ཚོར་ཨ་ལན་ཅི་ཡང་མེད་པར་བལྟས་ན། ད་ལོ་ནས་བཟུང་དབྱར་ཆོས་གོ་སྒྲིག་གི་འགན་འཛིན་གྲྭ་དག་གིས་ཁུར་མི་དགོས་པའི་ཐོག་ཏུ་བཞག་ཡོད་པར་གདོན་མི་ཟ་འོ།། འདི་ཡང་དབང་འཛིན་པས་རང་དང་མི་མཐུན་པ་གང་ཞིག་ལས་སྒོ་ནས་ཕུད་པའི་སྦྱོར་བ་རྩོམ་སྟངས་ཤིག་གི་དཔེ་མཚོན་ཅི་ལ་མིན།
གཉིས།
 དེ་ལྟ་བུའི་བྱེད་ཐབས་མང་པོ་རིམ་པར་འབྱུང་གིན་པ་ནི། རང་དགོན་དུ་ཕྱོགས་ནས་དགེ་རྒན་གདན་འདྲེན་ཞུ་མིར་དགེ་འདུན་དང་། དཔལ་ཁོ་སོགས་ཤེས་འགན་ཚོགས་པས་བསྐོ་བཞག་བྱས་ནས་ལོ་སྔོན་མར་དགེ་རྒན་རེ་གཉིས་གླིང་འདིར་བྱོན་ཐུབ་པ་ཙམ་བྱུང་བ་ཡང་། ཁོང་གཉིས་ཀྱིས་འབད་འབུངས་ཀྱི་དྲིན་དུ་ངེས་ཤིང་། དེར་དྲིན་ལན་ལོག་འཇལ་ཞིག་གི་ཚབ་དུ། ད་ལོ་ཚོགས་འདུ་རྒྱས་པ་ཟེར་བ་དེའི་སྐབས་རྒྱུ་མཚན་དང་གསལ་བཤད་ཅི་ཡང་མེད་པར་དགེ་རྒན་གདན་འདྲེན་ཞུ་མི་ལས་ཁོང་གཉིས་བརྗེ་སྤོར་བྱས་ཏེ། དགེ་རྒན་བསུ་རྒྱུའི་འགན་ཡོངས་རྫོགས་ཆོས་ལུགས་ཁང་ལ་སྤྲད་པ་འདི་གོང་གི་དཔེ་དང་གཅིག་མཚུངས་སུ་མ་ངེས་སམ། ལྷག་པར་ཁོང་གཉིས་ཀྱིས་ཡར་ལ་གནང་བ་ཞུ་མ་མྱོང་ཞིང་། བརྗེ་སྤོར་དགོས་པའི་རྒྱུ་མཚན་ཡང་འདྲེན་རྒྱུ་མེད། མདོར་ན་ཁོང་གཉིས་ཀར་གོ་ཐོས་ཙམ་ཡང་མེད་པར་བརྗེ་དགོས་དོན་གང་ཡིན་ནམ། འདི་ནས་མངོན་ལྐོག་མི་མཚུངས་པའི་ལས་ཀ་ཞིག་ལྷང་ལ་འབུད་རྒྱུ་ཡོད་ཁོ་ཐག་རེད། འདི་ལྟ་བུའི་ལས་ཀ་སྒྲུབ་སྟངས་ཕྱོགས་རེ་བ་ཧ་ཅང་མང་པོ་ཡོད་ནའང་ཐེངས་འདིར་དེ་ཙམ་ལས་རྐྱེན་དབང་གིས་འབྲི་ཁོམ་མ་སོང་ཡང་རྗེས་སོར་རིམ་གྱིས་འབྲི་འདུན་ཡོད་ལ་འབྲི་ཤག་ཀྱང་ཡིན། 
 མདོར་རྩ་བོད་ཀྱི་ཁ་དཔེར། “ཅི་བཤད་ལ་མ་ཉན། ཅི་ལས་ལ་ལྟོས་”ཞེས་པ་ལྟར་ག་ལེར་ག་ལེར་ལྟོས་དང་བཟང་ངན་གང་ཡིན་མི་འགྱང་བར་ལྷང་ལ་འབུད་ངེས་ཡིན།

༡༡/༤/༢༠༡༤ ཡོ་གྲགས་ཀྱིས།

བདག་གི་སེམས་སྒྲ།
དགའ་བརྩོན། རྔ་པ་ཀིརྟི་དགོན།

དང་པོ།
 
དེ་རིང་ཡང་སྐད་ངན་ཞིག་གོ་སོང་། དེ་ནི་ཀིར་དགོན་གྱི་ཚོགས་འདུས་གྲྭ་པ་སློབ་གཉེར་བ་དཀྱུས་མ་གསུམ་གནས་དབྱུང་བཏང་བ་དང་། གཞན་གྲྭ་པ་མང་དག་གཅིག་གིས་གནས་དབྱུང་གི་མིང་ལ་སྐྲག་ནས་གྲྭ་པ་མིན་ཟེར་བ་དང་། ད་དུང་དགོན་པ་གཞན་དང་གཞན་གྱི་ཡིན་རབས་ལས། ཀིར་དགོན་གྱིས་སློབ་གཉེར་བ་མང་པོ་ཞིག་ལ་དཀའ་ངལ་དང་སུན་བཙིར་བྱས་འདུག དགོན་པར་འཛིན་སྐྱོང་ཡག་པོ་མ་བྱས་ཚར་ཐལ། ཁོ་བ་ཚོ་ལྟར་ན་བསྟན་པ་ལ་དག་ཐེར་ཡིན་ཁུར་རེད། བསྟན་པར་དག་ཐེར་བྱས་པ་ཡིན་ན། དགོན་པ་འདི་འདུལ་དགོན་ཞིག་ཡིན་སྟབས་འདུལ་བ་དང་མཐུན་མིན་གྱིས་སྒོ་ནས། དགོན་པ་འདིར་འདུག་ཆོད་མིན་གྱི་ས་མཚམས་བཟོས་ན་འགྲིག་མོད། རྐུན་མ་ཡིན་པ་རླུང་ལྟར་གྲགས་ཡོད་པ་དེ་དག་ཀྱང་ད་ལྟར་སློབ་གཉེར་པ་ཚོ་གནས་དབྱུང་གཏོང་མཁན་གྱི་གྲས་སུ་ཁ་མར་འཁོར་ནས་སྒྲོ་ཉམས་བསྟན་ཡོད་པ་འདི་ལ་གཞིགས་ན། ཁྱེད་རྣམ་པར་ཅི་ཁག་རྩ་བཞི་གང་རུང་གིས་གོས་ཀྱང་དགོན་པའི་ནང་དུ་འཚང་ཁ་བརྒྱབ་ཏེ་སྡོད་མཁན་དེ་དག་གི་རྒྱབ་རྟེན་དཔུང་གཉེན་བཙན་པ་དང་། ཁྱེད་རྣམ་དང་ལྟ་སྤྱོད་མཐུན་སོང་བའི་དབང་གིས། རྒྱབ་རྩ་དང་དཔུང་གཉེན་གཉོམ་སུའི་དགོན་པ་ཞིག་གི་མ་འོངས་པའི་རེ་འབྲས་ཀྱི་སོན་རྩར་གྱུར་པའི། ལོ་ཆུང་སློབ་གཉེར་པ་དཀྱུས་མ་དག་གི་མགོར་བབས་སོང་བ་རེད། མི་སྐད་མི་གོ་བའི་དབང་འཛིན་པ་དག་ལ་བཤད་ན་མི་འདོད་ཀི་ཡ། ད་ཆད་ནི་ཡིན། ཨ་ཤཱི་ཤཱི ད་དེ་ལས།
 གཉིས་པ།
ཆུང་དུས་ཉོམ་ལག་རྒྱས་སུའི་ཕ་ཡུལ། གང་དུ་ཕྱིན་ཀྱང་སེམས་ཀྱི་ཕ་ས་སྨུག་པོ། ཕ་མེས་ཀྱི་གཞིས་ཁྱིམ་དྲོན་པོ། འཚོ་བཅུད་གཡང་དུ་འགུགས་པའི་ཁྱེད་རང་ཚོའི་ཕ་ཡུལ་ན། འཚོ་སྡོད་གཞིས་ཆགས་ཀྱི་ཕ་མ་དང་གཉེན་ཉེ། ད་དུང་ཁྱེད་རང་ཚོ་དང་ཆ་ཡོད་རྒྱུས་ཡོད་ཀྱི་གྲོགས་པོ་མང་པོ་མང་པོ་དང་། ཡུལ་དེ་གའི་མི་མང་པོ་ཞིག་གི་སེམས་སུ། གདོན་རྫས་སྡིགས་ཉེས་རྭ་ཅན་དུ་སྣང་བའི་རྒྱང་བཞུད་སློབ་གཉེར་བ་རྣམས། ཁྱེད་ཅག་བློ་མ་ཕམ། ཡིད་མ་སྐྱོ། ཁྱེད་ཅག་གི་སྐྱོ་བ་ནི་གཟི་བརྗིད་རེད། དྭངས་གཙང་གི་ཁྱེད་ཅག དྲང་བདེན་གྱི་ཁྱེད་ཅག ཉེས་པས་མ་སྒྲིབ་པའི་ཁྱེད་ཅག དངོས་ཐོག་བདེན་འཚོལ་གྱི་ཁྱེད་ཅག ངའི་སྐད་ཆ་དངོས་གནས་དྲང་གནས་ཡིན། ཁྱེད་ཅག་དགོན་པ་ཞིག་གིས་གནས་དབྱུང་གཏོང་དགོས་པའི་རྒྱུ་མཚན་དང་ཆ་རྐྱེན་གང་ཡང་མི་འདུག གོང་ནས་ཞུས་པ་ལྟར་ཡིན། འདུལ་དགོན་ཞིག་ལ་ཆ་མཚོན་ན། དེ་རུ་གནས་ཆོག་མིན་གྱི་ཆ་རྐྱེན་ནི། རྩ་བ་བཞི་དང་འགལ་ཡོད་མེད་རེད། དཔེར་ན། ཁྱེད་ཅག་དགོན་པ་ཞིག་གི་ཆབ་རིས་ཡིན་པའི་དབང་དུ་བཏང་ན། ཁྱེད་ཅག་གི་ལག་ཏུ་དགོན་པ་་གང་དེའི་འདུ་ཁང་གི་ལྡེ་མིག་ཡོད་མོད། མི་གཅིག་ཀྱང་མེད་སྐབས་མཆོད་གྲལ་ལས་སྒོར་མོ་རུམ་ཤལ་བྱས་པ་ཡིན་ན་ཅི་ཁག ཁྱེད་ཅག་གིས་གྲྭ་ཆུང་དག་གི་བཤང་ལམ་དུ་མི་ཚངས་པ་སྤྱད་པ་ཡིན་ན་ཅི་ཁག ཁྱེད་ཅག་ནི་སྨད་ཚོང་ཁང་དུ་ཕྱིན་ནས་བུད་མེད་ཀྱི་མཚན་མ་ལ་མི་ཚངས་པ་སྤྱད་པ་ཡིན་ན་ཅི་ཁག ཁྱེད་ཅག་ནི་ས་ལམ་གྱི་ཡོན་ཏན་གང་ཡང་མེད་ཀྱང་། མང་ཚོགས་ཀྱི་ཁྲོད་ལྷ་མཐོང་འདྲེ་མཐོང་གིས་རྙེད་པ་འཚོལ་མཁན་ཡིན་ན་ཅི་ཁག ཁྱེད་ཅག་ནི་རང་ལ་དད་པ་དང་དག་སྣང་ཡོད་པའི་སློབ་ཚོགས་ཁྲོད་རྙེད་པ་དང་བཀུར་སྟིའི་ཕྱིར་བྱང་སེམས་དང་དགྲ་བཅོམ་ཡིན་པ་ཁས་འཆེ་བའི་ཁྲམ་པ་བཤད་མཁན་ཡིན་ན་ཅི་ཁག་མོད། དེ་དང་དེ་འདྲ་བའི་རྩ་བ་བཞིའི་མཐོང་ཐོས་དོགས་གསུམ་མེད་པའི་གྲྭ་གཞོན་སློབ་གཉེན་པ་རྣམས་ནི། འདི་བཞིན་དུ་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་རྒྱུན་བསྐྱང་བ་ཡིན་ན་དགོན་པ་ཞིག་གི་གཞི་རྟེན་དང་། སྟོན་པ་ཞིག་གི་སྐུ་ཚབ་ཏུ་དབང་བསྐུར་འོས་པའི་དུས་ཤིག་ཡོད་སྲིད་དོ།།

2014/4/18ཉིན

རྩོམ་ཐུང་འདི་ཐོལ་བྱུང་དུ་བྲིས་པས་ཡིག་སྐྱོན་སོགས་ཆད་ལྷག་ཅི་མཆིས། ཀློག་པ་པོ་དག་ལ་དགོངས་དག་ཞུའོ།།

གང་ལའང་འགྲོ་དགོས།

སྦྲ་འཕྲིན། {རྔ་པ་ཀིརྟི་དགོན}

ད་ལྟ་རང་གཞན་གཉིས་ཀའི་ཆེད་དུ་བསམ་བློ་ཞིག་བཏང་ན་ཡིད་ཕམ་པ་དང་སྙིང་འཚུབ་པ་ཞིག་གིས་བག་ཕེབས་པ་དང་བློ་བདེ་བོ་ཞིག་གཏན་ནས་མི་ཡོང་གི
 རྒྱུ་མཚན་འདས་པ་དང་ད་ལྟའི་སྐབས་འདིར་གླིང་འདི་ནས་ཆོས་ཤེས་མཁན་རིག་གནས་ལ་གོམས་འདྲེས་བཟང་བ་ད་དུང་རྒྱུ་འབྲས་དྲང་བདེན་གནས་ལུགས་སོགས་ཏེ་མདོར་ན་ཡོངས་ཁྱབ་ལྟ་བར་མིག་རྒྱ་ཡངས་པ། རང་དབང་འདྲ་མཉམ་ཡ་རབས་གུ་ཡངས་བསམ་དཀར་རྒྱུད་འཇམ་གཞན་ལ་གནོད་འཚེ་གང་ཐུབ་ཀྱིས་སྤོང་མཁན་ཏེ་དྲན་དང་ཤེས་བཞིན་འདང་རྒྱག་མཁན་རྣམས་རིམ་བཞིན་ཇེ་ཉུང་ཇེ་ཉུང་ལ་གཏོང་ཚུལ་འདི་ལ་དཔག་ན་མ་འོངས་པར་རང་ཉིད་དང་རང་ཉིད་འདྲ་བ་དག་ཀྱང་རྒྱུ་འབྲས་དྲང་བདེན་གྱི་ལམ་ཁ་ཞིག་ལ་འབུད་ཐུབ་པའི་དབང་དུ་བཏང་ན་ཉེན་ཚབ་འདི་བརྒྱུད་དགོ་རྒྱུ་རེད་སྙམ་དུ་བརྟབ་བརྟབ་པོར་བྱེད་འོང་། གང་ལྟར་ལས་རྒྱུ་འབྲས་དང་དྲང་བདེན་གནས་ལུགས་ལས་བརྩི་རྒྱུ་གཞན་ཞིག་འཚོལ་བ་འདི། ལྕང་སྐྱ་རོལ་བའི་རྡོ་རྗེས། སྣང་བ་ལང་ལོང་འདི་རང་སོར་བཞག་ནས། འགོག་རྒྱུ་རྭ་ཅན་ཞིག་འཚོལ་བར་འདུག་གོ ཟེར་བ་དང་རྣམ་པ་ཀུན་ཏུ་ཆོས་ཅན་མི་གཅིག་པ་ཙམ་ལས་མཚུངས་པར་སེམས། བླ་མ་དམ་པ་རྣམས་ཀྱང་དོན་འདི་ལ་ཐུགས་དགྱེས་པོ་ཡོང་བ་ལས་སྣོག་རྐྱང་དང་བཤིག་རྐྱང་ལ་དགའ་བའི་བླ་མ་ནི་བླ་མ་ལྟར་སྣང་བ་རེད་སྙམ། དེ་ཕྱིར་མི་གཅིག་གཉིས་ཤིག་གི་དགོངས་ཚུལ་དང་མ་འདྲ་བ་ཙམ་གྱིས་འཕུད་ཅི་ཐུབ་བྱེད་པ་འདི་མ་འོངས་ཀིརྟི་ཚང་གི་གྱོང་རེད་དམ་ཁེ་རེད། ཚང་མས་རང་དཔེ་གཞན་ལ་བསྐོར་གཞན་དཔེ་རང་ལ་བསྐོར་ཏེ་ཐུགས་འདང་གནང་རྒྱུ་འདི་གལ་ཆེན་པོ་ཞིག་མ་རེད་དམ།
 ཞུ་སྙིང་དཀའ་སྡུག་གང་ལའང་གདོང་གཏུགས་པའི་སློབ་གཉེར་བ་དང་རང་ལྟ་ལ་བརྟེན་ནས་གཞན་ལ་ངལ་བ་དང་སུན་པོ་མི་བཟོ་མཁན་འཛམ་གླིང་ཞི་བདེ་ཡི་ལམ་དུ་དོན་གྱིས་བསྙེག་པ་རྣམས་ནི་ནམ་དུ་ཡང་རྗེས་སུ་ཡི་རངས་གི་གནས་སུ་འཇོག་པར་བྱེད་པ་འདི་ཆོས་ཉིད་ཀྱིས་སྤྲད་པའི་འགན་ཁྲི་དང་པོའང་ག་ལ་མིན་ནོ།

རེ་ཞུ་གསུམ།

དར་ཆུང་། རྔ་པ་ཀིརྟི་དགོན།

རང་དགོན་གྱི་སྔར་ལོའི"གྱོད་ཉལ་དོན་རྐྱེན"དང་། དེ་ཐག་གཅོད་བྱེད་པའི་སྐབས་སོགས་སུ། དྲང་བདེན་མིན་པའི་ལས་ཀ་སྒྲུབ་ཕྱོགས་མང་པོ་ཞིག་གིས། གྲྭ་མང་གི་སེམས་ལ་ན་ཟུག་དང་། གདུང་སེམས་སྐྱེ་རུ་བཅུག་ཡོད་ལ། ད་སྐབས་ཀྱང་། དེ་མཐུན་གྱི་ལས་ཀ་མང་པོ་ཞིག་སྒྲུབ་ཀྱིན་པས་ནི། རང་དགོན་འདི་རྒུད་པ་ནས་རྒུད་པ་དང་། ཉམས་པ་ནས་འཐོར་བའི་རྐྱེན་དུ་འགྲོ་བཞིན་པ་གོར་མ་ཆག་པས། རྔ་པ་ཀིར་དགོན་གྱི་ཤེས་འགན་ཚོགས་པས་གཙོས་དབང་འཛིན་པ་རྣམས་ཀྱི་སར། ཕྲན་བུས་འདི་ནས་རེ་ཞུ་དང་འབྲེལ། ལྟ་ཚུལ་ཉུང་ཙམ་སྨྲ་རྒྱུ་ཡིན།
གཅིག ད་ལོར་ལས་སྣེ་བསྐོ་བཞག་བྱེད་སྟངས་སོགས་ཀྱིས་མཚོན། ལས་ཀ་མང་པོ་ཞིག་གི་ཐད་རང་དགོན་གྱི་རང་འཛིན་ཚོས་དགོས་མེད་ཀྱི་སྒེར་གཅོད་བྱེད་ཐལ་ཆེ་བས། རང་དགོན་གྱི་ནང་ཁུལ་ལ་འགལ་བ་ཇེ་ཆེ་དང་། སློབ་སྦྱོང་ལ་བར་ཆད་བཟོས་པ་སོགས་ཉོག་དྲ་མི་ཉུང་བ་ཞིག་བསྐྱེད་པ་མངོན་སུམ་དུ་ཤར་བ་འདི་ལགས་ན། ད་ནི་ལམ་ནོར་ལྡོག་ཤེས་ཀྱིས། རང་དགོན་གྱི་བྱ་བ་གནད་འགག་ཅན་གང་གི་སྐབས་སུ་ཡང་། འཐུས་མི་བསྡུ་འགུག་བྱེད་རྒྱུ་དང་། འཐུས་མི་བརྒྱུད་ནས་གྲྭ་མང་གི་བསམ་འཆར་ལ་ཉན་རྒྱུ། མཐར་མང་མོས་ཐག་གཅོད་ཀྱི་ཐབས་ལམ་བསྟེན་ནས། ཕྱི་གསལ་ནང་གསལ་བྱེད་རྒྱུ་སོགས་བྱེད་པའི་རེ་བ་ཤིན་ཏུ་ཆེ་སྟེ། དགོན་པ་འདི་མི་ཁ་ཤས་ཀྱི་ཁྱིམ་ཚང་ཡིན་པའི་འདུ་ཤེས་ཁྱེར་ནས་བྱ་བ་བསྒྲུབས་ན། རྒུད་པ་སྣ་དགུ་གཡང་དུ་མི་འཁོར་བའི་ངེས་པ་ཁྱོན་ནས་མེད་པར་སྙམ།
གཉིས། གོ་ཐོས་ལྟར་ན། ད་ལོ་ནས་བཟུང་། དབང་འཛིན་སྒེར་གཅོད་པ་འགའ་རེས། ཁོ་ཚོའི་ཞེར་མི་འབབ་པའི་ལྟ་ཚུལ་འདོན་མཁན་གྱི་སློབ་གཉེར་བ་རྣམས"གཙང་སེལ"བྱེད་འཆར་འདིང་གི་ཡོད་ཚོད་འདུག་པས། རང་དང་ལྟ་བ་མི་མཐུན་པ་ཙམ་གྱིས། གྲྭ་རྐྱང་སློབ་གཉེར་པ་རྣམས་དགོན་པ་ནས་གནས་དབྱུང་གཏོང་རྒྱུའི་འཆར་གཞི་འདིང་གིན་པ་དེ། མྱུར་དུ་མཚམས་འཇོག་རྒྱུའི་རེ་བ་ཆེ། 

 གསུམ། དགོན་པས་ཁྲིམས་ལྟར་ཉེས་ཆད་གཅོད་སྐབས་ནམ་ཡིན་རུང་། རིས་སུ་ཆད་པ་ཞིག་མ་ཡིན་པར། ཚང་མ་འདྲ་མཉམ་གྱིས་དྲང་པོ་དྲང་བཞག་གི་ལམ་དུ་འགྲོ་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཏེ། མི་རེ་རེའི་སྟེང་ན་སྒྲིག་མི་འདྲ་བ་རེ་རེ་ཡོད་པའི"སྲོལ"དེ་བསྐྱངས་བསྡད་ན། སུ་ཞིག་གིས་སེམས་གཏིང་ནས་སྒྲིག་ཅིག་ཁུར་འདོད་དམ། 
 
 
 གལ་ཏེ་ཁྱེད་དབང་འཛིན་དག་གིས་དངོས་ཡོད་ལ་བསམ་གཞིག་གནང་ནས་ལམ་ནོར་ལྡོག་ཤེས་མ་བྱས་པར། ད་རུང་མུ་མཐུད་དུ་ཕུ་དཀྲུགས་མདའ་དཀྲུགས་དང་། དོན་དངོས་འཁྱོག་བཤད་ཀྱིས། "རིག་གསར"གྱི་སྐབས་ལྟར། གྲྭ་པ་ཚོའི་ཤག་གི་ཁ་བརྡ་ཚུན་ཆད་དང་། སྐད་འཕྲིན་སྟེང་གི་སྦྱར་བྱང་ཐུང་ངུ་རེ་ཡན་ཆད་ལ་ཞིབ་གཤེར་རྩད་གཅོད་ཀྱིས། གནས་དབྱུང་གཏོང་རྒྱུའི་མི་རེ་མ་རྙེད་པར་བྲེལ་འདུག་པ་ལྟ་བུའི་ལས་འདིའི་མཇུག་བསྐྱངས་བསྡད་ན། རང་དགོན་ལ་ཆག་སྒོ་ཆེན་པོ་འབྱུང་བ་གདོན་མི་ཟའོ། ། 
 དེ་བཞིན་གྲྭ་པ་སློབ་གཉེར་པ་ཚོས་བདེན་པ་ལ་ཕུགས་གཏད། རྒྱུ་མཚན་དཔང་ལ་བཅོལ་ནས། དགོན་པའི་མདུན་ལམ་ཆེད་དྲན་ཚུལ་གསོང་བོར་སྨྲས་ཤིང་སྨྲ་བཞིན་པ་ལའང་། དྲང་པོ་དོན་མཐུན་གྱི་སྒོ་ནས་བདག་པོ་རྒྱག་རྒྱུ་བསྐྱུར་ནས། ད་དུང་ལྟ་ལོག་པ་དང་། དམ་ཉམས་སོགས་ཟེར་ཏེ་དམོད་ཅིང་སྡང་ཅི་ཐུབ་ལ་འབད་ན། རང་དགོན་ལ་དེ་ལས་ཐུ་བའི་གནོད་སྐྱེལ་ཚུལ་ཞིག་དང་། གཏོར་རླག་བྱེད་ཚུལ་ཞིག ཡར་རྒྱས་ཀྱི་བཀག་རྡོ་ཞིག་གཞར་ཡང་མི་དམིགས་པས། ཁྱེད་རྣམ་པས་ཀྱང་། ད་ནི་གང་འདོད་འདོད་དུ་སྒེར་གཅོད་བྱེད་རྒྱུ་མཚམས་བཞག་སྟེ། དགོན་པའི་ངེས་དོན་གྱི་མདུན་ལམ་ལ་མིག་ཕྱེས་ནས་བལྟ་རྒྱུ་དང་། དགོན་པའི་ལས་དོན་ཕྲ་རགས་ཐམས་ཅད། རང་ཁོ་ནའི་ཆགས་ཞེན་གྱི་དབང་དུ་མི་འགྲོ་བར། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་འགན་ཁུར་བའི་སྒོ་ནས་བསྒྲུབ་རྒྱུ་གལ་ཆེ། 
 གལ་ཏེ་ད་རུང་དབང་ཤུགས་ཁོ་ན་ཚད་དེ། འདྲ་མཉམ་མིན་པའི་ལས་ཀ་བྱེད་ཕྱོགས་དེའི་རྒྱུན་སྔར་བཞིན་ལག་བསྟར་གནང་རྒྱུ་ཡིན་ན། ནམ་ནམ་ཞར་ཞར་དུ་ངོ་རྒོལ་དང་། དགག་པ་རྒྱུན་མི་ཆད་ལ། ནམ་ཞིག ལོ་རྒྱུས་ཀྱིས་ཀྱང་ཁྱེད་ཅག"ཉེས་ཅན"དུ་མི་བརྩིའམ། རྒྱུ་འབྲས་ཀྱིས་ཀྱང་ཁྱེད་ཅག་གུ་ཡང་དུ་གཏོང་སྲིད་དམ།
 ལྷག་དོན། ལ་ལས། ཤ་ཚ་མདོག་གིས་ནང་ལ་དགག་པ་རྒྱག་མི་རིགས་ཞེས་བཤད་ཀྱིན་འདུག་ནའང་། ངེད་ཅག་གིས་རང་དགོན་གྱི་དབང་འཛིན་པ་ལ་སྐྱོན་བརྗོད་བྱེད་དོན། རང་གི་དགོན་པ་ལེགས་ལམ་དུ་འགྲོ་བའི་ཆེད་ཡིན་གྱི་གཞན་གང་ཡང་མིན་པས། རང་གིས་རང་ལ་ཤ་ཚ་བའི་གཏམ་ཡང་སྨྲ་མི་ཆོག་ཟེར་མཁན་ཚོས་ཡང་སྙིང་ལམ་གང་འདྲ་ཞིག་ཏུ་འཁྲིད་རྩིས་ཡིན་ནམ། 
 ང་ཚོས་རང་སྟེང་ནས་མགོ་བཟུང་སྟེ། རྒུད་པ་ནས་རྒུད་པའི་ལམ་དུ་འགྲོ་རྒྱུ་ཡིན་ན། གཞན་ལ་ཁ་འཁོར་ཏེ་ཅི་ཞིག་རྩོད་རུང་། ཅི་ཞིག་དགག་རུང་སྙིང་པོ་ཏིལ་ཙམ་མེད་དེ། འཆི་ལམ་རང་གིས་བདམས་ནས། གསོན་པའི་རེ་བ་གཞན་ལ་བརྒྱབ་པར་དགོས་པ་ཅི་ཞིག་ཡོད་དམ། དེའི་ཕྱིར་རང་ས་ནས་གོམ་པ་བརྟན་པོས་འཕེལ་རྒྱས་ཀྱི་ལམ་རྣམ་དག་ཅིག་འཚོལ་རྒྱུ་ལས་གལ་ཆེ་བ་ཞིག་གང་ན་ཡོད་ཨང་། 
 སྤྱིར་བཏང་། རེ་ཞུ་ཡོད་ཚེ་ཐད་ཀར་ཕུལ་ན་བདེ་མོད། རང་དགོན་དུ་དེ་འདྲའི་ལུགས་མཐུན་གྱི་ལམ་ཁ་རྣམས་རྦད་དེ་བཅད་ཟིན་པ་དང་། ད་ལྟའི་ཀིར་དགོན་གྱི་དབང་འཛིན་རྣམ་པས། དྲ་རྩོམ་ལྷེབ་མ་གཅིག་ཡན་ལའང་ཞིབ་གཤེར་དང་། སྟངས་འཛིན་གནང་གི་ཡོད་སྐད་ཐོས་པས། འདི་རུ་བྲིས་ན་ཡང་ཁོང་རྣམ་པའི་སྤྱན་ལམ་དུ་འགྲོ་ཤག་ཤག་ཏུ་འདུག་པས་དེ་ལྟར་སྦྱར་རོ། །

༧ རྔ་ཡུལ་ཀིརྟི་དགོན་པའི་ལས་སྣེ་ལྷན་རྒྱས་དང་། ཆོས་ལུགས་དོ་དམ་ཁང་། ཤེས་ཡོན་འགན་འཛིན་ལྷན་ཚོགས་བཅས་ལ།

དར་ཆུང་། རྔ་པ་ཀིརྟི་དགོན།

འབུམ་སྟེང་དགོན། ལབ་དགོན། རྫ་དབོན་པོ་དགོན། བླ་རུང་ཆོས་སྒར། རྒྱལ་རོང་ཚོ་བདུན་དགོན་སོགས་ན་ཡོད་པའི་ཀིརྟི་དགོན་པའི་གྲྭ་རྒྱུན་སློབ་གཉེར་པ་རྣམས་ཀྱི་ཆེད་དུ་ཞུ་འབྲས། 


 ད་སྐབས་ཕ་ཡུལ་ནས་དགོན་པའི་ལས་སྣེ་ཚོས། ཕྱོགས་ཕེབས་སློབ་གཉེར་པ་ཚོ། ཉིན་བདུན་གྱི་རིང་ལ་ཕྱིར་མ་ཐོན་ན། དགོན་ཁོངས་ནས་འཕུད་མི་འཕུད་ཀྱི་ཉེན་བརྡ་འཇིགས་རུང་ཞིག་སྤྲད་སོང་ཞེས་འཛིན་གྲྭའི་སྐྱོར་དཔོན་སོགས་ཀྱིས་བརྡ་རྒྱག་གི་འདུག དགོན་གཞུང་གིས་གནས་ལུགས་དང་འགལ་བའི་ཐག་བཅད་དེ་འདྲ་བྱས་པ་གོ་དུས། ཕྲན་བུ་ཧ་ལས། ཧོན་འཐོར་བ་མ་ཟད། ཕྱོགས་ཕེབས་སློབ་གཉེར་པ་ཚོས་ནང་སྔ་ནུབ་འཕྱི་དང་། སྡུག་རུས་ཆེན་པོས་སློབ་སྦྱོང་ཧ་ལས་པ་གནང་བཞིན་པ་འདིའི་འཕྲོ་བཙན་གྱིས་གཅོད་རྒྱུ་ཡིན་ན། ཕངས་སེམས་དང་ན་ཟུག་གིས་མ་བཟོད་པར་ཡི་གེ་འདི་ཕུལ་བ་ཡིན། 
 ད་སྐབས། ཕྱིར་ཕེབས་སློབ་གཉེར་པ་ཚོ་རང་དགོན་དུ་བསྡད་ཚེ། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས། སློབ་གཉེར་ཡག་པོ་བྱེད་མི་ཐུབ་ཀྱང་དེའི་རྒྱུ་རྐྱེན་སོགས་དེ་རིང་མི་གླེང་། ད་ལྟ་ཕྱི་ཡུལ་དུ་འགྲིམ་ནས་ཆོས་སྡེ་གཞན་དུ་ལྟོ་སྐྱ་གོས་ཧྲིལ་གྱིས་སློབ་གཉེར་ལ་འབད་འབུངས་ཆེན་པོ་གནང་བཞིན་འདུག་ལ། བདེན་དང་མི་བདེན་ཁྱེད་ཚོས་དྲིས་ན་ཤེས། 
 དགོན་པ་གཞན་དུ་སློབ་གཉེར་ལ་འགྲོ་བ་ནི། འཇམ་མགོན་བླ་མ་སོགས་སྔ་རབས་སྐྱེས་བུ་དམ་པ་རྣམས་ཀྱིས་གནའ་ནས་ད་བར་བརྒྱུད་པའི་ཕྱག་སྲོལ་ཡིན་པས་མི་ཚད། རང་དགོན་ཀིརྟི་དགོན་པས་ཀྱང་། ཀིརྟི་སང་གི་གསུང་འཕྲིན་སྔ་ཕྱི་མང་པོའི་ནང་དུ། དགོན་སྡེ་གཞན་ནས་ཚུར་ལ་སློབ་གཉེར་དུ་ཡོང་ན་བྱ་བ་ཕུན་སུམ་ཚོགས་པའི་གྲས་སུ་བཞག་སྟེ། དགའ་བསུ་ཞུ་ཡི་ཡོད་རེད། དེས་ན། རང་དགོན་ལ་ཚུར་སློབ་གཉེར་བྱེད་དུ་གཞན་ནས་ཡོང་ན། བྱ་བཟང་དོན་བཟང་ཞིག་ཏུ་བརྩི་བཞིན་དུ། དགོན་གནས་གཞན་དུ་ཕར་ལ་སོང་ནས་ཚད་མ་དང་། ཕར་ཕྱིན་སོགས་གཞུང་ཆེན་མོར་སྦྱངས་ན་གནས་དབྱུང་གཏོང་བ་སོགས་ཀྱི་ཆད་ལས་ངན་པ་བཅད་ན། དེ་ལ་རྒྱུ་མཚན་ཨེ་འདུག་སོམས། ད་དུང་། དེ་ལྟར་བྱས་ན། དགོན་སྡེ་ནང་ཕན་ཚུན་གྱི་མཐུན་ལམ་ལ་ཡང་གས་ཆག་ཇི་ལྟར་ཤོར་གྱི་རེད། ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་རེད། 
 ད་དུང་། རང་དགོན་ནས། ཕམ་པ་བྱུང་བ་ལྟ་བུ་དང་། སྤྱོད་ངན་ཞབས་འདྲེན་གྱི་རིགས་གང་མང་ཞིག་མྱི་སར་བཞག་ནས་ཆེན་པོར་བརྩིས་ཏེ་བཞག་ཡོད་མོད། སློབ་གཉེར་པ་དཀྱུས་མ་འདི་དག་དབེན་པའི་གནས་ལ་སོང་ནས། མདོ་སྔགས་ཀྱི་ཆོས་ལ་བསླབ་པ་རེད་ཅེས་གནས་དབྱུང་བཏང་ན་དགོན་པའི་མཚན་ཤས་ལ་གནོད་པ་ཡོད་མེད་དགོངས་རོགས། 
 ༧རྒྱལ་མཆོག་ཡིད་བཞིན་ནོར་བུའི་ཞལ་ནས་ཀྱང་། ད་ལྟའི་དུས་འདིར། ཐོས་བསམ་སློབ་གཉེར་གྱི་སྒོ་ནས་བསྟན་པ་འཛིན་དགོས་པའི་བཀའ་གསུང་བསྟུད་མར་གནང་བཞིན་པའི་སྐབས་འདིར། ང་ཚོས་དེ་ལས་ལྡོག་སྟེ། དབུ་ཚད་ཕར་ཕྱིན་གྱི་གཞུང་ཆེན་རྣམས་ལ་སློབ་གཉེར་གཤའ་མ་གནང་བཞིན་པའི་སློབ་གཉེར་པ་ཚོ། གདོན་དུ་བརྩིས་ཏེ་འཕུད་ཐབས་བྱས་ན་བསྟན་པ་སྤྱི་བྱེ་ཀུན་ལ་གནོད་ཚབས་ཇི་འདྲ་ཆེ་བ་བསམ་བློ་ཐོངས་དང་། 
 དབང་འཛིན་ཁྱེད་ཚོར། ཉེས་པ་ཏིལ་ཙམ་མེད་པའི་སློབ་གཉེར་པ་འདི་འདྲ་ཞིག་གནས་དབྱུང་གཏོང་རྒྱུའི་དབང་ཆ་སུ་ཡིས་སྤྲད་སོང་། གང་ནས་ཐོབ་སོང་། ཁྱེད་ཚོར་དེ་འདྲའི་དབང་ཆ་ཞིག་ལར་ནས་མེད་དེ། གྲྭ་པས་ཆོས་ལ་སློབ་པ་ལ་ནི། མ་གཞི་ནས་ཉེས་པ་ཞིག་གི་དྲི་ཙམ་ཡང་མེད་པའི་ཕྱིར་རོ།།
 ཆོས་ལ་སློབ་ཏུ་སོང་ན། ཆོས་ཀྱི་དགོན་སྡེ་ཞིག་ནས་འཕུད་ཀྱི་འདུག་ཟེར་ན། སུ་ཞིག་གི་རྣ་བར་འགྲོ། གནས་ལུགས་གང་དང་མཐུན། རྒྱུ་འབྲས་གང་དང་འཚམས། 
 ཁྱེད་ཚོས་བྱ་ངན་འདིའི་མཚམས་མ་བཞག་ན། རང་དགོན་འདི་ཚོང་དགེ་དང་། གྲོང་ཆོག་པ་འགའི་ཉལ་ས་ཙམ་ཏུ་ཆགས་པའི་ཉེན་ཁ་ཤིན་ཏུ་ཆེ་བར་སྙམ།
 སྐྱབས་མགོན་བློ་བཟང་འཕྲིན་ལས་ཀྱིས་སྟག་ཚང་ལྷ་མོར་བསྩལ་བའི་བཅའ་ཡིག་ཏུའང་། གཞན་དུ་ཕེབས་པ་རྣམས་གནས་དབྱུང་གཏོང་མི་རུང་སྟེ། གཞན་གྱིས་བཤད་གཞིར་འགྱུར་གྱི་རེད་ཅེས་གསུངས་པ་རེད།
 ལྷག་པར་ལྷག་ཏུ། བཅའ་ཡིག་གསར་བའི་ནང་ལ་དགོན་པ་གཞན་དུ་སློབ་གཉེར་ལ་སོང་ན། གནས་དབྱུང་གཏོང་དགོས་ཚུལ་ཚིག་གཅིག་ཀྱང་མི་གསལ་བས། ཁ་ཡར་གྲག་ན་བཅའ་ཡིག་དང་། ཁ་མར་གྲག་ན་བཅའ་ཡིག་ཅེས་ཁ་བཏོན་བྱེད་མཁན་ཁྱེད་ཚོས་ལས་ཀ་དེ་ལྟར་ལས་ན་བཅའ་ཡིག་དང་འགལ་བ་ཨེ་རེད། བཅའ་ཡིག་ནང་དུ་ལོ་རེའི་རྒྱུགས་ཆེན་ལ་མ་ཁེལ་ན་འཛིན་གྲྭ་འཕར་མི་ཆོག་པའི་ཆད་པ་བཞག་ཡོད་པས། ཆད་པ་དེ་ཁྱེད་ཚོས་གཅོད་བཞིན་པ་རེད་ལ་ཁོ་ཚོས་འཁུར་བཞིན་པའང་རེད། དེ་ལས་གཞན་གྲྭ་སར་སོང་བ་ཚོ་གནས་དབྱུང་གཏོང་དགོས་རབས་ཚིག་གཅིག་མེད་པས། ཁྱེད་ཚོར་བཅའ་ཡིག་གི་སྒང་ལ་བུད་ནས་ལས་ཀ་ལས་ཟེར་བ་ཞིག་ཤོད་སྲོལ་ཡོད་པ་དེ་འདི་འདྲའི་མིང་རེད་བསམ་གྱི་འདུག 
 མདོར་ན། ཁོ་ཚོ་ཀིརྟི་དགོན་པའི་གྲྭ་བ་རེད། མ་འོང་བ་ན་ཡང་རང་དགོན་ལ་ཡོང་རྒྱུ་རེད། ཀིརྟི་དགོན་པ་ནི་ཁྱེད་རྣམ་པ་གཅིག་པོའི་མ་རེད། དགོན་འདིར་ལས་ཀྱིས་སྐྱེས་པའི་དགེ་འདུན་ཐུན་མོང་གི་གཞིས་ཁྱིམ་རེད། ཡིན་ན་ཡང་སློབ་གཉེར་གྱི་ཕྱིར་གནས་སྐབས་གྲྭ་ས་དེ་དག་ཏུ་སོང་བ་ཡིན་པས། དེར་ཆད་པ་ཞིག་གཅད་དགོས་ཀྱང་བཅའ་ཡིག་ལྟར་གཅོད་པ་ལས་ཉེ་རང་ཆགས་སྡང་གི་དབང་དུ་སོང་ནས་གང་དྲན་དྲན་མི་གནང་བར་མཁྱེན་མཁྱེན།

ཞེས་རྔ་པ་ཀིརྟི་དགོན་པའི་གྲྭ་དར་ཆུང་གིས་སྤྱི་ལོ༢༠༡༤ལོའི་ཟླ༣ཚེས༢༩ཉིན་ཕུལ།

སློབ་གཉེར་བྱེད་དུ་འཇུག་རོགས། མདུན་ལམ་འཚོལ་དུ་འཇུག་རོགས།
དར་ཆུང་། རྔ་པ་ཀིརྟི་དགོན།

རྔ་པ་ཀིར་དགོན་གྱི་མཁན་པོ་དང་དགེ་སྐུལ་གྱི་གཙོས་དབང་འཛིན་རྣམ་པ། རང་དགོན་གྱི་ན་གཞོན་སློབ་གཉེར་པ་རྣམས་ལ་ལམ་མེད་པ་མ་བཟོ་རོགས། 
 ན་ནིང་རང་དགོན་དུ་ལོག་ཁྲིམས་གྲོས་ཆོད་ཡི་གེ་བཞག་པ་དང་། དེ་ལ་རྒྱུ་མཚན་མེད་པའི་གཏིང་གནོན་བྱས་པ་དང་། དབང་ཆ་སྒེར་འཛིན་གྱིས་ལས་ཀ་མང་པོ་བྱས་པ་དང་། དགོན་པའི་སྤྱི་དོན་བཤད་པའི་སློབ་གཉེར་པ་རྣམས་དགྲ་ས་ལྟ་བུར་བཞག་ནས། སྡང་དམོད་ཚད་བརྒལ་གྱིས་རང་དགོན་དུ་སྡོད་ཐབས་མེད་པ་དང་། འདུག་འདོད་མེད་པ་བྱས་སོང་། 
 ད་ཁོ་ཚོས་དཀའ་བ་ཐོད་ལ་བླངས་སྟེ། ས་མཐའ་གཞན་ལ་སོང་ནས་སློབ་སྦྱོང་གནད་དུ་འགྲོ་བ་གནང་བཞིན་པའི་སྐབས་འདིར། ཡང་དབང་འཛིན་ཁྱེད་ཚོས་ཕྱོགས་རིས་སྡུག་སྐད་བསྒྲགས་སྟེ། གནས་དབྱུང་གཏོང་བ་སོགས་ཁྲིམས་ཆད་ངན་པ་གཅོད་རྒྱུ་བྱེད། 
 ཨ། དབང་འཛིན་རྣམ་པ། ཁ་ཡག་ལ་སྦྱར་ནས། གྲྭ་གཞོན་སློབ་གཉེར་པ་རྣམ་པའི་མདུན་ལམ་འདི་ལྟར་འགོག་པ་ནི་རྒྱུ་འབྲས་ལ་ཡང་ཨེ་རན་ནམ། ཚེ་འདི་ཕྱི་གཉིས་ལ་ཨེ་རུང་ངམ། 
 ཟླ་བ་རེ་ལ་གྲྭ་པ་བརྒྱ་རེ་གྲྭ་ལོག་བྱས་ཀྱང་། ཁྱེད་ཚོར་གྲག་འགུལ་ཅི་ཡང་མེད། 
རང་དགོན་ནས་མི་གྲངས་སྟོང་ལྷག་སློབ་གཉེར་མེད་པར། ཕག་ཉལ་ཉལ་བྱས་ཀྱང་ཁྱེད་ཚོས་བཤད་རྒྱུ་ལས་རྒྱུ་ཅི་ཡང་མེད། 
རྒྱལ་ལྐུགས་དང་ཚོང་པ་ནི་རྒན་གཞོན་ཀུན་ལ་མཚོ་ལྟར་འཕེལ་བཞིན་ཡོད་ཀྱང་། ཁྱེད་ཚོར་གཏམ་རྒྱུ་དམོད་རྒྱུ་གང་ཡང་མེད། 
 དག་དག ཕྱོགས་གཞན་ལ་སློབ་གཉེར་བྱེད་དུ་སོང་པ་ཞིག་གོ་ན། སྙིང་ལ་ན་ཚ་བརྒྱབ་པ་ལྟ་བུ་ཞིག་ཏུ་གནང་ཡོང་དོན་ཅི་ཡིན་ནམ། ཁྱེད་ཚོ་དགོན་པ་ལ་ཤ་ཚ་བ་དེ་རེད་དམ། དགོན་པའི་དོན་བསྒྲུབ་པ་དེ་རེད་དམ། དངོས་གནས་ཁྱེད་ཚོར་རྒྱུ་འབྲས་མི་འདུག དྲང་མོ་མི་བྱེད་ཀི 
 གྲྭ་གཞོན་སློབ་གཉེར་པ་སྒེར་རེ་རེ་དང་། དགོན་འདིའི་མ་འོངས་པའི་ཆེད་དུ། ད་མཚམས་འཇོག་རོགས། ད་རྒྱུ་འབྲས་མེད་པའི་ལས་ཀ་མཚམ་འཇོག་རོགས། ད་སློབ་གཉེར་པ་རྣམས་འགྲོ་ས་མེད་པའི་གནས་ལ་མི་བརྫངས་རོགས། 
 རྒྱལ་ལྐུགས་རྐུན་མ་ཡིན་ཀྱང་། རྐང་རྩར་གཏུགས་མི་ཉན་ཟེར་ནས་གུ་ཡངས་བྱེད་ཞོར་དུ། སློབ་གཉེར་པ་རྣལ་མ་མང་པོ་ཞིག་གནས་དབྱུང་གཏོང་རྒྱུར། འདི་ལྟར་འཛེམས་བག་ཙམ་ཡང་མེད་པ་ཅི།
 དགོན་པ་ལ་མཁོ་བ་སློབ་གཉེར་པ་རེད། བསྟན་པ་ལ་མཁོ་བ་སློབ་གཉེར་པ་རེད། ཁོང་རྣམ་པ་ནི་གང་ལས་ཀྱང་གལ་ཆེ་ཡི་རེད། དེའི་ཕྱིར། བཀའ་དྲིན་ཆེ། ད་ནི། ཁོང་རྣམ་པར་སློབ་གཉེར་བྱེད་དུ་འཇུག་རོགས། མདུན་ལམ་འཚོལ་དུ་འཇུག་རོགས། ཀུན་ལ་ཕན་པའི་ལས་ཀ་ཡག་པོ་ཞིག་བསྒྲུབ་རོགས། སྤྱི་བྱེ་ཀུན་ལ་གནོད་པའི་ལས་ཀ་འདི་འདྲ་མཚམས་འཇོགས་རོགས།

༢༠༡༤/༣/༡༥/ལ་ཕྲན་བུ་དར་ཆུང་གིས།

གྲྭ་མང་ལ་བརྩི་བཀུར་བྱས་ན་ལེགས་ལམ་ཡིན།
སྐལ་བཟང་། རྔ་པ་ཀིརྟི་དགོན།

འདས་ཟིན་པའི་ལོ་ངོ་བཅུ་ཕྲག་ལྷག་གི་ནང་ལ། རྔ་བ་ཀིར་དགོན་ནས་གྲྭ་ས་གཞན་དུ་སློབ་གཉེར་ལ་ཕེབས་མཁན་གྱི་གཞོན་སྐྱེས་གྲྭ་བ་དག་ལ། ཀིར་དགོན་གྱི་དབང་འཛིན་པ་ཚོས་དཀའ་ངལ་ཇི་ལྟར་སྤྲད་པའི་སྐོར་ནི། དཀའ་ངལ་དེ་དག་དངོས་སུ་མྱོང་མཁན་ཡིན་པའི་བདག་ལ་རྒྱུས་མངའ་ཧ་ཅང་ཆེ་བས། སློབ་གཉེར་བ་ཉམ་ཆུང་ཚོར་རྒྱུ་འབྲས་ལུགས་འགལ་གྱི་མནར་གཅོད་བྱས་པ་རྣམས་རེ་རེ་བཞིན་གླེང་རྒྱུ་ཡོད་མོད། དེ་རེ་ཞིག་བཞག་ནས། ད་ལོར་དགོན་པ་གཞན་དུ་སློབ་གཉེར་ལ་ཕེབས་མཁན་གྱི་གྲྭ་པ་དག་ལ་ཉིན་བཞིན་རྣ་བར་གཟན་པའི་ཚོགས་གཏམ་དྲག་པོ་བཏང་ནས། "ཉིན་བདུན་གྱི་ནང་ཕྱིར་རང་དགོན་དུ་མ་ཐོན་ན། རང་ཉིད་རང་བསམ་གྱིས་དགོན་པ་ལས་ཕྱིར་བུད་པ་ཡིན་པས། ཕྱིན་ཆད་དགོན་འདིར་འོང་ས་མེད"ཅེས་ཐག་བཅད་བྱས་འདུག་པ་འདི། གནད་དོན་ཚབས་ཆེན་ཡིན་པས་དེའི་སྐོར་གླེང་བར་བྱ།
གཅིག
 བདག་གིས་དུས་རྒྱུན་བསམ་གཞིག་ཅི་ལྟར་བྱས་ཀྱང་། ཀིར་དགོན་འདི་ལེགས་ལམ་ལ་འགྲོ་དགོས་ན། ངེས་པར་དུ་གནད་དོན་ཆེ་ཕྲ་གང་ཡིན་ཐག་གཅོད་བྱེད་པའི་སྐབས་སུ། འདུལ་བའི་སྡེ་སྣོད་ཀྱི་དགོངས་པ་གཙོ་བོར་བཟུང་ཐོག འཛིན་གྲྭ་སོ་སོའི་འཐུས་མི་བསྡུས་ནས་གོ་བསྡུར་རྒྱུ་ལས་ལྷག་པའི་ལམ་ཞིག་གཏན་ནས་རྙེད་ཀྱི་མི་འདུག་ལ། ད་རེས་གྲྭ་གཞོན་མང་པོ་ཆོས་སྡེ་གཞན་དུ་སློབ་གཉེར་ལ་ཕེབས་པའི་གནད་དོན་འདི་ཡང་ཐབས་ལམ་འདི་གཉིས་ལ་བརྟེན་ནས་ཐག་གཅོད་པ་ལས་ལྷག་པའི་ལམ་ཞིག་མེད་པར་འདོད། 
 དེ་མ་གཏོགས་ཚོགས་གཏམ་དྲག་པོ་བྱེད་པ་དང་། ཤེར་འཐེན་པ། ཕ་མ་དང་ཉེ་འབྲེལ་ལ་འཇིགས་སྐུལ་བྱེད་པ། དགོན་པ་ལས་གནས་དབྱུང་གཏོང་བ་སོགས་ཀྱི་བྱེད་སྦྱོར་ཐ་ཆད་དེ་དག་གི་སྒོ་ནས་གནད་དོན་ཐག་གཅོད་ཐབས་ལ་འབད་ན། རང་གཞན་གཉིས་འཕུང་གི་རྒྱུ་ལས་མ་འདས་པ་ནི། ཉེ་བའི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་དགོན་པ་འདིས་དངོས་སུ་ཚོར་བའི་དངོས་ཡོད་ཉམས་མྱོང་ཞིག་རེད་འདོད།
 མ་གཞི་ནས་དགོན་པ་འདིའི་དོན་གྱི་བདག་པོ་ནི། མགོ་བཀའ་རམས་ནས་མཇུག་ཁ་དོག་དཀར་དམར་ལ་ཐུག་གི་བར་གྱི་དགེ་འདུན་མང་མང་ཡིན་པ་ལས། བླ་སྤྲུལ་སྐུ་ག་གེ་མོ་ཞིག་དང་། ལོ་ངོ་གཅིག་གཉིས་ཙམ་ལ་བསྐོ་བཞག་བྱས་པའི་དབང་འཛིན་སྐོར་ཞིག་ཡིན་ག་ལ་སྲིད། དེའི་ཕྱིར་ན། འཐུས་མི་ནི་དགོན་འདིའི་དོན་གྱི་བདག་པོ་དང་། གྲྭ་མང་ཀུན་གྱི་སྐུའི་སྐུ་ཚབ་དང་། གསུང་གི་གསུང་ཚབ་ཡིན་པས། གནད་དོན་གང་ཡིན་ཐམས་ཅད་ལ་ཁོང་ཚོས་བློ་རིག་པ་བསྒྲིམས་ཏེ། བདེན་པ་དང་བདེན་པ་བརྡར་ནས། བསྟན་པ་སྤྱི་དང་། ལྷག་པར་དུ་སྐྱེས་བུ་སྒེར་རེ་རེའི་མདུན་ལམ་ལ་ཕན་པ་འབྱུང་མིན་གཙོ་བོར་བཟུང་སྟེ་ཐག་གཅོད་བྱས་ན། ཀུན་གྱི་ཐུགས་ཡིད་ཚིམ་ཞིང་ཕུགས་ཐག་རིང་བའི་ལམ་ཞིག་ཏུ་འགྱུར་བ་གདོན་མི་ཟ། 
 གནའ་བོའི་རྒྱ་གར་གྱི་ནཱལེནྡྲ་དང་། བི་ཀ་རམ་ཤྲཱི་ལ་སོགས་སངས་རྒྱས་ཀྱི་བསྟན་པ་ཉི་ཟླ་ལྟར་གསལ་བའི་དགོན་ཆེན་རྣམས་སུ། དགོན་པའི་གནད་དོན་གང་ཡིན་རུང་། སྡེ་སྣོད་གསུམ་གྱི་དགོངས་པ་གཞིར་བཟུང་སྟེ་ཐག་གཅོད་བྱེད་པའི་སྲོལ་རྒྱུན་ཡོད་མྱོང་བ་ལྟར། རང་ཅག་དུས་རབས་ཉེར་གཅིག་པའི་ནང་པའི་དགོན་སྡེ་དག་གིས་ཀྱང་། གནའ་བོའི་སྐྱེས་ཆེན་ཚོའི་ཤེས་རབ་ཀྱིས་བསྐྲུན་པའི་སྲོལ་རྒྱུན་དེ་ལ་རྩ་བ་བྱས་སྟེང་། དེང་གི་དཔྱོད་ཤེས་ཀྱིས་བཟོས་པའི་དམངས་གཙོའི་ཐབས་མཆོག་གཙོ་བོ་འཐུས་མི་བསྡུ་བའི་ལམ་ལ་བརྟེན་ནས། དཀའ་རྙོག་སེལ་ཐབས་བྱེད་རྒྱུ་ནི་ལམ་གྱི་མཆོག་དང་བདེ་དགེའི་གཞི་མ་རུ་སྣང་ངོ་། ། 
 དེ་མིན་དབང་འཛིན་པ་རེ་འགའི་དགའ་མོས་ལྟར། ཚོང་དང་འཕེལ་ནག་འཇོག་མཁན། རྒྱ་གྲོང་བོད་གྲོང་རྐྱང་བ་འགྲིམ་བསྡད་མཁན། ཐ་ན་ཕམ་པའི་གླེང་ཕྱོགས་ཁ་གསལ་ཡོད་པ་སོགས་ལ་ནི་ཁྲིམས་དང་ཆད་ལས་གང་ཡང་མེད་པར། དབེན་པའི་དགོན་སྡེ་རྣམས་སུ་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་སློབ་གཉེར་བྱེད་བཞིན་པའི་གྲྭ་རྐྱང་སློབ་གཉེར་པ་དག་ལ་ཉིན་བཞིན་ཚོགས་གཏམ་དྲག་པོ་བྱས་ཏེ། ཐོས་བསམ་སློབ་གཉེར་དང་། དཔེ་ཁྲིད་དགེ་རྒན་གྱིས་སྟོང་བའི་དགོན་པ་འདིའི་ནང་མགྱོགས་པོར་ཕྱིར་མ་ཐོན་ན། གནས་དབྱུང་གཏོང་རྒྱུ་ཡིན་ཞེས་ཐག་བཅད་བྱས་འདུག་པ་ནི། དོན་ལ་དགོན་འདིའི་གྲྭ་པ་ཚོར"སློབ་གཉེར་བྱས་ན་གནས་དབྱུང་གཏོང་བའི་ཁྲིམས་ཆད་བཞག"པ་དང་གཉིས་སུ་མེད་པས། དེ་ནི་ལྷ་ཆོས་མི་ཆོས་གཉིས་ཀ་དང་འགལ་བའི་དཀར་ནག་གོ་བཟློག་གི་བྱེད་སྟངས་ཤིག་ཀྱང་རེད། རང་རེའི་དབང་འཛིན་དག་གིས་ད་དུང་ལམ་འདི་དང་འདི་འདྲའི་རྒྱུན་བསྐྱངས་ན། ཐག་མི་རིང་བར་དགོན་སྡེ་འདིར་ཆག་འཇིག་ཆེན་པོ་ཞིག་འབྱུང་བར་གདོན་མི་ཟ། 
 དེ་ལྟ་ན། གནད་དང་འགག་ལ་ཐུག་དུས།འདུལ་བའི་སྡེ་སྣོད་ཀྱི་དགོངས་པ་ཚད་ཤིང་གི་གཙོ་བོར་བཟུང་སྟེ། འཐུས་མི་བསྡུས་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་ལས་ལྷག་པའི་ལམ་མཆོག་ཅིག་གང་ན་ཡོད་དམ།
གཉིས། 
 རང་དགོན་གྱི་གྲྭ་བ་མང་པོ་ཞིག་དགོན་པ་གཞན་དུ་སློབ་གཉེར་ལ་ཕེབས་དགོས་དོན་ནི། རྒྱུ་རྐྱེན་གསུམ་དུ་འདུ་སྟེ། 
 གཅིག དགོན་པ་འདིར་གྲྭ་བ་ཉིས་སྟོང་བདུན་བརྒྱ་ལྷག་ཡོད་ན་ཡང་། བྱིས་པ་ཚོ་ཟུར་དུ་སློབ་གླིང་དུ་བསྡུས་པ་ལ་མི་གྲངས་བརྒྱད་བརྒྱ་ཙམ་ཡོད་པ་ལས་གཞན་དུ། མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་རྣལ་མ་བྱེད་མཁན་ནི་གྲྭ་བ་སུམ་བརྒྱ་ལྷག་ཙམ་ལས་མེད་པས། གྲྭ་བ་ཆིག་སྟོང་ལྔ་བརྒྱ་ལྷག་ལ་སློབ་གཉེར་ཁྱོན་ནས་མི་བྱེད་པའི་གོམས་གཤིས་ངན་པ་ཞིག་རྒྱུན་འབྱམས་སུ་ཆགས་ཡོད་ལ། གོམས་གཤིས་དེ་ལ་བརྟེན་ནས་ནི་ས་འདིར་རང་བཞིན་ཤུགས་ཀྱིས་ཆོས་དང་འགལ་ཞིང་། སློབ་སྦྱོང་གི་གེགས་སུ་གྱུར་བའི་ཁོར་ཡུག་རྒྱ་ཆེན་པོ་ཞིག་བསྐྲུན་འདུག་པ་དེའོ། །
མི་སུ་ཞིག་ཡིན་ཀྱང་། རང་གི་སེམས་གཡེང་སའི་བྱ་བ་ཞིག་མེད་པར་འདུག་མི་ནུས་པས། དགོན་པ་འདི་ལ་མཚོན་ནའང་། ལོ་བདུན་བརྒྱད་ཙམ་ནས་རབ་ཏུ་བྱུང་པའི་གྲྭ་ཆུང་ཚོར་ནི་ལོ་བཅོ་ལྔ་ཡས་མས་ལ་འབུད་རག་བར་དུ་མེ་འབུད་པ་དང་། ཐལ་འཕོ་བ། ནང་འཕྱག་པ་སོགས་ལས་ཀ་ཙག་ཙིག་ཙམ་གྱིས་དུས་འདའ་རུ་འཇུག
 ལོ་ངོ་བཅོ་ལྔ་ཙམ་ལ་བུད་པ་ནས་བཟུང་། ལ་ལ་གྲ་ཁ་གྲོང་ཆོག་ཙམ་གྱིས་དུས་འདའ་བར་བྱེད། ལ་ལ་ཕུག་རོན་གསོ་བ་སོགས་སུ་རྒྱུན་དུ་གཡེང་། ལ་ལས་འཕེལ་ནག་བཞག་སྟེ་མི་ཁོམ་པར་གནས། ལ་ལས་རྒྱལ་འཇོག་པར་འདུར། ལ་ལ་ཚོང་གིས་བྲེལ། ལ་ལས་སྤོ་ལོ་རྒྱུན་འཕེན་བྱེད། ལ་ལས་རྒྱ་གྲོང་བོད་གྲོང་ཚེ་འགྲིམ་བྱེད། ལ་ལས་ཟ་ཁང་དང་ཇ་ཁང་ཉིན་འགྲིམ་བྱེད། ལ་ལ་གློག་འཕྲུལ་རོལ་རྩེད་འབའ་ཞིག་ལ་འཁོར་ནས་སྡོད། ལ་ལས་ནི་ཁང་བའི་སྒོ་ཕྱི་ནང་སོགས་བདག་རེ་བྱས་ནས་ཉི་མ་གཏོང་ཐབས་བྱེད་ཀྱིན་པ་སོགས། རང་རང་གིས་དུས་ཚོད་གཏོང་སའི་ཁོར་ཡུག་རེ་རེ་བསྐྲུན་ཡོད། 
 དེས་ན། ལོ་ཉི་ཤུ་ལྷག་ལ་ཐོན་པའི་ཀིར་དགོན་གྱི་གྲྭ་བ་ཞིག་ལ་ཆག་བཞག་ན། རང་དགོན་དུ་བསྡད་ནས། རང་གི་ལུས་ངག་ཡིད་གསུམ་པོ་ཁོར་ཡུག་འདིའི་རྒྱུན་སྲོལ་གྱི་སྣང་ཚུལ་དེ་དག་གི་དབང་དུ་མི་གཏོང་བར། གསར་དུ་སློབ་སྦྱོང་ཞིག་བྱེད་ཟེར་ན་ལས་སླ་མོ་ཞིག་གཏན་ནས་མིན་པས། གནས་སྐབས་སུ། སློབ་སྦྱོང་གི་གེགས་སུ་གྱུར་བའི་གྲོགས་ཀྱི་ཁོར་ཡུག་དང་། བྱ་བའི་ཁོར་ཡུག རྩེད་མོའི་ཁོར་ཡུག གཏམ་གྱི་ཁོར་ཡུག་སོགས་དང་བྲལ་ནས་སློབ་གཉེར་གྱི་རྩ་བ་བརྟན་པོ་ཞིག་ཚུགས་རེག་བར་དུ། དགོན་སྡེ་གཞན་ཞིག་ཏུ་སློབ་གཉེར་ལ་ཕེབས་པ་ནི་སྤྱི་སྒེར་གཉིས་ལ་ཕན་ཞིང་ཚུལ་མཐུན་ལུགས་མཐུན་གྱི་འདམ་ག་ཞིག་རེད་ཅེས་ཁོ་བོས་ཚིག་ཐག་ཆོད་པོས་སྨྲའོ། །
གཉིས། སློབ་ཁྲིད་བྱེད་པའི་དགེ་རྒན་མེད་པ་དེ་ཡིན་ལ། དུས་རྒྱུན་སློབ་ཁྲིད་བྱེད་པའི་ངེས་དོན་གྱི་བཤེས་གཉེན་རྣམས་ནི་དགོན་སྡེ་གཞན་དུ་དགེ་རྒན་ལ་མངགས་ཏེ་མེད་པར་བྱས། ལོ་སྔོན་མའི་ཟླ་གསུམ་པའི་ནང་འཐུས་མི་མང་པོས་བསམ་ཆར་ཤུགས་ཆེན་བཏོན་པ་ལ་བརྟེན་ནས། གཞན་ནས་དགེ་རྒན་རེ་གདན་འདྲེན་བྱས་ཀྱང་ཟླ་ཕྱེད་ཙམ་ལས་མ་བཞུགས་པས། དེས་དགོན་ཆེན་འདི་འདྲ་ཞིག་གི་སློབ་ཁྲིད་ཀྱི་དཀའ་ངལ་སེལ་ག་ལ་ནུས། 
 དེའི་ཕྱིར་ན། གྲྭ་བ་མང་པོ་གཞན་དུ་སློབ་གཉེར་ལ་ཕེབས་དགོས་པའི་རྒྱུ་རྐྱེན་གཉིས་པ་ནི་དཔེ་ཁྲིད་དགེ་རྒན་མེད་པ་དེ་རེད། ཡུན་རིང་ལ་བཞུགས་པའི་དགེ་རྒན་ཞིག་གདན་འདྲེན་བྱས་ན། གྲྭ་བ་མང་པོ་དེའི་སློབ་མར་གྱུར་ཏེ། དབང་ཆ་གཞན་ལག་ཏུ་འཆོར་བར་དོགས་པའི་རང་རེའི་དབང་འཛིན་དག་གི་སེམས་ན། གུ་དོག་ཅིང་ཕུགས་མི་འཆོལ་བ། སྒེར་སེམས་ཀྱི་རྩ་བ་ཅན། རང་གཞན་གཉིས་འཕུང་གི་ལྟ་ངན་ཞིག་ཡོད་པས། དེ་མ་དོར་བར་དུ། དགོན་སྡེ་འདིར་དགེ་རྒན་གྱིས་མི་ལྡེང་བའི་དཀའ་ངལ་མི་མཐུད་གནས་ཤིང་། དགོས་མེད་ཀྱི་རྙོག་གླེང་སྣ་ཚོགས་ཀྱང་རྒྱུན་དུ་འབྱུང་བར་ཐེ་ཚོམ་མི་དགོས་སོ། །
གསུམ། ཀིར་དགོན་གྱི་དབང་འཛིན་དག་གིས་མ་རུང་ཁོག་བཅུག་གིས་བྱ་བ་བསྒྲུབ་ཚུལ་དང་། ཐག་གཅོད་བྱེད་ཚུལ་འདི་དག་ཡིན་ཏེ། ལོ་སྔོན་མར་དགོན་འདིའི་དབང་འཛིན་དག་གིས། འགྲོ་བ་མི་ཡི་སྤྱི་ནོར་དུ་གྱུར་པའི་སྨྲ་བརྗོད་ཀྱི་རང་དབང་འགོག་པའི་ལོག་ཁྲིམས<གྲོས་ཆོད་ཡི་གེ>ཟེར་བ་ཞིག་བཞག་སྟེ། སྒོ་ཤེས་རབ་རྒྱ་མཚོ་མཆོག་གནས་དབྱུང་བཏང་བ་སོགས་རྙོག་གྲ་དང་དཀའ་ངལ་སྣ་ཚོགས་ཤིག་བཟོས་པ་ལ་བརྟེན་ནས། རེ་བ་ཅན་གྱི་སློབ་གཉེར་བ་གསར་པ་མང་པོ་ཞིག་འབྱུང་གིན་པ་ཚོའི་སློབ་སྦྱོང་གི་འདུན་པ་མེ་སྟག་ལྟ་བུ་དེ་སྐད་ཅིག་ཉིད་ལ་ཐལ་བར་བརླགས་སོང་། 
 གལ་ཏེ་ད་སྐབས་ཁོང་ཚོས་བཞག་པའི<གྲོས་ཆོད་ཡི་གེ>ཟེར་བའི་ལོག་ཁྲིམས་དེ་དངོས་སུ་ལག་སྟར་ཞིག་བྱེད་པའི་དབང་དུ་བཏང་ན། ཤོག་ཤར་དེའི་ཆེད་དུ། གྲྭ་བ་བརྒྱ་ཕྲག་འགའ་གནས་དབྱུང་བཏང་ནས་དགོན་སྡེ་འདི་རྩ་གཏོར་བྱེད་དགོས་ཏེ། ཁོང་ཚོས་ཆོག་མཆན་མེད་པར་འགྲེམས་སྤེལ་བྱས་པའི་རྩོམ་དང་ཡི་གེ་དེ་འདྲ་ཞིག་མང་བས་སོ། །
ཁོང་ཚོས་གྲྭ་མང་གི་སྨྲ་ལྕེ་འགོག་པའི"གྲོས་ཆོད"དེ་འདྲ་བཞག་པར་མ་ཟད། དེ་ནས་བཟུང་། གྲྭ་མང་གི་བསམ་ཚུལ་འདོན་པའི་བརྒྱུད་ལམ་སྟེ། འཐུས་མི་བསྡུས་ནས་གནད་དོན་གང་ཡིན་ལ་གྲོས་བསྡུར་བྱེད་པའི་ལམ་སྲོལ་བཀག་པ་དང་། མཁན་པོ་སོགས་ལས་སྣེ་རྣམས་མང་མོས་ལྟར་བསྐོ་བཞག་བྱེད་པའི་སྲོལ་བཟང་གི་རྒྱུན་རྩད་ནས་བཅད་དེ། སངས་རྒྱས་ཀྱི་ལུང་ལས། "དགེ་སློང་དག་བསླབ་པའི་གཞི་ཕྲ་མོ་དང་། ཕྲན་ཚེགས་གང་ཡིན་པ་དེ་དག་ནི་དགེ་འདུན་ཚོགས་ནས་སྐབས་དབྱེ་ཞིང་བདེ་བ་ལ་རེག་པར་གནས་པར་བྱའོ།" ཞེས་སོགས་ཀྱི་དགོངས་དོན་གསེར་ལས་ལྷག་པ་དག་ནི་ཆུ་ལ་བསྐྱུར་ཞིང་། རླུང་ལ་སྤུར་ཏེ། དཔེ་ཆ་པ་རྣམས་གཙོ་བོར་གྱུར་བའི་དགོན་འདིའི་གྲྭ་པ་མང་པོ་ཞིག་གི་སེམས་ལ་རྨ་ཁ་ཆེན་པོ་བཟོས་པས། གྲྭ་བ་མང་པོ་ཞིག་སྡེ་འདིར་ལྷོད་པོར་བཞུགས་མི་ཐུབ་པར་གྱུར་ཡོད། 
 དེ་འདྲའི་རྙོག་དྲ་མཐའ་དག་གི་རྒྱུར་གྱུར་བའི་དབང་འཛིན་པ་དག་གིས་ནི། ད་རུང་བྱ་བ་སྒྲུབ་ཚུལ་དང་དོན་དག་ཐག་གཅོད་བྱེད་ཚུལ་སོགས་ལ་འགྱུར་བ་ཕྲ་མོ་ཙམ་ཡང་མི་གཏོང་བར་མ་ཟད། དེ་དག་ལ་ཤི་འཐམ་རོ་འཐམ་བྱེད་བཞིན། དེས་བསྐྱེད་པའི་ངན་འབྲས་རྣམས་བཟློག་ཐབས་ལ་འབད་པ་ནི། རྒྱུ་འབྲས་ཀྱི་ཆོས་ཉིད་ལ་རྒོལ་བཞིན་པ་ཁོ་ན་རེད་ཨང་།
ནམ་ཞིག་ཁྱེད་ཚོས་ཀྱང་། དགོན་པ་སྤྱིའི་ལས་སྒོ་མཐའ་དག་གྲྭ་མང་གི་ཐུགས་འདུན་ལྟར་བསྒྲུབ་དགོས་པའི་ཚུལ་ཤེས་ཏེ། དགོན་པ་ནི་མི་གཅིག་གམ་ཚོགས་ཆུང་གཅིག་གིས་དབང་བསྒྱུར་བྱ་ཞིག་ཡིན་སྙམ་པའི་འདུ་ཤེས་དེ་དོར་ན། ད་གཟོད་དགོན་པ་ལེགས་ལམ་ཞིག་ཡོད་སྲིད་ཀྱི། དེའི་བར་དུ་རྙོག་དྲ་མཚམས་ཆད་རྒྱུ་མེད་དེ། ཀིར་དགོན་གྱི་དཀའ་ངལ་མཐའ་དག་གི་འབྱུང་རྐྱེན་གཙོ་བོ་ནི། སྡེ་འདིའི་དབང་འཛིན་པ་དག་གི་རྒྱུད་ན་བྲག་ལ་རྩི་ཆགས་པ་ལྟར། གྲྭ་མང་གི་ཁེ་དབང་སྣང་མེད་དུ་བཞག་ནས། རང་ལྟ་མཆོག་འཛིན་གྱིས་ཅི་ཞིག་བསྒྲུབས་རུང་ཡིན་ཤག་ཤག་ཏུ་བཟུང་བའི་ང་རྒྱལ་མ་རུང་བ་ཞིག་འབྱར་ནས་ཡོད་པ་དེ་ཡིན་ནོ། །
མཇུག་བསྡུ།

 ཇི་སྐད་བཤད་པ་ལྟར། གནད་ཀྱི་དོན་པོ་ནི་དེ་ལྟར་འདུག་པས། ཁྱེད་དབང་འཛིན་རྣམས་ལའང་། འདུལ་བའི་སྡེ་སྣོད་ཀྱི་དགོངས་པ་ཚད་ཤིང་གི་གཙོ་བོར་བཟུང་སྟེ། གྲྭ་མང་གི་འཐུས་ཚབ་ཚང་བར་བསྡུས་ཏེ་གནད་དོན་གང་ཡིན་ཐག་གཅོད་བྱེད་པའི་སྙིང་སྟོབས་ཡོད་ན། དེའི་མཇུག་འབྲས་གང་ཡིན་ཀྱང་དགའ་བཞིན་སྤྲོ་བཞིན་དང་ལེན་བྱེད་ཐུབ་པའི་གདེང་ཚོད་ཡོད། 
 དེ་མིན་མི་རེ་གཉིས་དང་། ཚོགས་ཆུང་རེ་ཟུང་ལ་ཕྱོགས་ཕེབས་སློབ་གཉེར་པ་ཚོ་གནས་དབྱུང་གཏོང་བའི་དབང་ཆ་ཕར་ཞོག འདིའི་ཐད་ཀྱི་གནད་དོན་ཕྲ་མོ་ཙམ་ཐག་གཅོད་བྱེད་པའི་དབང་ཆའང་ལར་ནས་མེད་དེ། གཞན་དུ་ན་ཁྱེད་ཅག་གནས་དབྱུང་གཏོང་བའི་དབང་ཆ་བདག་ལའང་ཡོད་པར་མི་འགྱུར་རམ། ང་རྙོག་དྲ་བཤད་རྒྱུར་དགའ་བ་མིན་ཏེ། རྒྱུན་དུ་བཙན་ཤུགས་ཀྱིས་བཙུར་ནས་སྡོད་མི་འཇུག་པས་མི་བཤད་ཐུ་མེད་རེད། 
 ད་ནི་ངོ་མ་སྤྱི་སྒེར་གཉིས་ཀར་ཕན་པའི་བྱ་བ་ཞིག་གི་ཐོག་གོམ་པ་སྤོ་བའི་རེ་སྐུལ་སྙིང་ནས་ཞུས་པ་ལགས་ན། དེ་དོན་ཐུགས་ཀྱི་མཐིལ་དུ་ཉར་བའི་རེ་བ་ཧ་ཅང་ལྕི་ཞེས་དགོན་འདིའི་གྲལ་མཐའ་འཛིན་པའི་གྲྭ་སྐལ་བཟང་དུ་འབོད་པས་རང་ཤག་ཏུ་བྲིས་སོ། །

༢༠༡༤/༤/༤ཉིན།

རྒྱུས་ལོན་དང་བསམ་ཤེས་མེད་ན་དགོན་པ་འཐོར་ཉེན་ཆེ།

སྐྱེས་འཕྲིན། རྔ་པ་ཀིརྟི་དགོན།

ལོ་སར་བ་ནས་བཟུང་རང་དགོན་གྱི་གྲྭ་བ་མང་པོ་ཞིག་གིས་རང་རང་གི་ཕུགས་བསམ"ཆུང་ཆུང"རྣམས་དཔེ་ཁུག་ལྗིད་ཏིག་ཏིག་རེ་དང་མཉམ་དུ་ཁུར་ནས། རང་གི་མལ་ཁང་དྲོན་མོ་དང་ཁ་གྱེས་ཏེ་ལྟོ་སྐྱ་གོས་ཧྲལ་གྱི་འཚོ་བ་གསར་བ་ཞིག་གི་མགོ་བརྩམས་སོང་། སྤྱིར་ཡིན་ན་གྲྭ་བ་ལོ་ཆུང་མང་པོ་ཞིག་སློབ་སྦྱོང་ལ་མོས་ཤིང་བརྩོན་པ་ནི་སྤྱི་སྒེར་གང་ལ་བསམ་རུང་དོན་བཟང་ཞིག་ཡིན་པ་བཤད་མི་དགོས་ལ། ཁོང་ཅག་གི་ནང་མི་ཉེ་འབྲེལ་རྣམས་ཀྱང་དགའ་འོས་པའི་དོན་དག་ཅིག་ཡིན་པ་སྨོས་ཅི་ལ་དགོས། ཡིན་ན་ཡང་། ཕུགས་རྒྱང་དང་འདང་རྒྱག་མེད་པའི་དབང་འཛིན་པ་དག་གི་ལག་འོག་ནས་འདི་ཙམ་ཡང་འགལ་འདུ་མང་པོ་ཞིག་དང་། སྡུག་བསྔལ་མོད་པོ་ཞིག་གི་གཞི་མར་གྱུར་སོང་བ་རེད། དབང་འཛིན་པའི་ལས་ཉེས་བྱས་ཉེས་ལ་དགག་སྒྲུབ་དང་། སློབ་གཉེར་བའི་དཀའ་སྡུག་སེམས་ངལ་གྱི་སྐོར་གྲོགས་པོ་མི་ཉུང་བ་ཞིག་གིས་རྩོམ་ཐུང་མང་པོ་ཞིག་སྤེལ་སོང་ལ། རང་ཉིད་ཀྱང་དེ་དག་ལ་ཉམས་མྱོང་དང་གཏན་ཚུགས་གཉིས་ཆ་ནས་མོས་མཐུན་དང་རྒྱབ་སྐྱོར་ཡོད་པ་མ་ཟད། ཁོང་ཅག་གིས་བྲིས་པ་ལས་གཞན་ཞིག་བཤད་རྒྱུ་ཡང་ཅང་མེད། རེད་དེ། གཅིག་ན་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་ཡིན་ལ། ལྷག་ཏུ་ཡང་དགོན་པའི་མདུན་ལམ་ལ་དོན་དམ་པའི་དོ་སྣང་དང་སེམས་ཁུར་ཡོད་པའི་གྲྭ་བ་དཀྱུས་མ་རྣམས་དང་། དོན་དག་འདིའི་ཐད་ནས་སྐད་ཆ་རེ་བཤད་སར་འགྲོ་བའི་དབང་འཛིན་པ་ཀུན་པོར་རང་གིས་མཐོང་ཞིང་དཔྱད་པའི་དོན་དངོས་ཞིག་སྟེ། ད་ཆ་རང་ས་རང་ཡུལ་དུ་བྱུང་གྱིན་པའི་འགལ་འདུ་སྐོར་ཞིག་དང་། འགལ་འདུ་དེ་དག་གི་མཇུག་འབྲས་སོགས་གསོང་བོར་ལབ་ན་འདོད། དེ་ཡང་འགལ་འདུ་ཡོད་ཚད་ཀྱི་གཞི་མ་དང་རྩ་བ་ལྟ་བུ་ནི། སློབ་གཉེར་བ་དང་དགོན་པའི་ལས་སྣེའི་བར་གྱི་འགལ་བ་ཡིན་པ་སྨོས་ཅི་དགོས། སློབ་གཉེར་བ་དག་ལ་མཚོན་ན་རང་རང་གི་མདུན་ལམ་ལ་བསམ་སྟེ་སོས་དལ་བག་ཡངས་ཀྱི་འཚོ་བ་རྒྱབ་ཏུ་གཡུག་ནས་སློབ་གཉེར་གྱི་ལམ་ཁ་གསར་བ་ཞིག་བཙལ་བ་ནི། སེམས་ཐག་དཀའ་མོ་ཞིག་བཅད་པ་ཡིན་ལ། རེ་བ་སོ་མ་ཞིག་རྙེད་པ་ཡང་ལོས་ཡིན། མི་ཞིག་ལ་མཚོན་ན་ཆེ་རུང་ཆུང་རུང་རང་གི་ཕུགས་བསམ་དང་རེ་བ་ལས་གལ་ཆེ་བ་ཞིག་ལར་ནས་མེད་པས། ཕུགས་བསམ་དང་རེ་སྙེགས་དབང་ཤེད་ཀྱིས་བཅོམ་ན་དེ་ལ་མ་དགའ་བ་ཡོང་ཤག་ཤག་ཡིན་པ་རེད། ད་རུང་སེམས་ངོར་རྩ་བ་ནས་མི་འབབ་པ་ཞིག་ཡོད་པ་ནི། ཐག་གཅོད་བྱེད་སྐབས་རྒྱུས་ལོན་དང་རྩད་གཅོད་གང་ཡང་མེད་པར། དབང་ཤེད་བཙན་ཤེད་ཁོ་ན་སྤྱོད་པ་དེ་རེད། དགོན་སྡེའི་ཁྲོད་ཀྱི་ལས་སྣེ་སྐོར་ཞིག་ནི་ཕྱོགས་ཞེན་གྱིས་རྒྱུད་དཀྲུགས་ཤིང་། སུ་ཞིག་ཕམ་འདོད་ཀྱི་འདུན་མ་འབའ་ཞིག་ལས་མེད་པ་མཐོང་བ་མངོན་གྱུར་རེད། དེ་བས"དགའ་བའི་ངོ་བོ་གཞན་གྱི་རྒུད་པ་ཉིད"དུ་སོང་བ་ཚོར་ལབ་རྒྱུ་མེད་ལ་ལབ་ཀྱང་དགོས་པ་གང་ཡང་མེད་པ་ཤེས་ཡོད། རེད་དེ། དགོན་པའི་མ་འོངས་པར་དོ་སྣང་དང་སེམས་ཁུར་ཡོད་སའི་དབང་ཅན་འགའ་རེ་བརྒྱ་ལ་ཡོད་སྲིད་ན། དེ་དག་གིས་ཤེས་དགོས་པ་ཞིག་ནི་ཕན་ཚུན་རྒྱུས་ལོན་དང་བསམ་ཤེས་གང་ཡང་མེད་པར་བཀའ་བཤེར་བསྟན་བཤེར་ཁོ་ན་དང་། ཆད་པ་དང་གནས་དབྱུང་འབའ་ཞིག་གིས་ལས་སྣེ་དང་སློབ་གཉེར་བའི་བར་གྱི་འགལ་བ་ཇེ་ཆེ་དང་། ཞེ་འདྲེས་ཇེ་དྲགས་སུ་འགྲོ་བ་ལས། དོན་དག་གང་ཡང་ཐག་ཆོད་ཡག་པོ་ཞིག་ཡོང་གི་མ་རེད། ད་ཆ་དགོན་པའི་ནང་གི་དགེ་འདུན་པའི་བར་ལ་འགལ་བ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ་མང་པོ་ཞིག་གི་ཚོར་གྱི་ཡོད་ངེས། འདི་ནི་ཉེན་ཁ་ཚབས་ཆེན་ཞིག་སྟེ། དགོན་སྡེ་འདི་དུམ་བུ་བརྒྱད་གས་སུ་འགྲོ་བའི་སྔ་ལྟས་ཤིག་ཡིན་པ་བཤད་ཅི་ལ་དགོས། ངས་བསམ་ན་འགལ་བ་འདི་ནི་རྒྱུ་རྐྱེན་གཉིས་ཀྱིས་བསྐྱེད་པར་འདོད། གཅིག་ནི་མི་སྐོར་ཞིག་གིས་བསམ་གཟས་ནས་དགོན་པའི་ནང་ནས་དེ་ཚོས་ཅིག་ཅིག་ཟེར་གྱི་ཡོད་རབ་དང་། འདི་ཚོས་ཉིག་ཉིག་ལབ་ཀྱི་ཡོད་ཚུལ་གྱི་དཀྲོགས་གཏམ་དང་ཞྭ་མོ་སྣ་ཚོགས་འགེབ་ཞོར་དུ། ང་ཚོ་ནི་ཁོང་ཚོ་དང་འདྲ་མི་ཉན་ཚུལ་དང་། ཁོང་ཚོ་དང་རྒྱང་བཀྱེད་དགོས་ལུགས་ཀྱི་ལབ་གླེང་མང་པོ་ཞིག་བཟོས་ཏེ། དགེ་འདུན་པའི་ནང་ལ་ཚོགས་ཁག་གི་འདུ་ཤེས་དང་དཀྲུགས་ཤིང་བཟོ་བཞིན་པ་འདི་རེད། དེ་ནས་གཅིག་ནི་ཚར་རྒྱུ་རྫོགས་རྒྱུ་མེད་པའི་ཚོགས་གཏམ་དག་རེད། སྤྱིར་སྟངས་ནས་དོན་དངོས་རྩད་གཅོད་བྱེད་རྒྱུར་མི་དགའ་བའི་གྲྭ་བ་མང་ཕྱོགས་ལ་མཚོན་ན་ལས་སྣེ་ཚོའི་གཏམ་ནི་ལེགས་ཉེས་ཀྱི་ཚད་འཇལ་བྱེད་ཉག་གཅིག་ཡིན་པས། བཤད་ཡམས་དང་ངག་སྒྲོས་རྐྱང་རྐྱང་ལ་བརྟེན་ཏེ། ཕྱོགས་ཕེབས་སློབ་གཉེར་བ་དག་གི་དམིགས་ཡུལ་དང་ལམ་ཁར་བརྙེས་བཅོས་བྱས་ཤིང་ཚིག་རྡུང་བཏང་བ་འདིས་ཁོང་ཅག་གི་སྣང་བརྙན་གཞན་ཞིག་ཏུ་བསྒྱུར་བ་དང་མཉམ་དུ། བསམ་བཞིན་དང་བསམ་བཞིན་མ་ཡིན་པར་དགེ་འདུན་ནང་ཕན་ཚུན་ལྟ་སྟངས་ཇེ་བརྩོག་ཏུ་གཏོང་བཞིན་པ་རེད། ད་རུང་འགལ་བ་གཞན་ཞིག་འབྱུང་བཞིན་པ་ནི་དགོན་པ་དང་གྲྭ་བའི་ནང་མིའི་བར་གྱི་འགལ་བ་རེད། ཉིས་སྟོང་བརྒྱད་ལོར་ང་ཚོ་མང་པོ་ཞིག་ན་གོར་མོ་རུ་རྒྱ་གཞུང་གིས་བཙོན་འཇུག་བྱས་ཤིང་། རང་ཉིད་གང་ཏུ་གཏོགས་པའི་དགོན་པས་རྩིས་ལེན་མ་བྱས་ན་བཙོན་གྲོལ་མི་ཡོང་བའི་གཏམ་བྱུང་། དེ་དུས་ངེད་ཅག་གི་ནང་མི་མང་པོ་ཞིག་དགོན་པའི་ལས་སྣེ་རྣམས་ཀྱི་སར་སོང་ནས་དགོན་པས་ང་ཚོ་རྩིས་ལེན་གནང་བའི་རེ་བ་ཞུས་སྐབས། ངེད་ཅག་གི་ནང་མི་ཚོར་གཏམ་ཡག་པོ་ཞིག་མེད་པའི་ཁར། ཁ་ཤས་ཤིག་གིས་ཁོ་ཚོར་སྡུག་གྱོང་རེད་ཅེས་ཀྱང་བཤད་སྐད། གལ་སྲིད་དགོན་གཞུང་གི་ལས་སྣེ་ཚོས་སློབ་གཉེར་བ་རྣམས་ལ་བཟུང་བའི་རྣམ་འགྱུར་འདི་འདྲ་ཞིག་ཡིན་ན། སློབ་གཉེར་བའི་ནང་མི་ཚོས་ཅི་ལྟར་བསམ་རྒྱུ་རེད། མ་གཞི་ང་ཚོར་སྐྱོན་ཆེན་པོ་ཞིག་ཡོད་པ་ནི་ནམ་ཞིག་ཡིན་རུང་རང་ཉིད་མི་ཚང་མའི་སེམས་ནས་བླ་ན་མེད་པ་ཞིག་དང་འགྱུར་བ་མེད་པ་ཞིག་ཡིན་བསམ་པ་དེ་རེད། ཡིན་ན་ཡང་། དགའ་སྤྱད་བསྒྲུབས་ན་དགའ་རྒྱུ་དང་། སྡང་སྤྱད་ལས་ན་སྡང་བ་ནི་རྒྱུ་འབྲས་རྟེན་འབྲེལ་ཡིན་པས། སེམས་གཙེ་རྒྱུ་མང་སོང་ན་སུ་ཞིག་ཡིན་རུང་ལྟ་སྟངས་དང་འགལ་བ་འགྲོ་ངེས་ཡིན་ནོ།། མདོར་ན་རྒྱུས་ལོན་དང་བསམ་ཤེས་གང་ཡང་མི་བྱེད་པར་དབང་ཤུགས་རྐྱང་རྐྱང་གིས་ཕྱོགས་ཕེབས་སློབ་གཉེར་བ་རྣམས་བསྡུ་ཐབས་བྱེད་པ་དང་། ཁོང་ཚོ་དང་ཁོང་ཚོའི་ནང་མི་རྣམས་ལ་གནོན་ཤུགས་སྤྲོད་པ་ནི་འགལ་བ་འབའ་ཞིག་གི་རྒྱུ་ཡིན་པ་དང་། ཉོག་དྲ་ཇེ་ཆེར་གཏོང་བྱེད་ཅིག་ལས་མ་འདས་སོ།། འོ་ན་ཁྱོད་ཅག་ལ་ཉོག་དྲ་སེལ་ཐབས་ཡོད་དམ་ཞེ་ན། ལོས་ཀྱང་ཡོད་དེ། གལ་སྲིད་སློབ་གཉེར་བ་རྣམས་དང་གྲོས་མོས་བྱེད་པའི་འདུན་པ་ཡོད་ན། ཉོག་དྲ་གང་ཡོད་ཐག་ཆོད་ཡག་པོ་ཞིག་དང་ཕུགས་བརྟན་པོ་ཞིག་ཡོང་བའི་རེ་བ་དང་ཡིད་ཆེས་གཉིས་ཀ་ཡོད་དོ།། མི་རིང་ཆད་པ་ནན་མོ་ཞིག་གཅོད་རྒྱུ་ཡིན་སྐད་འདུག་པས། དྲྭ་རྩོམ་འདི་དབང་འཛིན་པ་དག་གི་མིག་ལམ་དུ་བསྟར་བར་ཞུ། ཁྱོད་ལ་དམིགས་ཡུལ་ཅི་འདྲ་ཞིག་ཡོད་རུང་ཆོག་གོ །

༢༠༡༤/༤/༡ཉིན།

བསྟུན་ཐབས་མེད་པའི་སྐད་ཆ།

ལམ་བཀྲ་ཁོ རྔ་པ་ཀིརྟི་དགོན།

དེ་རིང་ངའི་ཁོར་ཡུག་འདི་ནས་མྱ་ངན་གྱི་འོ་དོད་བྱེད་ཀྱིན། སྡུག་བསྔལ་གྱི་སྨྲེ་ངག་འདོན་གྱིན་སུ་ཞིག་ལ་སྐྱོན་བརྗོད་དང་གང་ཞིག་ལ་གདོང་ལེན་བྱེད་པའི་ཉིན་མོ་དམིགས་གསལ་བ་ཞིག་ཆགས་སོང་། ཆགས་དགོས་དོན་ཡང་འདི་ལྟར་ཏེ། རང་ཉིད་ཚུད་པའི་ཁོར་ཡུག་འདིའི་ན་ཟུག་ཡོད་མཁན་དག་གིས་ནི། རང་དགོན་གྱི་ད་ལྟའི་གནས་སྟངས་དང་། འབྱུང་འགྱུར་གྱི་ཁ་ཕྱོགས་སོགས་ལ་གཏིང་ནས་ཞེན་པ་དཀར་བོས་འཕག་འཚག་ཅི་ལྟར་བྱས་ཀྱང་། དབང་ཆོད་ཐག་ཆོད་ཀྱིས་ཕྱོགས་ཕེབས་སློབ་གཉེར་བ་གསུམ་ཕྱིར་འོང་མེད་པའི་ཐ་ཚིག་བསྒྲགས་ཏེ་དགའ་འབོད་བྱེད་ཀྱིན་པའི་རྣམ་འགྱུར་སྟོན་མཁན་གྱི་སྒེར་གཅོད་པ་དག་ལ་དེ་རིང་གཞི་ནས་འཐད་པའི་མགོ་ལྕོག་ལྡེམ་པར་དཀའ་སོང་། དགོན་པ་ཞིག་ལ་གཏན་དུ་མཁོ་བ་ནི་སློབ་གཉེར་བ་ཡིན་པ་ལས་ཚོང་ཁེ་གཉེར་མཁན་ཁྱོན་ནས་མ་ཡིན་ཞིང་། གྲྭ་བ་ཞིག་ལ་ཅིས་ཀྱང་ལྡན་དགོས་པ་ནི་ཐོས་བསམ་སློབ་གཉེར་གྱི་བསྟི་གནས་སྤུས་དག་ཅིག་ཡིན་པ་ལས་ཆགས་སྡང་རྨོངས་གསུམ་གྱིས་ཉིན་མ་སྐྱེལ་ཐབས་བྱེད་པའི་གནས་དེ་མ་ཡིན་པའི་ཕྱིར་ན་གནས་ལུགས་ང་ཚོར་མཆིས་པས་སྤོབས་པ་ཆེན་པོས་ཕྱོགས་དང་ཕྱོགས་སུ་ཁྱབ་བསྒྲགས་བྱས་ན་འདོད་དོ།།
ད་ནི་བསྟན་ལ་གཅིག་ཏུ་གཅེས་ཤིང་། དགོན་འདིར་རྨང་ནས་སེམས་མཁན་ཞིག་ཡིན་ན་ལྐུགས་པའི་རྟུལ་ཞུགས་མི་འཛིན་པར་ལམ་དང་ལུགས་སྲོལ་རྙིང་བས་དགོན་པ་སིལ་བུར་གཏོར་མཁན་གྱི་དབང་འཛིན་སྒེར་སྡོམ་པ་དག་ལ་དངོས་ཤུགས་གང་རུང་ནས་རྒོལ་ལན་བསློག་རྒྱུ་ནི་ད་ལྟའི་ཕྲག་ཏུ་བབ་པའི་འགན་དམིགས་གསལ་བ་ཞིག་ཡིན་དུས། སྟོབས་དང་ཤུགས་ཀྱིས་ཕྱི་ནང་ཀུན་ནས་ཁ་རྡུང་དྲག་པོ་བྱེད་པའི་ཉིན་མོ་དུས་སུ་སྨིན་པ་མ་ཡིན་ནམ། ཆག་འཇིག་འདི་ལྟ་བུ་ཞིག་མིག་མདུན་དུ་སླེབ་འོང་དུས་ཤས་མི་བཟོད་པའི་ན་ཟུག་ཅིག་ཕྱི་ལ་འདོན་པ་ནི་དོན་གྱིས་རང་སྡེར་འགན་ཁུར་བའི་རྟགས་མཚན་ཉིད་ལས་གཞན་གང་ཡང་མ་མཆིས་སོ།། 
ཐོབ་དང་གོ་སའི་འབག་མགོ་རྟག་ཏུ་གྱོན་པའི་རིགས་ཅན་དག་གིས་ཉོན་དང། སོམས་དང་། སྔ་ལོའི་སྤྱི་ཟླ་དྲུག་པའི་ནག་ཉེས་ཀྱིས་ད་དུང་མ་ཚིམ་པར། བསྐྱར་དུ་ལག་ལེན་བཏབ་པའི་དེ་རིང་གི་ཉེས་པའང་མ་ཚོར་མ་རྟོགས་པར་གཞིགས་ན་ཕྱིས་སུའང་ཁྱེད་ཀྱིས་སུ་ཞིག་ལ་སྡང་བས་བཙུར་ཞིང་། གང་ཞིག་ལ་དབང་གིས་སྤྱུགས་པའི་མནར་གཅོད་སོགས་མི་གཏོང་བའི་ངེས་པ་ལར་ནས་མེད་སྟབས། རང་ཉིད་ནས་མགོ་བརྩམས་ཏེ་འོས་ལངས་རྒྱུན་མི་ཆད་པར་བྱ་རྒྱུ་ནི་ཁོ་བོས་དྲྭ་ལམ་ཡོངས་ལ་བསྒྲགས་པའི་དམ་བཅའ་ལགས། 
སྤྱིར་བཏང་མཛུབ་མོ་གར་སྟོན་ཤར་དང་བརྒྱ་ཁ་གཅིག་ཆོད་ཀྱི་ལམ་དུ་ཆས་དགོས་པའི་ལུགས་སྲོལ་རྙིང་བའི་དགོན་པ་དག་དང་གྲྭ་བའི་བར་ཐག་རྒྱང་ནས་རྒྱང་དུ་བཀྱེད་ཀྱིན་པའི་གནད་དོན་དག་ལ་ཞིབ་ཀྱིས་བསམས་ན། བླང་དོར་གྱི་རྣམ་བཞག་རྦད་དེ་བྲལ་ཞིང་ཤེས་འཇོན་ནུས་གསུམ་གྱི་བློ་མིག་གཞི་ནས་དབེན་པའི་མི་དག་གིས་ཅིག་བྱས་ན་ཉེས་འདུག་དང་། ཉིག་བྱས་ན་འགལ་སོང་བའི་ཁྲིམས་ལུགས་ལྟར་སྣང་བ་རེ་གང་དྲན་གྱིས་བཟོས་པ་དེས། དགོན་པའི་དོན་དམ་པའི་འཕེལ་རྒྱས་ལོག་ལམ་དུ་བཏང་བར་མ་ཟད། གྲྭ་མང་ཡོངས་ལ་སུན་སྣང་བཟོས་དྲགས་པས་དགོན་པ་ནི་ཁྲིམས་ཁང་ལྟ་བུའི་འདུ་ཤེས་ཆགས་འདུག་པ་ནི་ཕྱོགས་ངེས་མེད་དུ་མཆིས་པའི་དགོན་པའི་གྲྭ་བ་དག་གིས་ཕྱིར་ལོག་རྒྱུ་ལས་གྲྭ་ལོག་བྱས་ན་དགའ་བའི་སྐད་ཆ་དང་། ནང་དུ་སྡོད་པ་ལས་གཞན་དུ་དབྱུང་ན་འདོད་པའི་འདུ་ཤེས་འཛིན་སྟངས་དེ་དག་གིས་ཀྱང་གསལ་བོ་གསལ་རྐྱང་དུ་རྟོགས་ཅི་ལ་མི་ནུས། 
ད་ཐེངས་གི"གསལ་བསྒྲགས" ཡི་གེའི་ནང་དུ་ང་ཚོ་མི་བརྩི་མི་བཀུར་བས་"མིང་ཐོ་བསུབས་ཏེ་གནས་དབྱུང་གཏང་བ་ཡིན"ཞེས་ཚིག་རྔ་ཐེལ་གྱིས་མནན་པའི་ཤོག་ལྷེ་དེ་མཐོང་ཙམ་ཉིད་ནས་ང་རེ་ཞིག་ཧང་སང་དུ་བཅུག་སོང་། ཨ་ཨ་་་ འདི་ནི་གོང་མའི་བཀའ་ལ་མི་ཉན་པའི་འབངས་མི་དམར་གསོད་བཏང་བའི་ལོ་རྒྱུས་ཀྱི་ངོ་བོ་དང་གཅིག་མཚུངས་མིན་ནམ་སྙམ་ན་ངའི་མིག་ལམ་ནས་ཁྱེད་ཚོའི་ཁ་དོག་གཞི་ནས་འགྱུར་སོང་བས། ངའི་མིག་ལམ་དུ་སྣང་བ་ནི་ཁྲག་གིས་བཟོས་པའི་ཁོར་ཡུག་ཅིག་དང་། བཙན་གྱིས་བཀུམས་པའི་འཇིགས་སྣང་ཞིག་ཏུ་ཆགས་སོང་། དེས་ན་གང་དུ་གཉའ་གནོན་ཡོད་ན་དེ་རུ་ངོ་རྒོལ་ཡོད་པའི་གནས་ལུགས་སྲོག་ཏུ་བཟུང་སྟེ། རང་ནུས་ཡོད་རྒུས་ད་ནི་ལྕགས་སྨྱུག་དང་ལྷན་དུ་ལམ་ལ་ཆས་རྒྱུ་ཡིན།

ཀིར་དགོན་ལ་དུངས་པའི་སློབ་སྦྱོང་བ་ཞིག་གི་སེམས་ཁྲལ།
ཤེས་རབ་ཡེ་ཤེས
།

1 ངའི་ཐོག་མའི་སེམས་ནང་གི་ཀིར་དགོན། 
 བདག་ལ་མཚོན་ན་སྔོན་ཆད་ཅིག་ལ་རྔ་ཡུལ་ཀིར་དགོན་ལ་སོང་ནས་ལོ་གཅིག་ལྷག་གི་རིང་ལ་བསྡུས་གྲྭ་མགོ་ཆད་རྔ་དུམ་ཞིག་སྦྱང་མྱོང་། བག་ཆགས་དེའི་རྐྱེན་གྱིས་དགོན་པ་དེ་གྲི་སོ་ཙམ་ཞིག་རྣོ་ནི་དང་། གྲི་ལྟགས་ཙམ་ཞིག་མཐུག་ན་དགའ་ནི་ཞིག་རང་བཞིན་ཤུགས་ཀྱིས་གྱུར་སོང་། 
 ལྷག་པར་ཏུ་ས་བྱི་ལོར་ཀིར་དགོན་གྱི་སློབ་གཉེར་བ་མང་བོ་ཞིག་གིས་བོད་ཀྱི་བདེན་དོན་འཐབ་རྩོད་ཁྲོད་དཀའ་སྡུག་གྲངས་མེད་མྱངས་ཡོད་པས། གཞན་གྱིས་ཇི་ལྟར་བརླ་བཙག་དང་སྐྱོན་བརྗོད་བྱས་ཀྱང་། ཕྲན་གྱི་སེམས་ལ་ཀིར་དགོན་གྲྭ་མང་སྤྱི་ཁྱབ་མདོ་སྨད་ཀྱི་དགོན་སྡེ་གཞན་དང་གཏན་ནས་མི་འདྲ་བར། བསམ་བློའི་གོ་རྟོགས་ཅུང་མཐོ་སར་བཞག་ཡོད་པས། བསྟན་པ་དང་བོད་མི་རིགས་ལ་ཞབས་འདྲེན་མི་ཞུ་ཁོ་ཐག་ཡིན་ཞེས་ཡང་ཡང་བཤད་མྱོང་། དེ་རྗེས་ཉིས་སྟོང་དགུའི་ལོ་ནས་རྔ་ཡུལ་རོང་སྡེ་ཕྱུག་མོ་ནས་རང་དབང་དང་དམངས་གཙོའི་འོད་སྣང་གི་ཆེད་དུ་སྙིང་སྟོབས་ཅན་གྱི་སྐྱེས་བུ་རྫོགས་མེད་ཅིག་གིས་སྐུ་སྲོག་བློས་བཏང་ཀྱི་ལས་འགུལ་ཐོག་མར་སྤེལ་མཁན།ཀིར་དགོན་ཀྱི་དགེ་འདུན་པ་ཞིག་ཆགས་ཡོད་པས། སྔར་ལས་ཀྱང་ངའི་སེམས་ལ་ཀིར་དགོན་ནི་རང་དབང་གི་བདེ་སྐྱིད་ལ་སྨོན་པའི་ནང་བསྟན་གྱི་ཁྱིམ་གཞིས་ཤིག་རེད་སྙམ་ནས་དེ་ལ་ཡིད་སྨོན་དང་དགའ་སྤྲོས་གང་།
2 ངའི་བར་གྱི་སེམས་ནང་གི་ཀིར་དགོན།
 ཀིར་དགོན་གྱི་བོད་ཀྱི་རིག་གཞུང་དང་རང་དབང་གི་ཆེད་སྐུ་ཚེགས་བསྐྱོན་པའི་དཔའ་བོ་རྣམས་ནམ་ཞར་བསྔགས་བརྗོད་ཀྱི་ཡུལ་ཡིན་པ་ད་དུང་བཤད་མི་དགོས་ཀྱང་། ཆེས་ཡིད་སྐྱོ་བ་ཞིག་ལ་ཉིས་སྟོང་བཅུ་གསུམ་ལོར་ངའི་སྔར་གྱི་སེམས་ནང་གི་ཀིར་དགོན་གྱི་སྤྱིའི་སྣང་བརྙན་འགྱུར་སོང་། འགྱུར་ནས་མི་ཚད་ཀིར་དགོན་གྱི་དགེ་རྒན་གྱི་མིང་འཛིན་པ་འགའ་དང་། དགོན་པའི་ཤེས་རིག་འགན་འཛིན་པའི་མི་སྣ་དེ་དག་ནི་ཆོས་དང་རིག་གཞུང་ལ་རྨོངས་པའི་ཆགས་སྡང་རྩོད་མཁན་ལས་ཕུགས་རྒྱང་རིང་བོར་ལྟ་མི་ཤེས་པའི་བྱ་བ་སྒྲུབ་མཁན། དགོན་པ་དང་སློབ་སྦྱོང་གི་མདུན་ལམ་ལ་འགན་ཁུར་མེད་པའི་སྒེར་གཅོད་ཀྱི་བྱ་བས་རང་དང་། བོད་མི་ཕྱི་ནང་ཀུན་ཞེ་ལོག་འདུག་རྒྱུ་ཞིག་བྱས་སོང་།
དེ་ནི་ཉེ་རབས་བོད་ཀྱི་ཤེས་ཡོན་པ་ཀུན་ལ་ཆ་རྒྱུས་ཡོད་པའི་མི་སྣ་དགེ་བཤེས་སྒོ་ཤེས་རབ་རྒྱ་མཚོ་མཆོག་ཀིར་དགོན་གྱི་ཤེས་འགན་ཚོགས་པས་དགོན་པ་ནས་རྒྱང་ཕུད་བཏང་བའི་གནས་ཚུལ་དྲ་ལམ་ཀུན་ལ་ཁྱབ་པས་ཉིན་མོ་དེ་ནས་ཀིར་དགོན་གྱི་ཁ་དོག་འགྱུར་སོང་། 
 དཔྱོད་ལྡན་པའི་སྡེས་བཙོག་ཏུ་ལྟ་བའི་དགོན་པ་ཞིག་ཏུ་འགྱུར་ནས། དཔྱོད་ལྡན་པ་ཀུན་གྱིས་མགྲིན་གཅིག་ཏུ་ཀིར་དགོན་གྱིས་རྩོད་ཀྱིན་པའི་རང་དབང་དེ་ཅི་ཞིག་གི་རང་དབང་ཡིན་ནམ། རང་དབང་རྩོད་ལེན་པ་གྲྭ་བཙུན་རྩོམ་པ་པོ་གྲགས་ཆེན་སྒོ་ཤེར་ལགས་ནི་དགོན་པ་ནས་ཕུད་འདུག་པས། ཁོ་ཚོས་རང་དབང་རྩོད་ལེན་གྱི་ལམ་ལ་ཞུགས་པ་གཡམ་རྒྱུག་དང། འུར་ཞོག་བྱས་པ་ལས་ཅི་ཡང་མ་ཡིན་པའི་ཚོར་བ་ཞིག་བོད་མི་དཔྱོད་ལྡན་ཡོངས་ལ་སྤྱིན་ཡོད། དོན་ངོ་མ་སྒོ་ཤེར་ཀིར་དགོན་ནས་འདུག་ག་མ་བཞག་པ་དེས་སྒོ་ཤེར་ལ་མི་གནོད་ཀྱང་། ཀིར་དགོན་གྱི་སློབ་གསོ་དང་སློབ་སྦྱོང་ལ་ཕམ་ཁ་ཆེན་པོ་རག་ཡོད་ཀྱང་། དེ་སྒེར་གཅོད་པ་རྣམས་ཀྱིས་རྟོགས་མེད།

3 ངའི་ཐ་མའི་སེམས་ནང་གི་ཀིར་དགོན། 
 ངས་འདི་ནས་སྒོར་ཤེར་ཚད་མ་ཡིན་པར་སྒྲུབ་འདོད་ནས་ཀྱང་བཤད་པ་མིན་ལ། ཤེས་འགན་ལྷན་ཚོགས་ལ་སྒོ་ཤེར་ཀྱིས་ཀིར་དགོན་ལ་ཤ་ཚ་བའི་སེམས་གཏམ་དྲོད་མོའི་རྩོམ་ཡིག་ཐེངས་གཉིས་བྲིས་འདུག་པ་དེ་ལ་དབང་འཛིན་པས་ལུགས་དང་མཐུན་པའི་ལན་ཞིག་ཕར་ཞོག དགེ་བསྐོས་སོགས་ཀྱིས་ཚོགས་གཏམ་རྫིག་ཐག་ཆོད་པ་ཞིག་བཏང་ནས། སྒོ་ཤེར་གྱིས་ནག་ཉེས་དང་ལེན་མ་བྱས་ན་དགོན་པར་ཡོང་མི་ཆོག་ཅེས་པའི་་སྐད་ཆ་ཐོས་རྗེས། ཨ་ཙི་ཆོས་ཀྱི་དགོན་སྡེ་ཆེན་པོ་དེ་ན་གྲྭ་བ་རྣམ་དག་དེ་ལྟ་བུ་ཞིག་འདུག་མ་ཆོག་ན། ད་གྲྭ་བ་གང་འདྲ་ཞིག་སྡོད་དགོས་ན་སྙམ་ནས་རང་སེམས་སྐྱོ་ལྷང་ལྷང་དུ་གྱུར་སོང་། 
 དེའི་རྗེས་གནད་དོན་ཆེ་རུ་སོང་ནས། ད་ལོ་ཡང་ཀིར་དགོན་གྱི་ནང་ནས་རིག་གནས་དང་སློབ་སྦྱོང་ལ་དགའ་བའི་སློབ་སྦྱོང་བ་ཉིས་བརྒྱ་ལྷག་ཅིག་གནས་སྐབས་གྲྭ་ས་གཞན་པར་སློབ་སྦྱོང་དུ་ཕྱིན་པ་དེ་དབང་འཛིན་པའི་སེམས་ལ་མ་བབས་ཏེ། དེ་ནི་སློབ་སྦྱོང་ཞིག་གི་དམིགས་ཡུལ་ལ་མ་བརྩིས་པར་གཏོར་བཤིག་གི་ཉེས་པར་བསྒྲགས་འདུག གལ་ཏེ་དེ་ཚོ་མྱུར་དུ་རང་དགོན་དུ་མ་ཡོང་ན་དགོན་ནས་ཕུད་རྒྱུ་ཡིན་པ་ཁྱིམ་བདག་ཚོར་ཞུས་ཏེ། སློབ་སྦྱོང་བ་ཚོའི་ཕ་མ་ཉེ་འབྲེལ་ཚང་མ་སྡུག་ལ་གཏོད་ཀྱིན་པ་ཐོས་དུས་རང་སེམས་བདེ་མོ་ཞིག་གཏན་ནས་མ་རེད། དེ་མིན་པའི་རྒྱུ་མཚན་ནི་ཀིར་དགོན་གྱི་ངུར་སྨྲིག་གི་འདུས་སྡེ་སྤྱི་ལ་དགའ་མཁན་དང་། དེའི་ནང་ནས་ཀྱང་དཔལ་ལྡན་འབྲས་སྤུངས་ཀྱི་སློབ་གྲོགས་གང་མང་ཡོད་པས་སེམས་ཚོར་ཤིན་ཏུ་ཆེའོ།།
 ད་ནི་ཀིར་དགོན་གྱི་དབང་འཛིན་རྣམས་བསམ་བློ་ཞིབ་མོ་ཞིག་གཏོང་རན་རེད་མ་གཏོགས། དགོན་པ་འཐོར་ཞིག་ཏུ་འགྲོ་རན་ཡོད་ཅིང་། དགོན་པ་འཐོར་ཞིག་ཏུ་སོང་མ་སོང་ནི། དགོན་པར་ཐོས་བསམ་སློབ་གཉེར་བའི་སྡེ་གཙང་མ་ཞིག་ཡོད་མེད་ལ་རག་ལས་ཡོད་ན་ཡང་། ཁྱེད་ཅག་གིས་ཐོས་བསམ་གང་ཡག་རྣམས་རྒྱང་ཕུད་ཀྱི་ལས་འགུལ་ལ་འབད་ཀྱིན་ཡོད་པ་ཀུན་འཇིག་རྟེན་ཀུན་ལ་ཁྱབ་འདུག་པས།
 ད་ནི་བསམ་བློ་གཏོང་རན་རེད་མེད་དམ།

2014. 4. 6
དགོན་སྡེའི་ལས་དབང་ལ་སེམས་ཁུར་ཡོད་པའི་ཤེས་རབ་ཡེ་ཤེས་ཀྱིས་འཕྲལ་དུ་བྲིས།

འགན་འཁྲི་ཡི་ཕྱིར་དུ་སྐད་ཅིག་བརྒྱབ་ན།
སོ་མིག རྔ་པ་ཀིརྟི་དགོན།

ཐོག་མའི་སྐད་ཆ།
 རང་དགོན་གྱི་ལས་སྣེ་དག་གིས་བྱ་བ་ཆེ་ཕྲ་ཆུང་གསུམ་གང་ལའང་གྲོས་ཀྱི་ཟུར་ཁ་མངོན་སྟངས་དེར་གཞིག་ན། སློབ་སྦྱོང་གིས་སྟོང་ཞིང་ལྷག་བསམ་གྱིས་དབེན་པའི་བདག་གིས་ཀྱང་འགན་འཁྲི་ཡི་ཕྱིར་དུ་ཐབས་ཟད་འུ་ཐུག་གིས་གཉོམ་སྐད་ཅིག་བསྒྲགས་འདོད་བྱུང་ཐལ།

གཅིག
 གཉིས་སྟོང་བཅུ་གསུམ་ནས་བཟུང་རང་དགོན་གྱི་ལས་སྣེ་དག་གིས་དོན་དག་གསར་བ་ཞིག་སྒྲུབ་འགོ་བརྩམས་ཡོད། དེ་ནི་གང་ཞེས་ན་ནག་ཉེས་དང་རྒྱུ་མཚན་ཅི་ཡང་མི་དགོས་པར་ཁོ་ཚོས་བཞག་པའི་སྒྲིག་ལམ་ལས་སུ་ཞིག་འདའ་སོང་ཚེ་དེ་ཕུད་འཇོག་དང་གན་དབྱུང་འཇོག་ཅེས་པ་དེའོ།། ན་ནིང་སྐུ་ཞབས་སྒོ་ཤེར་གྱིས་རྩོམ་འབྲིའི་རང་དབང་དགོས་པར་བཤད་པས་ཁོ་དགོན་པ་འདི་ནས་གནས་དབྱུང་བཏང་སོང་བ་མ་ཟད་དེ་ལ་གྲྭ་མང་གིས་མི་འགྲིག་པའི་རྣམ་པ་ག་ཙམ་བསྟན་ཡང་ཁ་ཡ་ལར་མ་བྱས། ད་ལོར་ཡང་རང་དགོན་ནས་གྲྭ་པ་རེ་གཉིས་ཤིག་ཕྱོགས་སོ་སོར་སློབ་གཉེར་ལ་ཕྱིན་པ་ཚོ་ཡང་ཟླ་གཅིག་ལའང་འདུག་ཏུ་མ་བཅུག་པར་དགེ་སྐོས་ཀྱིས་ཚོགས་དབུས་ནས་ཉིན་འདིའི་རང་ཐོན་དགོས་སོགས་ཀྱི་ཚོགས་གཏམ་དྲག་པོ་བྱས། མ་ཟད་འཛིན་གྲྭའི་སྐྱོར་དཔོན་དང་ཕ་མ་སྤུན་མཆེད་སོགས་ལ་འཇིགས་སྐུལ་སྣ་ཚོགས་པ་ཞིག་བྱས་ནས་ཕྱིར་བསྡུས་ཏེ་ཉིན་ཞིག་ཆོས་ཚོགས་སྐབས་ཤིག ལས་སྣེ་དག་འཛིན་གྲྭ་རེ་རེ་བཞིན་རིམ་གྱིས་ཉུལ་ཏེ་མཚན་ཐོ་བརྒྱབ་ནས་ཡོངས་རྫོགས་ཕེབས་ཡོད་མེད་ཞིབ་ཀྱིས་བརྟག་དུས་རང་དགོན་དུ་ལོག་མེད་པའི་སློབ་གཉེར་བ་རེ་ཞིག་ཡོད་པར་རྟོགས་ནས་ཡང་བསྐྱར་ཚོགས་དབུས་ནས་ཚེས་འདིའི་ཉིན་ཐོན་དགོས་མ་ཐོན་ན་ཐག་བཅོད་ངེས་ཞེས་ཚོགས་ཞུས་བྱས་ནས་དེ་རིང་ལ་ཐུག་དུས་ཁོང་ཅག་ནི་ཧ་ཅང་གི་རྟུལ་ཕོད་ཅན་དང་བློ་གཤོག་ཅན་ཁ་དོན་ཚིག་གནས་ཅན་ཡིན་མདོག་གིས་གྲྭ་རྐྱང་སློབ་གཉེར་བ་གསུམ་གནས་དབྱུང་བཏང་འདུག དེ་དག་ནི་ན་གཞོན་རྩོམ་པོ་འཇམ་དཔལ་ལམ་གློག་དམར་དང་བློ་ཚེ་འཇིགས་མེད་བཅས་ཡིན། ཁོང་ཅག་གནས་དབྱུང་གཏོང་དགོས་པའི་ཉེས་པ་ཅི་ཡང་བཟོས་མེད་མོད་འོ་ན་ཅི་ཞིག་ལ་གནས་དབྱུང་བཏང་སོང་ཟེར་ན་ཁོང་ཅག་ལས་སྣེ་དག་གི་ཁ་ལ་མ་ཉན་པ་ཙམ་ལས་རྒྱུ་མཚན་ཅི་ཡང་འདྲེན་རྒྱུ་མི་འདུག ཁོང་ཅག་གིས་གསར་དུ་བཏོད་པའི་བྱ་བ་དེ་ལ་ཁོང་ཅག་མོས་ཤིང་དུངས་པས་གང་འདོད་དུ་ལག་བསྟར་བྱེད་རྒྱུ་ལས་ཉེས་པ་ཞིག་བཟོ་དགོས་མི་འདུག་པར་མ་ཟད་རྒྱུ་མཚན་དེ་ལས་ཀྱང་མི་དགོས་སོ།།

གཉིས། 
གནས་དབྱུང་གཏོང་བའི་བྱ་བ་དེ་ལ་ཁྱེད་ཅག་གོམས་སོང་བས་ཟེར་ན་ཆོག་དགའ་དྲག་པས་ཟེར་ན་ཡང་རུང་གང་ལྟར་ཁྱེད་ཅག་དེ་ལས་གྱེས་མི་ཐུབ་པའི་བག་ཆགས་ཤིག་གིས་དམ་པོར་བཅངས་ནས་འདུག གནས་དབྱུང་གཏོང་བའི་དོན་ལ་ཁྱེད་ཅག་ཚོགས་འདུ་རྒྱས་བསྡུས་གང་ཞིག་འཚོག་ཅིང་མང་ཁ་གཅིག་གྲག་གིས་གྲོས་ཐོག་གཅིག་ལ་མཉམ་མཐུན་གྱིས་འཇོག་ཐུབ་པ་འདི་ལ་ང་དངོས་གནས་ཡ་མཚན་གི་ཧ་ལས་ཀི ཅིའི་ཕྱིར་དུ་ཞེས་ན་དགོན་པའི་དོན་དག་ཕལ་བ་ཟེར་ན་འདྲ་གང་ལྟར་གང་ལྟར་གནས་དབྱུང་གཏོང་རྒྱུ་ལས་གཞན་པའི་དོན་དག་གང་ཞིག་ལ་གྲོས་བསྡུར་བྱས་ན་མཉམ་མཐུན་གྱིས་རྩོད་མེད་གཅིག་ཐོག་ཅིག་ཏུ་བཞག་ཡོད་པ་ཐོས་འཛིན་རྣ་བའི་བུ་གར་འོང་མྱོང་མེད། ཁྱེད་ཅག་གིས་དགོན་པའི་དོན་དུ་ཡིན་ཁུལ་གྱིས་བཞག་པའི་སྒྲིག་ལམ་འདི་ཡིས་མདུན་ལམ་ཅི་ཞིག་འཚོལ་གྱིན་ཡོད་དམ། ཕན་ཐོག་ལས་གནོད་སྐྱེལ་གྱིན་འདུག་བསམ་ན་སྙིང་དམར་པོའི་འཕར་ལྡང་འགྱུར་གྱིན་མེད་དམ། ད་རེབ་སློབ་སྦྱོང་ལ་སོང་བའི་གྲྭ་གཞོན་དག་ལས་རེ་ཞིག་སྐྱ་སར་བབ་བཞག་པ་འདི་ཡང་ཁྱེད་ཅག་གིས་བཞག་པའི་སྒྲིག་ལམ་གྱི་ནག་ཉེས་མ་ཡིན་ནམ། རེད་དེ། ཟུར་གཞན་ཞིག་ནས་བཤད་ན་སློབ་སྦྱོང་གི་ཆེད་དུ་སྐྱ་སར་བབ་པ་ནི་གླེང་རིན་ཡོད་པ་ཞིག་ལས་གྱོང་གུད་ཅིག་ཏུ་མི་སེམས་མོད། འོན་ཏེ་སློབ་གཉེར་བ་དེ་དག་གི་ཕ་མ་སོགས་ཀྱིས་རེ་བ་ཅི་ཞིག་བཅངས་ནས་དགོན་ནང་དུ་བསྐྱལ་ཡོད་པ་བསམ་ན་ཁྱེད་ཅག་གིས་བྱས་པའི་ནག་ཉེས་དེ་ཡང་ནག་ཉེས་ཤིག་ཏུ་མི་བགྲང་ག་ལ་རུང་།

 མཇུག་གཏམ།
 གོང་སྨྲས་མཐའ་དག་ཁྱེད་ཅག་གིས་སྒྲུབ་པའི་བྱ་བ་དེ་ལ་ཤིན་ཏུ་རབ་ཏུ་སུན་ཏེ་སྡུག་གཏམ་འབའ་ཞིག་བརྗོད་པ་ཡིན་པས། ཁྱེད་ཅག་གི་སྙིང་གི་གཏིང་དུ་ཟུག་པར་སྨོན། གྲྭ་མང་གི་བསམ་འཆར་དང་སྡུག་གཏམ་དག་ལ་འབྲས་བུ་ཅི་ཡང་སྨིན་གྱིན་མེད་དེ་ཁྱེད་ཅག་གིས་དེ་དག་སྣང་མེད་དུ་བཞག་ནས་སྨྱོན་པས་ཁ་བླས་པ་དེར་ཅི་ཉན་ཞེས་བཞུགས་ཡོད་མོད། རེད་དེ་ཁྱེད་ཅག་གི་བསམ་ཚུལ་ལས་འདའ་བའི་སྐད་ཆ་དག་སྨྱོན་པས་ཁ་བླས་པར་ཇི་ལྟར་སྒྲུབ། གཏན་ནས་སྒྲུབ་ཐབས་དབེན་པས་ད་ནས་བཟུང་གྲྭ་མང་གི་བསམ་འཆར་ལ་རེ་ཞིག་ཟུར་བལྟ་གནང་རོགས་ཞེས་ཞུས་པ་ལགས།

༢༠༡༤/༤/༡༨ཉིན་རང་ཤག་ཏུ་བྲིས།

ངོས་ཀྱིས་དོ་ཁུར་བྱེད་པའི་ལེགས་བཤད་གླིང།

ལྡོང་བསམ། རྔ་པ་ཀིརྟི་དགོན།

༼གཅིག༽ 
སྤྱིར་གནས་སྐབས་འདི་ལྟ་བུ་ཞིག་ལ་ཁོ་བོར་བྲིས་རྩོམ་ཞིག་འབྲི་བའི་སེམས་ཁམས་རྦད་དེ་མེད་ལ།རང་སེམས་ལྷོད་ལ་བབ་ནས་མཚན་ཉིད་ཀྱི་དཔེ་ཀློག་ལ་བསྟིམས་བསམ་ཀྱིན་ཡོད།
ཡང་གཅིག་བཤད་ན།གཉེན་ཉེ་ཚོའི་གནོད་ཤུགས་དང་གྲྭ་རྒན་ཚོས་ཞྭ་མོ་བཀབ་པའི་ཁོར་ཡུག་འདི་འདྲ་ཞིག་གི་འོག་ཏུ་འཚོ་བ་རོལ་རྒྱུ་ནི་དངོས་གནས་དྲང་གནས་ལས་སླ་བོ་ཞིག་གང་ནས་ཡིན་།རེད་དེ།ལེགས་བཤད་གླིང་གི་གནད་དོན་ནི་རང་ཉིད་དང་འབྲེལ་བ་ངེས་ཅན་ཡོད་པས་མི་གླེང་ཐབས་མེད་དུ་གྱུར་སོང།མ་ཟད།རང་ཉིད་ཀྱི་གདམ་གསེས་བྱས་པའི་འཚོ་བའི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་དོར་དགོས་ཀྱང་།
ཁོ་བོ་བློ་འགྱོད་སྤུ་རྩེ་ཙམ་ཡང་མེད་པ་ལགས་ན།དུས་རྟག་ཏུ་རང་ཉིད་ཀྱི་འཚོ་བ་དང་སྐད་ཆ་ལ་རང་ཉིད་ཀྱི་འགན་ཁུལ་གྱིན་ཡོད་།
 དེ་བས།འདིར་རང་ཉིད་ཀྱི་འདོད་པ་ཙམ་བསྟན་པར་བྱའོ །།
༼གཉིས༽
འདིར་སྐབས་དོན་དངོས་ནི་ལེགས་བཤད་གླིང་གི་དབང་ཆ་སྒེར་གཅོད་པ་ཚོའི་སློབ་གཉེར་ལ་འགྲོ་མཁན་ཚོ་འགོག་གིན་པའི་གནད་དོན་དེ་གླེང་འདོད་པ་ཡིན་ལ།
སྤྱིར་དགོན་པ་གཞན་དུ་སློབ་སྦྱོང་ལ་འགྲོ་མཁན་ཚོ་འགོག་དགོས་པའི་རྒྱུ་དང་རྐྱེན་ནི་དབང་འཛིན་མཁན་ཚོའི་དབང་དང་ཐོབ་ཐང་ཤོར་འགྲོ་བའི་མ་ཡིན་ལ།རྒྱུ་དང་ནོར་ལག་ནས་བྲལ་འགྲོ་བས་དེས་ཀྱང་ག་ལ་ཡིན།ཡིན་རྒྱུ་ནི།ཁོང་ཚོས་བྲན་དང་འབངས་གཡོག་མ་བྱས་བའི་ཡིན་ལ།དེ་མ་ཡིན་པའི་ལོགས་སུ་གཏན་ཚིགས་འགོད་རྒྱུ་ཡེ་ནས་མེད་ལ།དེ་མེད་པ་ནི་
གྱོད་ཉལ་དོན་རྐྱེན་ལས་
ཤིན་ཏུ་གྲུབ་ལ།རབས་ཏུ་གསལ་ལོ།
༼གསུམ༽
ཡང་དབངའཛིན་པ་དག་གིས་རྒྱུན་དུ་སུ་ལ་ཐུག་ཀྱང།དགོན་པ་རྒྱམ་མཚོ་འདྲ་བོ་གཡུགས་ནས་དགོན་ཆུང་བྱ་སྐྱག་འདྲ་ཞིག་ཏུ་སོང་ནས་དཔེ་ཆ་ཞིག་ཨེ་གོ་ཞེས་རྒྱུན་དུ་དགེ་ཕྲུག་ཚོ་ལ་སྡིགས་དམོད་བཤད་མོད།འོ་ན་ཅི་ཞིག་ལ་དགོན་པ་རྒྱམ་མཚོ་འདྲ་བོ་ཟེར།ཅི་ཞིག་ལ་དགོན་པ་བྱ་སྐྱག་འདྲ་བོ་ཟེར།གྲྭ་ཚོགས་མང་ཉུང་གི་ཆ་ནས་ཡིན་ཟེར་ན་།དབང་འཛིན་པ་དག་གིས་དགོན་པ་ཆེ་ཆུང་གི་དོན་སྙིང་རྩ་བ་ནས་རྟོགས་ཀྱིན་མེད་པ་སྟེ།གོང་ས་མཆོག་གིས་ཀྱང་རྒྱུན་དུ་གྲྭ་ཚོགས་མང་ནས་ཧ་ལས་རྒྱུ་ཅི་ཡང་མེད་ལ།གཅིག་བྱས་ན་མི་རིགས་ལ་གནོད་སྲིད།དེ་བས།གྲྭ་པ་དང་བཙུན་མ་གང་ཡོད་སྤུས་དག་པོ་ཞིག་ཡོང་པ་གལ་ཆེ་ཞེས་གསུངས་པ་ནི་གནད་ཀྱི་དམ་པ་མ་བོར་བའི་ཐབས་མཁས་ལ་ཐུགས་རྗེ་ཆེན་པོའི་ལེགས་བཤད་ཅིག་མ་ཡིན་ནམ།སྤྱིར་ལེགས་གླིང་གི་དབང་འཛིན་མཁན་དག་གིས་ལེགས་གླིང་འདིར་སློབ་སྦྱོང་གི་ཁོར་ཡུག་གཙང་ཡངས་ཤིག་ཆགས་པའི་ཕྱིར་དུ་མི་འབད་པར་དབང་ཆ་སྒེར་གཅོད་ལ་འབད་ཀྱིན་པ་དང་།སློབ་གཉེར་བ་ཚོའི་དཀའ་ཁག་ལ་རྒྱུས་ལོན་ཟུར་ཙམ་ཡང་མི་བྱེད་པར་སྣོག་ལས་སྣ་དགུ་ལ་འབད་ཀྱིན་པ་ནི་དངོས་ནས་དྲང་གནས་མ་འོང་པར་དགོན་པ་འདིས་ཐོས་བསམ་སྒོམ་གསུམ་མེད་པའི་རྐྱེན་ཞིག་ལ་དེ་ལས་ལྷག་པ་ཞིག་གང་ནས་འཚོལ།
མ་གཞི་འུ་ཚོའི་སྒྲིག་ལམ་དང་བཅའ་ཡིག་སོགས་གང་ཡིན་ཀྱང་གྲྭ་པ་སྒེར་རེ་རེའི་སློབ་སྦྱོང་གི་ཆེད་དུ་བེད་སྤྱོད་ཀྱི་དོན་སྙིང་ཡོད་མེད་ལྟ་རྒྱུ་ལས།བླ་མའི་གསུངས་བརྩི་མི་བརྩི་ཡི་ཆེད་དུ་
སྒྲིག་ལམ་དངབཅའ་་ཡིག་སོགས་བེད་སྤྱོད་སྟངས་འདི།རྩ་བ་དོར་ནས་ཡལ་ག་འཛིན་པའི་ལས་ལ་འཇུ་བ་མ་ཡིན་གྲང། འོན་ཀྱང།ཁོ་བོས་རྒྱུན་དུ་ལེགས་གླིང་གི་དབང་འཛིན་པ་ཚོས་རྒྱུ་འབྲས་ལོག་སྒྲུབ་བྱེད་པ་ཅི་ཁག་སྙམ་གྱིན་ཡོད་དེ།ཁོང་ཚོ་ནི་ཐུབ་པའི་ཤེར་རབ་ཀྱི་སློབ་སྦྱོང་སྣ་གཅིག་ཀྱང་བསྟན་རྒྱུ་མེད་མཁན་ཤ་སྟག་རེ་ཞེས་ལབ་ན་ཅུང་མི་འཚམ་མོད། ཡིན་ཡང། གནད་དོན་ལ་ཐུག་དུས། འཁྱོག་བཤད། ལོག་བཤད། གཟུ་བོར་མི་གནས་པ། སྣོག་ལས་སྣ་དགུ་བྱེད་མཁན་གྱི་གནད་དོན་ལ་འགན་མི་ཁུར་མཁན་ཤ་སྟག་རེད་ཅེས་སྨྲས་ན་ཤིན་ཏུ་འགྲིག་པར་འདོད་ལ།འགའ་རེ་ཟུང་མ་གཏོགས་ཉིན་མཚན་དུས་དྲུག་ཏུ་སྐྱོ་ཞིང་ངུ་འཆོར་བའི་འདོད་སྲེད་ལ་གཡེང་མཁན་ཏག་ཏག་མ་ཡིན་ནམ།དེ་ལྟ་ལགས་ན།ལེགས་གླིང་གི་དབང་འཛིན་པ་ཚོ།ད་ནི་རང་གི་མངོན་འདོད་དང་ཞེན་ཕྱོགས་ཙམ་འགྲུབ་པའི་ཕྱིར་དུ་ཚད་མེད་པའི་དབང་ཆ་སྒེར་གཅོད་ཀྱི་ལས་ལ་མི་འཇུག་པར།ལེགས་ཉེས་བླང་དོར་ལ་མི་རྨོངས་ཤིང་།རྒྱུ་འབྲས་བློ་མིག་མ་སྒྲིབ་པའི་ངང་ནས་སློབ་གཉེར་བ་ཚོའི་སློབ་སྦྱོང་ཀི་དཀའ་ཁག་ཅི་ཡོད་སེལ་བའི་ཆེད་དུ་གང་ཐུབ་ཐུབ་ཀྱིས་ལས་ལ་འབད་རྒྱུ་དང་།ཧུར་གྱིས་བརྩོན་རྒྱུ་ནི།
བརྩེ་བ་དང་ཤེར་རབ་སྙིང་པོ་ཡིན་པའི་ཐུབ་བསྟན་རིན་པོ་ཆེ་མཇུག་བསྡུ་ལ་ཉེ་བའི་དུས་འདིར་བསྟན་པ་ལ་ཕན་ཐོགས་དང་སེམས་ཅན་གྱི་བདེ་སྐྱིད་ཟེར་བ་དེ་ཡིན་ངེས་སོ།
སྤྱིར་བྲིས་རྩོམ་ཐ་ཐོར་ཞིག་གིས་སྐད་ཆ་ཡོད་ཚད་མཚོན་མི་ཐུབ་པས་ཡིག་ཚོགས་ལ་འཇིགས་ནས་དེ་ཙམ་བྱས་སོ།

2014/4/26ཉིན་རང་ཤག་ནས་བྲིས།

སྒེར་གཅོད་བྱས་སོང་།། གནས་དབྱུང་བཏང་སོང་།། རྙོག་གྲ་བཟོས་སོང་།། བློ་ཕམ་སྐྱེས་སོང་།།

རི་མདོ་པ། རྔ་པ་ཀིརྟི་དགོན།

ང་ཚོའི་ཚོགས་འདུ་དག་ད་ཅི་ཞིག་རེད། གདོན་གྱིས་སྨྱོས་པ་ཡིན་ནམ། ཆང་གི་བཟི་བ་ཡིན། ན་ནིང་སྒོ་ཤེས་རབ་ལགས་ཕུད་པ་རེད། ད་ལོ་གྲྭ་གྲངས་བཅོ་ལྔ་ལྷག་ཅིག་ཕུད་སོང་། སང་ལོ་ཡང་ཅི་ཞིག་གི་འཆར་གཞི་དང་གྲྭ་པ་སུ་གནས་འདི་ནས་འགྲོ་དགོས་པ་ཆ་མ་འཚལ་མོད།ཡིན་ཡང་ཕུད་སྟངས་འདི་ལ་གཞིགས་ན་དགོན་པ་འདི་ཁོ་པ་ཚོའི་གསར་འཛུགས་བྱས་པ་དང་འདྲ་ལ།དགོན་འདི་ལག་པ་རྐོ་རྐོའི་མཐིལ་ལ་ཡོད་པ་འདི་ཚོར་དཔག་ན་འཇིགས་རུང་རེད།མ་གཏོགས་ཁོ་པ་ཚོས་རྒྱུན་དུ་གླེང་རྒྱུ་བླ་མ་དཀོན་མཆོག་གསུམ་དང་ལས་རྒྱུ་འབྲས་ཆོས་སྐྱོང་སྲུང་མ་ཟེར་མོད། སྒེར་གཅོད་དང་གནས་དབྱུང་གཏོང་དུས་བླ་མ་སོགས་ཁ་ནས་གང་ཟེར་བ་ཡིད་ཀྱི་ཟུར་ཙམ་ལ་ཡང་མེད་པར།
དགོན་འདིའི་བྱེད་པོ་ལྟ་བུར་རློམ་ནས་དབང་ཆ་བཙན་པོ་ཡོད་པ་འདི་ལ་བལྟས་ན།འཇིགས་ཡུལ་ཡིན་པ་གདོན་མི་ཟ། ཡིན་ནའང་། ང་རང་ལ་མཚོན་ན་འཇིགས་ཡུལ་ཡིན་པ་ཤེས་བཞིན་ངོ་རྒོལ་བྱེད་དོན། ཉམ་ཆུང་སློབ་གཉེར་བ་དག་གི་ཆེད་ཟེར་ནའང་འདྲ། རང་ཉིད་གནས་ལུགས་ལ་ཡིད་ཕྱོགས་མཁན་ཞིག་ཡིན་པའི་ངོས་ནས་ཟེར་ནའང་ཆོག སྐད་འབོད་བྱེད་ངེས་ཡིན། 
དེ་རིང་ལྟ་བུར་ཐག་གཅོད་བྱས་བཞག་ནའང་། སེམས་ཁྲལ་གང་ཡང་མེད་པས་འོས་ལངས་བྱེད་ངེས་སོ།། གནས་ལུགས་ལ་ཡིད་ཕྱོགས་པའི་གྲྭ་མང་དཀྱུས་མའི་འདོད་པ་ནི། རང་ཉིད་རང་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར་ཞེས་གསུངས་པ་ནང་བཞིན། ང་ཚོའི་འཁོར་ཡུག་ང་ཚོ་རང་གིས་བཟོ་དགོས་པ་ལས་གཞན་སུ་ཡིས་ང་ཚོར་འཚམས་པའི་ཁོར་ཡུག་དྭངས་གཙང་ཞིག་བཟོ་མི་སྲིད། དེའི་ཕྱིར་ང་ཚོས་ངེས་པར་དུ་འོས་ལངས་བྱ་དགོས། ད་ལྟའི་ཚོགས་འདུ་ཟེར་བའི་ལས་བྱེད་མི་སྣ་དག༡བསྐྱར་འཇོག་ཡོང་བར་འོས་ལངས་བྱ་དགོས་སོ།།

མཆན། ༡གོང་ཁྲི་ལ་འགྱིང་པས་གྲྭ་རྒན་དབུ་དཀར་དག་དང་གཅིག བར་ཤེས་མེད་འགན་འཛིན་ཚོགས་པ་དང་གཉིས། འོག་ཚོགས་འདུའི་མིང་ཐོགས་ཁ་མང་ལག་མང་ཅན་དག་བཅས་གསུམ་མོ།།

སྒེར་གཅོད་གྲོས་ཆོད་མ་བསྒྱུར་བར་དུ་ངའི་སྨྱུ་གུ་འདུག་མི་སྲིད།
བློ་མིག རྔ་པ་ཀིརྟི་དགོན།

གཅིག
 ད་ལོར་རང་དགོན་གྱི་གྲྭ་གཞོན་གང་མང་ཞིག་སློབ་སྦྱོང་དུ་སོང་སྟེ།ཉིན་ཁ་ཤས་ལས་མ་འགོར་བར་དགོན་པ་གཞུང་གི་ལས་ཀྱི་སྣེ་མོ་བ་གང་ཡོད་ཀྱིས་འཚོགས་འདུ་ཞིག་འཚོགས་ཏེ།ཉིན་བདུན་གྱི་རིང་ཕྱིར་མ་ཡོང་ན་རང་དགོན་དུ་ཡོང་ས་མེད་པའི་གྲོས་ཆོད་བྱས་ཡོད་པ་དང་།ད་དུང་གྲོས་ཆོད་དེ་ནི་ཕྱིར་ཕེབས་ཀྱི་གྲྭ་བ་རེ་རེའི་ཕ་མ་དག་གི་སྙན་དྲུང་དུ་བཞག་ཡོད་པས།
 ད་རེབ་ཁོ་བོས་ཀྱང་རྔ་ཡུལ་ཀིརྟི་དགོན་གྱི་ལས་ཀྱི་སྣེ་མོ་བའམ་དབང་འཛིན་པ་ཡོངས་ཀྱི་སྙན་དྲུང་དུ་གཏམ་ཁ་ཤས་མི་ཕུལ་རང་ཕུལ་དུ་གྱུར་ཡོད།
གཉིས།
 དགོན་པ་དང་ཁ་གྱེས་ཏེ་རྒྱ་ཡུལ་དུ་རྒྱ་བླ་བྱེད་པའི་བླ་སྤྲུལ་ཕྱུག་པོ་དག་ནི་གང་འདོད་དུ་སོང་ཆོག་པ་དང་།གཞན་བཀའ་པོད་ལྔ་ལ་སློབ་སྦྱོང་དུ་ཕྱིན་པའི་གྲྭ་རྐྱང་སློབ་གཉེར་བ་དག་ལ་ཚོགས་གཏམ་སོགས་བྱས་ཏེ།དངོས་ཤུགས་བརྒྱུད་གསུམ་ནས་ཁོ་ཚོའི་ཕ་མ་དང་གཉེན་ཉེ་གང་ཡོད་ལ་འགལ་བ་བྱུང་དུ་འཇུག་དོན།རྒྱལ་བའི་གསུང་རབ་ལ་ཐོས་བསམ་བྱས་པས་ཡིན་ནམ།ཡང་ན་ཁོ་ཚོ་གཉོམ་ཆུང་ཁེར་རྐྱང་གི་དབང་རྒྱུ་མེད་པའི་གྲྭ་རྐྱང་སྐོར་ཞིག་ལ་འཁེལ་ཡོད་པས་ཡིན་ནམ།
གསུམ།
 དུས་རྒྱུན་དབང་འཛིན་པ་དག་གིས་སྒྲིག་ལམ་གང་ཞིག་བཟོས་ན་གྲྭ་མང་གི་དཀའ་ངལ་དངོས་ལ་མི་དཔག་པར།གྲྭ་མང་ལ་གྲོས་ཁ་ཙམ་ཡང་མི་བསྡུར་བར་གང་སྣང་གང་དྲན་བྱས་པས།སྔ་གཞུག་ཀུན་ཏུ་གྲྭ་མང་གི་བསམ་འཆར་ཆར་ལྟར་བབས་པ་བརྗེད་སོང་བ་ཡིན་ནམ།ཡང་ན་ཁྱེད་ཅག་ཐོས་བསམ་ལ་མི་དགའ་བས།དེ་ལ་དགའ་བའི་གྲྭ་རྐྱང་དག་མིག་ལ་མི་རན་པ་ཡིན་ནམ།
བཞི།
 སྡེ་སྣོད་གསུམ་ལ་སློབ་སྦྱོང་བྱས་པའམ་དེ་ལ་འཇུག་ན་ཀིརྟི་དགོན་པ་ནས་ཕུད་དགོས་ན།ཀིརྟི་དགོན་པའི་དབང་འཛིན་པ་དག་གིས་བཅའ་ཡིག་བློ་གསལ་འཇུག་ངོགས་ལ་བསམ་བཞིན་ངོ་རྒོལ་བྱས་པ་ཡིན་ལ།བཅའ་ཡིག་བློ་གསལ་འཇུག་ངོགས་སུ"ངེད་རྒྱ་གར་བ་དོ་གལ་ཆེ་བའམ་བྱ་བ་གློ་བུར་བ་བྱུང་ན་སྡེ་སྣོད་འཛིན་པ་རྣམས་འཚོགས་ནས།སྡེ་སྣོད་གསུམ་ནས་མ་བཀག་གམ།སྡེ་སྣོད་གསུམ་དང་མི་འགལ་ལམ། ཞེས་གཏན་ལ་ཕབ་ནས་དེའི་སྟེང་དུ་འཇོག་པ་དགོས་པ"གསུང་ཡོད་མོད།རྒྱལ་བའི་བཀའ་བསྟན་ལ་སློབ་སྦྱོང་བྱས་ན་སྡེ་སྣོད་གསུམ་ལ་གང་ནས་འགལ་ཡོད་དམ།ཡང་ན་དབང་འཛིན་པ་དག་སྡེ་སྣོད་གསུམ་ལ་ངེས་ཤེས་མེད་དེ་དབྱེ་འབྱེད་མ་ནུས་པར་ཡོད་ཚད་དབང་གིས་ཐག་བཅད་པ་ཡིན་ནམ།
ལྔ།
 རི་བོ་དགེ་ལྡན་པའི་དགོན་པ་ཞིག་ནས་པཎ་གྲུབ་བཅུ་བདུན་གྱི་གསུང་རབ་ལ་ཐོས་བསམ་སློབ་གཉེར་བྱས་ན་གནས་དབྱུང་གཏོང་གིན་ཡོད་པ།རྗེ་ཐམས་ཅད་མཁྱེན་པའི་བསྟན་པ་ལ་སུན་དང་རྨ་ཕབ་པ་མ་ཡིན་ནམ།
 མདོར་ན།ད་བར་དུ་ཁྱེད་ཅག་གི་གང་བྱས་ཐམས་ཅད་བསྟན་པ་དང་འགྲོ་བའི་དོན་དུ་ཁ་གཡར་བ་ཙམ་མ་གཏོགས།བསྟན་པ་དང་འགྲོ་བ་རྒྱབ་ཏུ་བསྐྱུར་ཏེ་རང་དོན་འབའ་ཞིག་གི་དོན་དུ་འདུར་གྱིན་ཡོད་ཅེས་བཤད་ན་མི་ཆོག་པ་ག་ལ་ཡོད།
དྲུག
 ཀིརྟི་དགོན་པ་ནི་དབང་འཛིན་པ་སྐོར་ཞིག་གིས་གྲུབ་པ་མིན་པ་དང་།གྲྭ་བ་རེ་རེ་འདུས་ཏེ་གྲུབ་པ་ཞིག་ཡིན་པས།ཁྱེད་ཅག་གིས་གང་འདོད་དུ་ཁ་ལོ་དཀྱུ་བ་དེ་ནི་འོས་སུ་མ་མཆིས་པའི་སྒེར་གཅོད་ཁོ་ན་ཉིད་དུ་ངེས་པས།གྲྭ་བ་སུ་ཞིག་དགོན་ནས་ཕུད་མི་ཕུད་ཁྱེད་ཅག་གིས་ཀྱང་ཐག་མི་ཆོད་ལ།གྲྭ་མང་གིས་ཀྱང་ཐག་མི་ཆོད་པ་རེད།གཙོ་བོ་འདུལ་བའི་སྡེ་སྣོད་ཀྱིས་ཐག་གཅོད་བྱེད་དགོས་པ་རེད་མ་གཏོགས།ཁྱེད་ཅག་ནི་འདུལ་བའི་སྡེ་སྣོད་མིན་ལ།དམ་པའི་གསུང་རབ་ཀྱང་དེ་བས་མིན།ད་ཐེངས་ཁྱེད་ཅག་གིས་ཀྱང་འདུལ་བའི་སྡོ་སྣོད་ཀྱིས་ཐག་གཅོད་ཀྱིན་མེད་པར།ཁྱེད་ཅག་གིས་དབང་གིས་ཐག་གཅོད་སྟངས་དེ་འདུལ་བའི་སྡེ་སྣོད་དང་འགལ་བ་མ་ཡིན་ནམ།
བདུན།
 གལ་ཏེ་ཁྱེད་ཅག་གིས་འདུལ་བའི་སྡེ་སྣོད་དང་འགལ་ཡོད་མེད་ཀྱི་ངོས་ནས་ཀིརྟི་དགོན་པ་ནས་གནས་དབྱུང་གཏོང་དགོས་པར་བཤད་ཀྱིན་ཡོད་ན།འདུལ་བའི་སྡེ་སྣོད་དུ་རྟོག་གེའི་ཚིག་དོན་བརྒྱད་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་སློབ་སྦྱོང་བྱས་ན།འདུལ་བ་འཛིན་པའི་དགོན་པ་ཞིག་ནས་གནས་དབྱུང་གཏོང་བ་དགོས་པ་ཡིན་ཚེ། དེ་ནི་སློབ་དཔོན་ཡོན་ཏན་འོད་སོགས་ཀྱིས་གསུང་བའི་འདུལ་བའི་སྡེ་སྣོད་ཀྱི་དགོངས་པ་ཡིན་ནམ།
 ཡང་ན་ཁྱེད་ཅག་སྡེ་སྣོད་དེ་ལ་ངེས་ཤེས་མ་འཁྲུངས་པའི་རྒྱུ་མཚན་གྱིས་དབང་མཐའ་སྒེར་གཅོད་རིང་ལུགས་འདུལ་བར་སྒོམ་གྱིན་ཡོད་ཚད་དབང་གིས་ཐག་བཅད་པ་ཡིན་ན།དེ་ནི་ཁྱེད་ཅག་འདུལ་བའི་སྡེ་སྣོད་དང་འགལ་བ་འདུལ་བ་རང་ཉིད་ཀྱིས་ཁ་ངོ་དང་དཀྱེལ་ཡངས་མི་སྟེར་ཁོ་ཐག་ཡིན་པ་ཤེས་པར་གྱིས་ཏེ་སྡེ་སྣོད་དེ་དང་འགལ་བའི་གྲོས་ཆོད་གང་ཡོད་ཀིརྟི་དགོན་གྱི་མ་འོངས་པའི་ཆེད་དུ་མེ་ལ་བསྲེགས་པ་དང་ཆུ་ལ་བསྐུར་རོགས།

2014.3.30.ཉིན་བྲིས།

སྒེར་གཅོད་ཀྱིས་བཞག་པའི་སྒྲིག་ལམ་དེ་རྟག་བརྟན་ཐེར་ཟུག་ཏུ་གནས་མི་སྲིད།

ཁ་ལྷུན་གྲུབ། རྔ་པ་ཀི་རྟི་དགོན།

ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་བརྩོན་པའི་དགེ་འདུན་པ་ཞིག་ལ་མཚོན་ན། མཁོ་གལ་ཆེ་བ་ནི། ཐོས་བསམ་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་ཡོད་རྒྱུ་དེ་རེད། འོན་ཀྱང་། འུ་ཅག་གི་དགོན་སྡེ་འདི་ལ་མཚོན་ན་དེ་འདྲའི་ཁོར་ཡུག་གིས་དབེན་ཞིང་ཕོངས་བ་ནི། མཁྲེགས་འཛིན་གྱིས་མ་ལྷད་པའི་ཐོས་བསམ་གྱི་སྦྱོར་བ་ལ་བརྩོན་མཁན་ཞིག་གིས་བལྟས་ན་གསལ་ལེར་ཤར་ཡོང་། མ་མཐའ་ཡང་སློབ་གཉེར་བར་མཁོ་བའི་མཐུན་རྐྱེན་ནི་དཔེ་ཁྲིད་དང་ཆོས་གྲྭ་དཔེ་ཀློག་བཅས་འདི་གསུམ་གྱི་ངོས་ནས་བལྟས་ན་ང་ཚོའི་ཁོར་ཡུག་ན་སློབ་སྦྱོང་གི་མཐུན་རྐྱེན་མི་འཛོམས་པ་ཤེས་ཡོང་། དྲང་མོར་ཞུས་ན།ང་ཚོའི་སྒྲིག་ལམ་བསྒྱུར་བཅོས་ནི་སློབ་གཉེར་བར་མཁོ་བའི་སྒྱུར་བཅོས་ཤིག་མ་རེད་སྙམ། རྒྱུ་མཚན་གང་ཡིན་ཟེར་ན། སློབ་གཉེར་བར་མཁོ་བའི་སྒྲིག་ལམ་ནི། སློབ་སྦྱོང་གི་མཐུན་རྐྱེན་ཇེ་ཚོགས་སུ་འགྲོ་བ་དང་འགལ་རྐྱེན་སེལ་བྱེད་ཞིག་ཏུ་འགྲོ་བའི་བསྒྱུར་བཅོས་ཤིག་ཡིན་པ་ལས། སློབ་སྦྱོང་གི་ལམ་ལ་ཞུགས་མྱོང་མེད་མཁན་ཚོ་ལ་མགོ་སྐོར་གཏོང་བྱེད་ཀྱི་བསྒྱུར་བཅོས་ནི་ང་ཚོ་ལ་མཁོ་བའི་སྒྱུར་བཅོས་མ་རེད་ཅེས་སྨྲ་བཞིན་ཡོད། རྒྱུ་མཚན་དེའི་ཕྱིར། སློབ་སྦྱོང་གི་མ་མཐའི་མཐུན་རྐྱེན་ཙམ་ཡང་མི་འཛོམས་པའི་ཁོར་ཡུག་ཞིག་ཏུ་སློབ་གཉེར་བ་སུ་ཞིག་འདུག་འདོད་ཡོད། གང་ལྟར་ཡང་ངའི་བསམ་ཚུལ་ལ།སློབ་གཉེར་བ་ཚོ་དགོན་འདིའི་ནང་དུ་བསྡད་དེ་སློབ་སྦྱོང་བྱས་པར་བསམ་ན། སློབ་གཉེར་བ་ཚོ་རང་དགོན་ནས་མི་སྡོད་པར་གྲྭ་ས་གཞན་དུ་འགྲོ་དགོས་པའི་གནད་དོན་དེ་ལ་ལེགས་བཤད་སྡེ་སྣོད་གསུམ་གྱི་དགོངས་དོན་ལ་གཞིར་བཞག་སྟེ། དགོན་འདིའི་སློབ་གཉེར་བ་གཙོའི་གྲྭ་མང་དང་གྲོས་མོལ་དང་དཔྱད་བསྡུར་བྱས་ནས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ལས། ཕོ་གྱོད་མོ་གྱོད་བཤད་མཁན་གྱི་སྐྱ་བོ་ཚོ་དང་མཉམ་དུ་ཐག་བཅོད་བྱེད་ཁུལ་དང་འདུལ་ཁྲིམས་ཀྱི་སྟངས་འཛིན་མེད་པ་དང་གྲྭ་མང་གི་ལྟ་ཚུལ་མེད་པའི་བཙན་གཏུམ་དབང་ཤེད་ཀྱིས་སློབ་གཉེར་བ་དག་གནས་དབྱུང་གཏོང་བ་སོགས་བྱེད་ཐབས་སྐྱུག་བྲོ་བ་ཏག་ཏག་གིས་ཐག་བཅད་ནས་མུ་མཐུད་དུ་སོང་ན།དགོན་འདིའི་མཚན་ཉིད་གྲྭ་ཚང་འཐོར་འགྲོ་བ་གདོན་མི་ཟ། ཁྱེད་ཅག་ལ་ཨ་ཁུ་ཤེས་རབ་གཙོའི་ཁོ་ཚོ་གནས་དབྱུང་གཏོང་བའི་གནས་ལུགས་དང་རྒྱུ་མཚན་གང་ཡང་བརྗོད་རྒྱུ་མེད་པ་ལྟ་ཞོག ཐ་ན་སེམས་ཁྲལ་ཙམ་ཡང་མེད་པ་ནི་ཤིན་ཏུ་སྐྱོ་བའི་གནས་རེད། མ་ཟད་ཉེ་བའི་དུས་འདིར་རང་དགོན་གྱི་གནས་བབ་ལ་ལྟོས་དང་། སློབ་སྦྱོང་ལ་སྤྲོ་སྣང་ཆུང་བ་དང་དམིགས་ཡུལ་གསལ་ལ་མི་གསལ་ཞིག་དང་། ཅི་བསམ་འདི་བསམ་མེད་པ་ཞིག་ཏུ་གྱུར་འདུག་པ་ནི་མིག་མཐོང་ལག་ཟིན་རེད། འདི་སུ་ལན་པ་རེད། འདི་ནི་དབང་འཛིན་པ་ཁྱེད་ཚོས་བཟོས་པ་མ་ཡིན་ནམ། ཅིག་ཅིག་གནས་དབྱུང་བཏང་བ་ཡིན། ཉིག་ཉིག་གི་མཚན་ཐོ་བླངས་པ་ཡིན་ཞེས་ཁ་ཡར་གྲག་ན་གནས་དབྱུང་མར་གྲག་ན་གནས་དབྱུང་། ཡོད་ཚད་ཐབས་ལམ་འདི་ལས་མེད་པའི་དབང་འཛིན་པ་ཁྱེད་ཚོ་ལན་པ་མ་རེད་དམ། མདོར་བསྡུས་ན། ད་ལྟའི་དུས་སུ་ཁྱེད་ཚོས་བཞག་པའི་སྒེར་ཁྲིམས་ཚད་མར་བཀུར་མཁན་ཉུང་ལ། བཤད་པ་གདམས་ངག་ཏུ་འཛིན་མཁན་དེ་བས་ཀྱང་དཀོན། སྒེར་ཁྲིམས་ནི་སྒེར་ཁྲིམས་རང་རེད། མ་གཞི་ནས་སྒེར་གཅོད་ཀྱིས་བཞག་པའི་སྒྲིག་ལམ་ནི་འཇིག་རྟེན་འདི་དང་ལུང་པ་འདི་དགོན་པ་འདི་གང་ཡིན་ཡང་མི་འགྱང་བར་འཐོར་འགྲོ་བ་ལས་རྟག་བརྟན་ཐེར་ཟུག་ཏུ་གནས་པའི་དཔེ་མེད། དེ་ཅིའི་ཕྱིར་ཞེ་ན། སྒྲིག་ལམ་དེའི་ནང་དུ་དམངས་གཙོའི་དྲི་ཙམ་ཡང་མེད་པ་དང་མང་མང་ལ་འདོད་པ་མེད་པས། དགོན་པའི་དབུ་ཁྲིད་དུ་ཁས་ཆེ་བའི་དབང་འཛིན་པ་ཚོས་སེམས་རྣལ་དུ་ཕབས་ནས་བསམ་བློ་གཏོང་དགོས་པ་ཞིག་གོ།

རྣམ་འགྱུར་ཙམ་སྟོན་ཕྱིར་བྲིས་པས་རྩོམ་འདི་ཀློག་མཁན་ཚོ་ལ་བློ་འབྱེད་ཐུབ་པའི་བསམ་བློ་དང་ཚིག་སྦྱོར་སོགས་གང་ཡང་མེད་པས་ཀློག་པོ་ཚོ་ལ་བཟོད་གསོལ་ཞུ།

འགན་འཁྲི་ཡི་ཕྱིར་དུ་སྐད་ཅིག་བརྒྱབ་ན།

ད་མཚམས་འཇོག་རོགས།

ཆོས་འཛིན། རྔ་པ་ཀིརྟི་དགོན།

སྤྱིར་དགོན་སྡེ་ཞིག་ལ་མཚོན་ན་སློབ་གསོ་ནི་མི་ཚེའི་ཡི་ལམ་སྟོན་ཞིག་ཡིན་ལ། མ་འོངས་བའི་མདུན་ལམ་འཚོལ་དུ་འཇུག་པའི་སྒྲོན་མེ་ཡང་ཡིན། 
 ཀིར་དགོན་ལ་འདི་ལྟ་བུའི་སློབ་གསོ་མེད་པར་མ་ཟད། ཐམས་ཅད་སྒེར་གཅོད་པས་དབང་བསྒྱུར་གྱིན་ཡོད།
 སྔར་ལོ་ཨ་ཁུ་ཤེས་རབ་མཆོག་གནས་དབྱུང་བཏང་ཞིང་། ད་ལོ་ཡང་དངོས་སུ་གྲྭ་བློ་ཚེ་དང་།འཇལ་དཔལ།འཇིགས་མེད་སོགས་གནས་དབྱུང་བཏང་ཡོད་ལ། དོན་གྱི་གྲྭ་པ་ཉི་ཤུ་མ་ཟིན་ཙམ་གནས་དབྱུང་བཏང་འདུག འདི་ལྟར་སོང་ན། སང་ལོ་ཡང་ང་དང་ཁྱོད་སོགས་མང་པོ་ཞིག་མི་ཕུད་པའི་ངེས་པ་གཏན་ནས་མེད་པས། ན་གཞོན་ཚོ། རང་གིས་ལག་པ་བྲང་ཁར་བཞག་སྟེ་འདང་ཞིག་རྒྱག་རན་མིན་ནམ། ཀིར་དགོན་འདི་དབང་འཛིན་སྒེར་གཅོད་འགའ་རེའི་་ལག་ནས་འཇིག་དུ་བཅུག་ན་འགྲིག་གམ། ཁོང་ཚོ་ལ་དགོན་པ་འདིར་ཕན་བྱེད་ཀྱི་ཐབས་དང་བསམ་པ་གཏན་ནས་མེད་པར་སྣང་།
 རྒྱུ་མཚན་གང་ཡིན་ཟེར་ན་སྔར་ལོ་ནས་ད་ལོ་བར་སློབ་སྦྱོང་གི་ལམ་ཀ་ནི་ཇེ་བཙོག་ནས་ཇེ་བཙོག་ཡིན་པ་མངོན་སུམ་ཡིན་ཀྱང་། སློབ་སྦྱོང་གི་ཁོར་ཡུག་ཅིག་དང་ནང་གི་མཐུན་ལམ་ལ་ཕན་པའི་བྱ་བ་ཞིག་ཁྱོན་ནས་སྒྲུབ་ཀྱིན་མི་འདུག 
 སྔར་ལོ་དང་ད་ལོའི་བར་སློབ་སྦྱོང་མི་བྱེད་མཁན་དག་སློབ་སྦྱོང་གི་ལམ་བསྐུལ་བའི་ལམ་གཅིག་ཀྱང་བསྟན་མ་སོང་། དེས་ན་ད་དུང། ང་ཚོའི་ལམ་ཁ་གསར་བ་ཞིག་མི་བཙལ་བར་སྒེར་གཅོད་པ་ཚོས་གང་བསམ་བསམ་རྩེ་རུ་བཅུག་ན་འགྲིག་གམ། ཁོ་ཚོས་བཤད་ན། ཁོ་ཚོའི་ཞེར་མི་འབབ་པ་ཚོ། ལྟ་ལོག་དང་བསྟན་བཤིག་ཟེར། དམ་ཉམས་དང་འཕུང་དཀྲུག་པ་རེད་ཟེར། དཔེ་ཙམ་ནི། དགོན་པ་གཞན་ཞིག་ནང་དུ་སློབ་སྦྱོང་ལ་སོང་ན་འདོད་ཆུང་ཆོག་ཤེས་དང་། སློབ་སྦྱོང་རྣལ་མ་གནང་ཡང་བསྟན་བཤིག་དང་ལྟ་ལོག་རེད་ཟེར། རང་དགོན་དུ་བསྡད་ནས་དཀོར་ཟས་ལ་སྤྱོད་བཞིན། ཕག་ལྟར་ཉལ་བསྡད་ཀྱང་བསྟན་འཛིན་རེད་ཟེར།
ངོ་མ་དགོད་སྤྲོ་བ་ཞིག་རེད། ཁྱེད་ཚོས་བཤད་ན་ཁོང་ཚོས་བསྟན་པ་ཞབས་འདེགས་དང་། དག་ཐེར། རྒྱུ་འབྲས་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཟེར། བསྟན་འཛིན་ཚར་བཅད་པ་དེ། བསྟན་པ་དག་ཐེར་ཡིན་ན་དེ་སུའི་བསྟན་པ་རེད། ངོ་མ་ངོ་གནོང་བ་ཞིག་རེད། ངུ་ཤོར་པ་ཞིག་རེད། དངོས་གནས་བཤད་ན་བསྟན་པ་ལ་ཞབས་འདྲེན་རེད་དམ་ཞབས་འདེགས་རེད། ཤེས་རབ་ཅན་གྱིས་གཟིགས་སུ་གསོལ། 
 དབང་འཛིན་སྒེར་གཅོད་ཚོ། ཁྱེད་ཚོས་ཅི་བསམ་གྱི་ཡོད། ཅི་ཞིག་བསྒྲུབ་ཀྱི་ཡོད། ད་ནི། དངོས་གནས་མཚམས་འཇོག་རོགས། ཁྱེད་ཚོའི་ལས་དེ་འདྲ་༧ གོང་ས་ཐམས་ཅད་མཁྱེན་པས་གསན་ན་ཅི་དགོངས་ཀྱི་རེད། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་གྱིས་གསན་ན་སྤྱན་ཆབ་བསིལ་ཁོ་ཐག་རེད། ད་མཚམས་འཇོག་རོགས།

རང་དགོན་གྱི་དབང་འཛིན་པ་ཚོ་ལས་འཕྲོས་པའི་གཏམ་ཐུང་ཞིག
སོ་རུ་རྒྱ་མཚོ། རྔ་པ་ཀི་རྟི་དགོན།

སྤྱིར་དགོན་སྡེའམ་ཡང་ན་ཚོགས་པ་ག་གེ་མོ་ཞིག་ལ་མཚོན་ན། སྒྲིག་ལམ་ཞིག་མེད་པ་དབེན་ལ། ཡོད་པའང་བདེན་དོན་ཅིག་ལས་མ་འདས། 
ཡང་གཅིག་བཤད་ན་གྲྭ་པ་ཞིག་ལ་མཚོན་ན་དགོན་སྡེ་དེ་དང་དེ་ནས་གནས་དབྱུང་བཏང་བ་འདི། ཁོ་འདུལ་བའི་བཅས་འཚམས་གང་ཞིག་དང་འགལ་ཡོད་མེད། ཡང་ན་དགོན་སྡེ་དེའི་བཅའ་ཡིག་སོགས་དང་འགལ་ཡོད་མེད་བལྟ་དགོས་བ་འདི་མ་མཐའི་ཚད་ཐིག་ཅིག་མ་ཡིན་ནམ། ཡིན་ན་ཡང་། ཁྱེད་དབང་འཛིན་པ་ཚོས་ཁ་རྩང་དང་དེ་རིང་གི་དབར་ལ་གྲྭ་རྐྱང་སློབ་གཉེར་པ་མང་པོ་ཅིག་གནས་དབྱུང་བཏང་གིན་འདུག ཁོང་ཚོ་འདུལ་བའི་བཅས་འཚམས་གང་ཞིག་དང་འགལ་སོང་། ཡང་ན་ཁོང་ཚོ་བཅའ་ཡིག་བློ་གསལ་འཇུག་ངོགས་གཞིར་བཞག དེ་མིན་སྔ་ཕྱི་བར་གསུམ་གྱི་བཅའ་ཡིག་སོགས་གང་དང་འགལ་ཡོད། ཁྱེད་ཚོ་ལ་བསྟན་རྒྱུ་ཡོད་དམ། བཤད་རྒྱུ་ཡོད། དྲང་མོར་བཤད་ན། ཁྱེད་ཚོར་གྲྭ་རྐྱང་སློབ་གཉེར་པ་དེ་ཚོ་གནས་དབྱུང་གཏོང་ཆོག་པའི་འགན་ཞིག་སུས་སྤྲད་སོང་། ང་ཚོ་སུ་དང་སུ་ཡིན་ན་དགོན་པར་འདུག་ཆོག་མིན་ནི་འདུལ་བ་དང་འགལ་ཡོད་མེད་བལྟ་དགོས་པ་མ་ཡིན་ནམ། ཁྱེད་ཚོས་ཕྱི་ལོགས་སུ་སློབ་གཉེར་ལ་སོང་ན། འདུལ་བའིི་བཅས་འཚམས་དང་འགལ་ཡོད་ཟེར་རྒྱུ་ཡིན་ནམ།? ཡང་ན་ཁྱེད་ཚོསཕྱི་ལོགས་སུ་སློབ་གཉེར་ལ་སོང་ན་ཁོང་གི་བཅའ་ཡིག་གང་དང་འགལ་ཡོད་ཟེར་རྒྱུ་ཡིན།? ཁོང་ཚོ་གནས་དབྱུང་བཏང་དགོས་པའི་རྒྱུ་མཚན། གནས་ལུགས། བདེན་པ་གཅིག་ཀྱང་ཁྱེད་ཚོར་བཤད་རྒྱུ་མེད་མོད། ཁྱེད་ཚོ་བཤད་རྒྱུ་གཅིག་ཡོད་པ་ནི་གནས་ལུགས་ཀྱི་དབེན་ཞིང་། བདེན་དོན་དང་བྲལ་བའི་ཕྱོགས་རིས་རྐྱང་རྐྱང་ལས་མ་ངེས། ད་རུང་གྲྭ་རྐྱང་སློབ་གཉེར་པ་མང་པོ་རེ་གནས་དབྱུང་བཏང་ནས། ཡིན་ཡིན་མདོག་མདོག་གི་ངང་ནས་བྱ་བ་གང་ཞིག་འཁྱོངས་་སོང་བ་དང་། ཁྱེད་ཚོའི་བསྟན་པ་ལ་ཞབས་འདེགས་གང་ཞིག་བསྒྲུབས་ཡོད་པ་ལྟ་བུའི་རྨི་ལམ་སྐྱིད་པོ་ཤར་གྱིན་ཡོད་པ་འདྲ། དངོས་གནས་དྲང་གནས་ངོ་རེ་མི་ཚའམ། ད་ནི་ཁྱེད་ཚོས་རང་སེམས་དམར་པོ་ནང་དུ་བཀུག་ནས་བསམ་བློ་ནན་གྱིས་གཏོང་རན་མ་ཡིན་ནམ། ཚིག་བརྒྱ་མདོར་སྒྲིལ་ན། ད་དུང་དེ་རིང་མུ་མཐུད་དུ་འདི་ལྟ་བུའི་རྒྱུ་འབྲས་གོ་ལྡོག་ནས་གོམ་པ་སྤོ་རྒྱུ་དང་། བྱ་བ་གཉེར་རྒྱུ་ཡིན་ན། དགོན་སྡེ་འདི་རྒུད་པ་ནས་རྒུད་པར་འགྲོ་རྒྱུ་མ་གཏོགས། ཇེ་རྒྱས་ནས་ཇེ་ལེགས་སུ་ཡོང་བ་གཏན་ནས་མི་སྲིད་དོ། ཨོ། ། ཁ་རྩང་འཚོགས་དབུས་ནས"ལག་པ་ཡོད་ཡོད་གཉིས་ཀས་འབྲི་མི་ཆོག་པ་དང་། སྨྲ་ལྕེ་ཡོད་ཡོད་གཉིས་ཀས་བཤད་མི་ཆོག་ཟེར་གྱིན་འདུག ཁྱེད་ཚོ་ཐུགས་སྤོ་མ་བཞེས་རོགས། བཤད་དགོས་པ་ཞིག་ནི་ངེས་པར་དུ་བཤད་རྒྱུ་ཡིན།

2014/4/21。 ཞོགས་པར་སོ་རུ་རྒྱ་མཚོས་རང་ཤག་ནས་བྲིས་སོ།

ཀིར་དགོན་ཚང་གི་ནག་ཉེས་གླེང་མི་ཚར།

___སོ་རུ་ཐོཊ་མེད། རྔ་པ་ཀིརྟི་དགོན།

འཇིག་རྟེན་གྱི་མི་བུ་ཞིག་ཡིན་ཕྱིན་ལྷན་སྐྱེས་སུ་བདོག་པའི་སྨྲ་བརྗོད་རང་དབང་དང་དགག་སྒྲུབ་རང་དབང་། དད་མོས་རང་དབང་སོགས་ནི་བརྩད་མི་དགོས་པར་ང་དང་ཁྱེད་ལ་ཐུན་མོང་དུ་ཡོད་པ་ཞིག་ལས། ཁྱེད་ལ་ཡོད་ཆོག་པ་ཞིག་དང་ཁོ་བོར་ཡོད་མི་ཆོག་པ། དེ་བཞིན་ང་ལ་ཡོད་ཆོག་པ་དང་ཁྱེད་ལ་ཡོད་མི་མོས་པ་ཞིག་གཏན་ནས་མ་ཡིན་མོད། ཡིན་ནའང་ཀིར་དགོན་ཚང་གི་ལས་སྣེ་ཚོས་ནི་གཏམ་འདི་ལྟར་སྨྲ་སྟེ། " ཁྱེད་ཅག་གིས་ཁོ་བ་ཚོས་གང་བཤད་དེ་སྒྲུབ་དགོས། ཁོ་བ་ཚོར་ཁྱེད་ཅག་གིས་གང་ཡང་བཤད་མི་དགོས་ལ་ཉན་ཡང་མི་ཉན་ཟེར་བ་དེ་རེད"། དེ་རིང་ཁོ་བོས་འདི་ནས་མང་པོ་ཞིག་འབྲི་རྩིས་མེད་ལ། བཤད་མོས་ཀྱང་མེད།
རྒྱུ་མཚན་ཀིར་དགོན་ཚང་ལ་རེ་བ་ཁྱོན་ནས་མེད་པས་ཡིན། 
 གཏམ་ཉུང་ཉུང་ཞིག་མ་བཤད་ན་དེ་ཡང་ག་ལ་འགྲིག སྤྱི་སྒེར་ཀུན་ལ་འགན་མ་ཁུར་བའི་གྲས་སུ་འགྲོ་ལ། ལྷག་པར་ཤེས་ཡོན་པ་ཚོར་དཔུང་རོགས་ཤིག་གི་ཚུལ་དུ་ཐུང་ངུ་ཞིག་འབྲི་བའི་ཁུར་ལེན་རིགས་སོ།། 
སྤྱིར་ཀིར་དགོན་ཚང་ནི་གྲངས་འབོར་གྱི་ཆ་ནས་བཤད་ན་གྲྭ་ཆིག་སྟོང་གཉིས་དང་བདུན་བརྒྱ་ལས་ལྷག་པའི་གྲྭ་གྲངས་མོད་ས་ཞིག་ཡིན་པས་དགོན་པ་དེའི་ནང་དུ་དམིགས་བསལ་གྱི་རྩོམ་འབྲི་བ་དང་། བསམ་བློ་པ། ཤེས་ཡོན་པ། འཇོན་ཐང་ཅན་གྱི་མི་སྣ་མང་པོ་ཞིག་བགྲང་རྒྱུ་ཡོད་ན་ཆོག་མོད། འོན་ཏེ། གཏམ་མ་སྦེད་གསོང་བོར་བརྗོད་ན་མི་སྣ་གསུམ་བཞི་ཞིག་ལས་རྩི་རྒྱུ་མེད་དེ་གང་ན་ཡོད། 
 འདི་འདྲ་ཞིག་ཡིན་རྐྱེན་གཙོ་བོ་ནི་༡ཤེས་ཡོན་པ་ལ་བརྩི་བཀུར་མེད་པས་དང་། ༢དགེ་རྒན་དང་དགེ་རྒན་དབར། འཛིན་གྲྭ་དང་འཛིན་གྲྭ་དབར། སློབ་མ་དང་སློབ་མའི་དབར་ལ་ཞེན་ཁ་ཕྱོགས་རེས་ཆེ་དྲག་པས་དང་། ༣ གྲྭ་མང་སྤྱིའི་དོན་དག་སྤྱི་ལ་མི་དབང་པར་བྱེ་བྲག་ལས་སྣེ་སྐོར་ཞིག་གིས་ཐག་བཅད་འགྲོ་པས་དང་། ༤ ཤེས་ཡོན་པ་གཅིག་ཡོད་ན་གཅིག་གཉིས་ཡོད་ན་གཉིས་མེ་སྟག་ཕུ་ཐུང་ནས་གསོད་པ་ལྟར་རྒྱང་ཕུད་བཏང་འགྲོ་བས་རེད།
ན་ནིང་ལོར་རྩོམ་འབྲིའི་རང་དབང་གི་ཆེད་མཁས་པ་སྒོ་ཤེར་གནས་དབྱུང་བཏང་པ་རེད་ལ། ད་ལོར་ཡང་སློབ་སྦྱོང་རང་དབང་གི་སླད། 
ན་གཞོན་རྩོམ་འབྲི་པ་གློག་དམར་དང་སློབ་གཉེར་པ་བློ་ཚེ། འཇིགས་མེད་བཅས་མི་གསུམ་རྒྱང་ཕུད་བཏང་པ་རེད། འདི་ལྟར་གཅིག་གཅིག་གཉིས་གཉིས་སློབ་གཉེར་པ་ཚོ་རྒྱང་ཕུད་བཏང་པ་དེ་སྒེར་གཅོད་པ་ཚོར་མཚོན་ན་ལས་སླ་ཡང་བདེན་པ་དང་གནས་ལུགས་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་ལས་སླ་པ་ཞིག་ག་ན་ཡིན་ཏེ་ཁྱོན་ནས་མ་ཡིན། 
 ད་ཐེངས་རྒྱང་ཕུད་བཏང་སོང་པའི་སློབ་གཉེར་པ་དེ་གསུམ་རྒྱང་ཕུད་བཏང་དགོས་པའི་ནག་ཉེས་སྤུ་ཙམ་མེད་པ་མ་ཟད་སློབ་གཉེར་པ་དེ་ཚོ་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱར་ན་འོས་ཤིང་འཚམ་པ་ཡིན།
རྒྱུ་མཚན་ཕྱོགས་གཞན་དུ་སློབ་གཉེར་ལ་སོང་པ་དེ་ལས་གཞན་བཤད་དུ་མེད་པས་ཡིན། 
གཞན་རྒྱ་བླ་དང་རྒྱལ་འཇོག་འཕེལ་ནག་འཇོག་མཁན་མང་པོ་ཞིག་ཡོད་པ་དག་ད་ཐེངས་རྒྱང་ཕུད་བཏང་པའི་ནང་དུ་མེད་པ་ནི་ཇི་འདྲའི་མཚར་ཨང་། 
 ཉེ་སྔོན་སློབ་གཉེར་པ་དེ་དག་གིས་དགོན་པའི་ལས་སྣེ་པ་ཚོར་རྩོམ་ཡིག་གི་ལམ་ནས་སྐད་ཆ་རེ་བཤད་འདུག ༼འཇིགས་མེད།༽(ས་མཐའི་སློབ་གཉེར་པ་ཞིག་གི་དཀའ་ངལ།)༼ བློ་ཚེ༽ (སློབ་གཉེར་པ་ཞིག་གི་དཀའ་ཁག)༼ གློག་དམར།༽ (ལས་སྣེ་དག་གིས་མ་བལྟས་པའི་གློག་དམར་གྱི་བསྒྲགས་ཡིག) ཡིན་ནའང་ལས་སྣེ་ཚོས་ནི་སློབ་གཉེར་པ་དེ་དག་ལ་ཁ་ཡ་ཙམ་ཡང་བྱས་མེད་པར་མ་ཟད། འཚིག་པ་གཏིང་ནས་བཟས་ཏེ་ཞེ་སྡང་དང་ཁོང་ཁྲོ་དྲག་ཏུ་འབར་ནས་དེ་རིང་གི་མཇུག་འབྲས་འདི་བྱུང་པ་རེད།
མཇུག་བསྡུ་བ། དེ་རིང་ང་སྒེར་གཅོད་པ་ཚོའི་གདོང་དུ་འབུད་ཞོར་མི་ཚེའི་ཕུགས་འདུན་དང་སློབ་སྦྱོང་ཞིག་གི་ཆེད་དཀའ་ངལ་མང་པོ་བློས་བཏང་ཟིན་པའི་སློབ་གཉེར་པ་བློ་ཚེ་དང་གློག་དམར། འཇིགས་མེད་རྣམས་ལ་བཀའ་དྲིན་ཞུ་བཞིན་ཡོད། ཁྱེད་ཅག་ཚོ་ཆུང་བྱིས་པའི་དུས་ནས་ནར་སོན་སའི་ཁོར་ཡུག་ཅིག་ནས་རྒྱང་ཕུད་བཏང་དུ་འཇུག་པ་ནི་ལས་སླ་པ་ཞིག་མ་ཡིན་མོད། ཡིན་ནའང་གལ་ལ་ཐུག་དུས་སྒེར་གཅོད་པའི་གདོང་ལ་བུད་ཕོད་མཁན་ཁྱེད་ཅག་ཁོ་ན་རེད། 
 དེ་རིང་གྲོགས་ཁྱེད་ཅག་རྒྱང་ཕུད་བཏང་པའི་ཤུལ་དུ་ཀིར་དགོན་ཚང་གི་གྲྭ་མང་པོ་ཞིག་ལ་ན་ཟུག་དང་འདང་རྒྱག་གང་ཡང་མེད་ཀི། 
 མང་པོ་ཞིག་གིས་དགའ་བསུ་དང་དགོད་སྒྲ་བྱེད་ཀྱིན་འདུག
 སེམས་ཁྲལ་དང་ན་ཟུག་སློང་མཁན་ཤིན་ཏུ་ཉུང་ཉུང་རེད། 
 འདི་ལྟ་བའི་ག་ལ་ཚད། ཀིར་དགོན་ཚང་གི་ནག་ཉེས་ད་དུང་གླེང་མི་ཚར། 
མུ་མཐུད་དུ......

སད་རྒྱུ་མེད་པའི་མ་དགོན།ཉོག་དྲ་མང་པའི་བུ་དགོན། 
_____གཉིད་དུ་ཡིར་བའི་ཚོགས་སྡེ་ཞིག་ལ་སྤྲིངས་པའི་སེམས་འཕྲིན།

ཁོ་བོ་ལོ་ན་ཧ་ཅང་ཆུང་པའི་སྐབས་སུ་རྒྱབ་ཀྱི་གོས་བསྒྱུར། མགོ་ཡི་སྐྲ་བཞར། ལུས་ལ་ཁྲུས་བགྱིས་ཏེ་ཚེ་གང་བོར་དགོན་པ་རུ་གཏན་ཆག་བྱེད་པའི་གྲ་སྒྲིག་དང་ཚགས་བཟོ་བྱས་ནས་ད་རག་ལ་ཐུག་གི་དབར་ངུ་སྐྱེན་ལ་དགོད་བྲོ་པའི་ལངས་ཚོ་ཟད་ས་དང་སྐྱིད་སྡུག་གི་བྲོ་པ་མྱངས་ས་དགོན་པ་ཡིན་གཤིས་དགོན་པ་ལ་དགའ་པ་དང་ཞེན་པ་ཁྱད་འཕགས་ཤིག་ཡོད་པ་ནི་བརྗོད་ཀྱི་མི་ལངས། ཅི་ལ་ཞེ་ན། དངོས་པོ་གང་དང་གང་ལ་ཡུན་གྱིས་འགྲོགས་ཤིང་འདྲིས་པ་ན་ནམ་ཞིག་འབྲལ་མི་འདོད་པའི་ཞེན་ཆགས་དང་བརྩེ་དུངས་ཤིག་ཡོད་པ་ནི་མི་ལ་ལྷན་སྐྱེས་སུ་མངའ་པའི་ཤེས་བྱ་གཤའ་མ་ཞིག་གོ།། 
 དེ་བས། ནམ་རྒྱུན་རང་གི་ཤེས་ཚོད་དཔྱོད་ཚོད་ཀྱིས་སྙུག་ཁ་དགོན་པ་ལ་བསྐོར་ཏེ་མི་སྒེར་གྱི་བདེ་པ་དང་སོལ་དལ་བག་གཡེང་དུ་རྒྱུ་འདོད་པའི་འདོད་པ། ཁ་གཡེང་མིག་གཡེང་བྱེད་པའི་ངལ་གསོ། གྲོགས་དང་ཕ་མ་གཉེན་ཉེ་རྣམས་ལ་འགལ་འགྲོ་མིན་གྱི་དོགས་པ་གུད་དུ་བཞག་ནས་སེམས་ཁྲལ་དང་ན་ཟུག་གིས་ཀུན་ནས་བསླངས་ཏེ། དགོན་པ་འུ་ཚང་གིས་འདི་ནས་འཁྱོང་མི་འདུག གན་ནས་འགྲིག་མི་འདུག་ཅེས་སྡུག་བཤད་སྐྱོ་བཤད་བྱས་དྲག་པས། ཁོ་བོ་ཡང་དེ་རིང་ཁ་སང་སྐྱ་སེར་མང་མང་ཞིག་གིས་སྡང་མིག་བགྲད་ས་དང་། སྣ་གཉེར་བྱེད་ས་རུ་གྱུར་ཡོད་མོད། ཡིན་ནའང་། ཁོ་བོས་སེམས་རྣལ་དུ་ཕབས་ཏེ་མནོ་བསམ་གཏོང་ཐེངས་རེ་རེར་དེ་ནི་རྒྱུ་འབྲས་ཀྱི་གོ་རིམ་ཞིག་དང་། སད་རྟོག་གི་བྱུང་རིམ་ཞིག་ཏུ་བསམ་དུས་ཕར་ཁོ་བ་ཅག་ལ་སྡང་སེམས་དང་འཁོན་སེམས་ཤིག་ཁྱོན་ནས་མེད་པ་མ་ཟད། གལ་ལ་ཐུག་དུས་ཁ་གྲག་རོགས་དང་དཔུང་གཤིབ་རོགས་ཤིག་ཏུའང་སེམས་ཀྱིན་ཡོད། 
 དེ་བས། ཁོ་བོས་ནི་ད་ཐེངས་ཀྱང་སད་རྒྱུ་མེད་པའི་མ་དགོན་(སྟག་ཚང་ལྷ་མོ)དང་ཉོག་དྲ་མང་པའི་བུ་དགོན་(རྔ་བ་ཀིརྟི་དགོན)་ཞེས་པའི་མིང་བྱང་ཞིག་དམིགས་ཀྱིས་བསྙད་དེ་རང་དང་ཁ་ཐག་ཉེ་བའི་དགོན་པ་དེ་གཉིས་ལ་སེམས་ཀྱི་སྐད་ཆ་ཉུང་ཉུང་ཞིག་བཤད་པའི་ངལ་བ་ཧུར་བླང་པ་ཡིན་ནོ།། 
 མ་གཞི་རྩོམ་ཐུང་འདི་འབྲི་དགོས་པའི་རྒྱུ་མཚན་ནི་ཧ་ཅང་སླ་སྟེ། རྔ་བ་ཀིར་དགོན་ཚང་གི་ལས་སྣེ་ཚོས་ནམ་ནམ་ཞར་ཞར་དུ་སྟག་ཚང་ཀིརྟི་དགོན་ནི་ཉན་ས་དང་ལྟ་ས་ཞིག་ཏུ་རློམས་ཏེ། ཡོད་ཚད་དེ་ཚང་ལ་བསྟུན་ཅི་ཐུབ་བྱེད་པའི་སྐྱོན་དེ་ལ་མཚང་འབྲི་དང་དགོན་པ་དེ་གཉིས་ལ་འཕེལ་འགྲིབ་ཀྱི་ཧེ་བག་ཇི་ལྟར་ཡོད་རགས་བསྡུས་ཤིག་བཤད་འདོད་པས་ཡིན། 
 དང་པོ། རྔ་བ་ཀིར་དགོན་ཚང་གིས་ཐ་ན་ངལ་གསོའི་དུས་ཚོད་(ཆོས་མཚམས)ཚུན་ཆད་སྟག་ཚང་ཀིར་དགོན་ལ་བསྟུན་ཐབས་བྱེད་པ་ནི་གྲྭ་མང་གིས་དགོངས་ཚུལ་དང་ཁོར་ཡུག་ལ་འཚམ་མིན། སློབ་སྦྱོང་ལ་འགྲིག་མིན་ལར་ནས་མ་ཡིན་པར་ལས་སྣེ་སྐོར་ཞིག་གི་འདོད་འདུན་དབང་བཙན་པོ་དང་། དགོན་པ་དེ་གཉིས་ལ་མ་དགོན་དང་བུ་དགོན་ཞེས་བཤད་སྒྲོས་ཙམ་ཞིག་ཡོད་པ་ཙམ་ལས་གང་ཡང་མིན་པ་དགོན་པ་གཉིས་ཀའི་ལས་སྣེ་ཚོའི་གཙོས་གྲྭ་རྒན་གཞོན་བྱིངས་ཀྱིས་ཤེས་པར་འཚལ། 
 གཉིས་པ། དགོན་པ་དེ་གཉིས་ལ་དར་རྒུད་ཀྱི་ཧེ་བག་ནི་ཏག་ཏག་བཤད་མ་དགོས་པ་ཞིག་ལགས་ཏེ། སྟག་ཚང་ཀིར་དགོན་ཚང་ནི་ད་དུང་དུས་རབས་སྔོན་མའི་དགོན་པ་ཚོ་དང་ཇི་བཞིན་མག་མོག་རབ་རིབ་ངང་ཡོད་ཚད་ལས་སྣེ་དང་མྱི་ཆེ་གེ་མོས་དབང་བསྒྱུར་བྱས་ཀྱང་། གྲྭ་མང་གིས་དེ་བསམ་འདི་བསམ་མེད་པར་ཞུ་ཞུ་ལགས་ལགས་ཀྱིས་བསྟོད་པའི་མཐེ་བོང་དང་། གཅམ་བུའི་སྔགས་ཚིག་ཐལ་བ་རེད། རྒྱུ་མཚན་དེ་ཡི་དབང་གིས་རྩོད་ཉོག་མེད་ལ་གནའ་དུས་ཇི་བཞིན་རང་སོར་གནས་པ་ལས་འཕེལ་རྒྱས་ཀྱང་མེད་པ་རེད། ལས་སྣེ་ཚོས་གང་བསམ་གང་དྲན་གཡོ་སྒྱུའི་འཁོར་ལོ་ཇི་ལྟར་བསྐོར་ནའང་ཁ་ཡ་བྱེད་མཁན་མེད་ཚོད་རེད། དེ་ནི་ལས་སྣེ་ཚོས་འདོད་ཐོག་རྟ་རྒྱུག་མ་ཡིན་གྲང་?
 དེ་དང་ཆེས་མི་འདྲ་བ་ཞིག་ནི། རྔ་བ་ཀིར་དགོན་ཚང་གི་ལས་སྣེ་ཚོས་གྲྭ་མང་ལ་དབང་བསྒྱུར་འདོད་ཀྱི་ཧམ་སེམས་དང་འདུན་པ་ཇི་ལྟར་བཙན་ན་ཡང་། གྲྭ་མང་གིས་དུས་དང་དུས་སུ་དེ་ལ་ངོ་རྒོལ་དང་། འོས་ལངས། མི་དགའ་པའི་རྣམ་འགྱུར་སྟོན་ཐུབ་པ་མ་ཟད། སྟོན་མཁན་གྱི་གྲྭ་བ་ཡང་ཉིན་རེ་ནས་ཉིན་རེ་བཞིན་ཇེ་མང་དང་ཇེ་རྒྱས་ཡིན་པ་རེད། འདི་ནི་རྔ་བ་ཀིར་དགོན་དང་། སྟག་ཚང་ཀིར་དགོན་གཉིས་ཀ་ཆེས་མི་འདྲ་སའི་ཁྱད་པར་ཆེ་ཤོས་ཤིག་ཏུ་ཁོ་བོས་སྨྲ་འོ།། 
 མདོར་དྲིལ་ན། འཛམ་གླིང་གོ་ལ་ཧྲིལ་བོའི་སྒང་ན་ཡོད་པའི་མི་རིགས་ཡིན་ན་འདྲ། རྒྱལ་ཁབ་ཡིན་ན་འདྲ། སྔོན་ཐོན་དུ་སོང་ཟིན་པའི་རིགས་མཐའ་དག་ལ་ཐོག་མར་རྩོད་ཉོག་དང་འུར་ཟིང་མེད་པར་ཁ་རོགས་གེར། འཇམ་ཅག་གེར་མཐོ་སར་བགྲོད་སོང་པ་གཅིག་ཀྱང་དཔག་ཏུ་མེད་པས། གཞན་གྱི་རྗེས་མ་ཆོད་གོང་འོས་ལངས་དང་ཉོག་དྲ་གང་ཡང་མེད་པ་ནི་ཤིན་ཏུ་རབ་ཏུ་འཇིགས་ཡེར་བ་ཞིག་གོ་ཞེས་ཁོ་བོས་སྨྲ།

14.04.25ཉིན་རྔ་བ་རུ་བྲིས་སོ།།

ཁྱེད་ཚོ་མ་དགའ་ཡང་ང་སློབ་སྦྱོང་བྱེད་པར་སྤྲོ

།

~~~~ཡང་ན་ལྷམ་དང་ལམ་བཀག་ནས་མ་སྐྱིད་པ། ཐེའུ ༼རྔ་པ༽

སྲིད་ལོ་ཉེར་གཅིག་པའི་དུས་འདིར་མི་ཡོད་ཚད་ཤེས་ཡོན་ལ་དུང་ཞིང་ཤེས་རབ་ལ་བཀུར་བའི་མཁའ་དབུགས་གསར་བ་ཞིག་སྙེགས་བཞིན་པའི་འོག་ནས་རིགས་གནས་སྣ་མང་ལ་བློ་ཁ་ཕྱོགས་ཏེ་འགྲོ་གིན་ཡོད་ལ། རང་གི་དགའ་ཕྱོགས་དང་ཡང་ན་རང་ལ་མོས་པ་ཡོད་སའི་རིགས་གནས་ཤིག་གམ་ཁོར་ཡུག་ཅིག་འཚོལ་འདོད་པ་འགྲོ་མི་ཡོངས་ཀྱི་གཤིས་ལུགས་ལ་བལྟས་ན་ལོས་ཤེས་ཐ་ན་རི་མགོའི་ཟོག་ལ་བལྟས་ཀྱང་རྩྭ་ཆུ་འཛོམས་ས་ཞིག་ལ་འགྲོ་བར་དགའ་བ་སྨྲ་ཅི་དགོས། དེའི་ཕྱིར་རང་གི་དགའ་ཕྱོགས་དང་ཕུགས་བསམ་གང་ནས་ལེགས་འགྲུབ་ཡོང་གི་འདོད་ན་གནས་དེ་ནི་ཁྱེད་ཀྱི་རྨི་ལམ་གྱི་ཞིང་ས་ཡོད་པ་གདོན་མི་ཟ །ཡིན་ན་ཡང་ད་ལོར་རྔ་པ་ཀིརྟི་དགོན་པའི་ལས་སྣེ་སྐོར་ཞིག་གི་ས་མཐའ་སྡེ་མཐའ་ན་ཡོད་པའི་གྲྭ་རྐྱང་མི་ཉུང་བ་ཞིག་ལ་རང་གི་ཅི་ནུས་ཀྱི་སློབ་སྦྱོང་བྱེད་དུ་མི་འཇུག་པར་ཉིན་གྲངས་ཀྱི་ཚད་བཟུང་སྟེ་ཕྱིར་མ་ཐོན་ན་དགོན་པ་ནས་ཕུད་རྒྱུ་ཡིན་ཞེས་མཐའ་ཚིག་བསྒྲགས་པ་རེད། ད་དུང་ཕྱིར་དགོན་པའི་ནང་དུ་མ་ཐོན་པའི་གྲྭ་བ་ཁ་ཤས་ཀྱི་ཁྱིམ་བདག་ཚོས་དད་པ་ལག་ཆ་བྱས་ཏེ"ཁྱེད་ཚང་གི་གྲྭ་བ་ཉིན་གྲངས་འདིའི་རིང་མ་ཐོན་ཚེ་ཁྱེད་ཚང་གི་ཤི་བོ་ཁྲུས་ཆུ་དང་གསོན་པོ་སྐུ་རིམ་མི་སྒྲུབ་"ཞེས་སྐད་ངན་དང་འཇིགས་སྐུལ་གང་ཆེ་ཆེར་བྱས་ཡོད་པ་རེད། ངོ་མ་གྲྭ་བ་ཞིག་གི་ལས་སུ་བྱ་བའི་ཀུན་སྤྱོད་དང་སེམས་ནས་བཤད་ཆོག་ཆོག་གི་སྐད་ཆ་ཞིག་རེད་དམ། མ་གཞི་ནས་ཀིརྟི་དགོན་པའི་ནང་ལ་སློབ་སྦྱོང་གི་ཁོར་ཡུག་མེད་པ་དང་ཉོག་དྲ་ཆེ་བའི་འགལ་རྐྱེན་སྣ་ཚོགས་ལ་མཐུན་རྐྱེན་གཅིག་ཀྱང་འཛོམས་པོ་མིན་པ་ཚང་མའི་ཤེས་གསལ་ལྟར་རེད་མོད། འོན་ཀྱང་ལས་སྣེ་རེ་ཟུང་གིས"ཁོར་ཡུག་མེད་པ་མ་རེད་རང་རང་འདུག་མ་བསམ་པ་ཙམ་རེད"ཟེར་བཞིན་ཡོད། གལ་ཏེ་སློབ་སྦྱོང་གི་ཁོར་ཡུག་ཡོད་ན་ས་མཐའ་སྡེ་མཐའ་ཞིག་ནས་ཟས་གོས་ཀྱི་དཀའ་ངལ་སོགས་ཡོད་སའི་གཞིས་དགོན་ཆུང་ཆུང་ནས་འདུག་པ་སུ་ཞིག་སྤྲོ། སུ་ཡང་མི་སྤྲོ་མོད།
ཁོ་ཚོས་ད་རུང་གནའ་ནས་ད་བར་བླ་མ་ཀིརྟི་ཚང་གི་གསུངས་པ་ལྟར་"འགྲོ་ནས་ལྷམ་ཟད་པ་ལས་བསྡད་ནས་གདན་ཟད་ན་དགའ"ཞེས་དང"ཆོས་ཅན་ཆོས་ཀྱི་སངས་རྒྱས་ཆོས་མེད་སྒྲིག་གི་སངས་རྒྱས"ཟེར་ནས་ཕྱིར་གྲྭ་ས་འགྲོ་ནི་ཚོ་བཀག་འགོག་སྣ་ཚོགས་བྱེད་བཞིན་ཡོད་པ་རེད །དེ་ལྟར་བཤད་སྲོལ་དེའི་དབང་གིས་བཀག་འགོག་བྱས་པ་ལན་གཅིག་མིན་མོད །
འོན་ཀྱང་དགོན་པ་ཆེ་ཆུང་གང་ཡིན་ས་ནས་གྲྭ་ས་གང་ས་གང་ལ་སློབ་གཉེར་བྱེད་དུ་འགྲོ་གི་ཡོད་པས་ད་ལྟའི་དུས་སུ་གྲྭ་སའི་དགེ་བཤེས་ཟེར་བ་ཉུང་ཉུང་མ་རེད ། དཔེར་མཚོན་རེ་ཞུས་ན་ཙོང་ཁ་བའི་སྐུ་ཚེ་སྟོད་ལ་གྲྭ་ས་མང་བོ་འགྲིམ་ནས་མཐར་མཁས་པའི་གོ་འཕང་བརྙེས་པ་རྩོད་མེད་རེད ། དེའི་ཕྱིར་གྲྭ་སར་སོང་ན་བླ་མའི་གསུངས་ལ་འགལ་དོན་རྩ་བ་ནས་མེད །གལ་ཏེ་ཡོད་ན་རྒྱལ་རྒྱག་དང་སྒེར་ཚོང་མཁན་སོགས་འགལ་མེད་ན་སློབ་གཉེར་བྱེད་དུ་སོང་བས་གང་ནས་འགལ ། ཡང་གཅིག་བཤད་ན་དོན་ངོ་མ་བླ་མའི་གསུངས་བ་ཅི་བཞིན་སྒྲུབ་ཀྱིན་ཡོད་མཁན་སུ་ཡོད། གཅིག་ཀྱང་མེད་མོད། དེ་ན་ཁྱེད་ཚོ་ལ་ང་ཚོ་སློབ་སྦྱོང་བྱེད་དུ་མི་འཇུག་པའི་དབང་ཆ་འདི་དག་སུས་སྤྲད་པ་རེད། ང་ཚོ་ཕུད་ཆོག་ཆོག་གནང་བ་སུས་སྤྱིན་པ་རེད ། 
ཁྱེད་ཅག་ནི་ཏག་ཏག་གྲྭ་མང་གི་འོས་འདེམ་བྱས་པ་བདེན་དུ་ཆུགས་ཀྱང་། འོན་ཀྱང་ཁྱེད་ཚོའི་གྲྭ་མང་ལ་སློབ་སྦྱོང་གི་མཐུན་རྐྱེན་འཛོམས་སའི་ཁོར་ཡུག་ཞིག་མི་བསྐྲུན་པ་མ་ཟད་ད་དུང་ཕྱི་ཕྱོགས་སུ་སློབ་སྦྱོང་བྱེད་དུ་མ་འགྲོ་མ་གཏོགས་སྟོན་པའི་བཀའ་བླ་མའི་གསུངས་ལ་འགལ་ཡོད་ཟེར་བ་ནི་མ་ཤེས་ཡིན་ནམ་ངོ་ཚ་མེད་པར་བཤད་པ་ཡིན །སློབ་གཉེར་བ་ཞིག་ལ་མཚོན་ན་སློབ་སྦྱོང་གི་མཁའ་དབུགས་ཞིག་མེད་ན་དགོན་པ་དེར་གྲྭ་བ་སུ་ཞིག་འདུག་སྤྲོ། ཤེས་ཡོན་གྱི་ཆ་ནས་བཞག་ན་ཁྱེད་ཚོའི་ནང་ལ་རྣམ་དཔྱོད་ཀྱི་ཤེར་རབ་དང་རྒྱུ་འབྲས་ཀྱི་བློ་མིག་ཅན་ཞིག་ཕར་ཞོག་མི་ཁོག་རྒྱ་ཅན་གུ་ཡངས་མོ་ཅན་སུ་ཞིག་ཡོད། མཁས་པ་དང་བསམ་བློ་བ་རེ་ཡོད་ནོ་དགོན་པ་ནས་ཕྱིར་ཕུད་ནས། མཐའ་མའི་གྱོང་གུད་དེ་དགོན་པ་རང་གི་ཉོས་པ་རེད །ད་གང་ལྟར་བཤད་བཤད་ན་ཉོག་འགྲོ་འཐེན་འཐེན་ན་ཆད་འགྲོ་ཞེས་པའི་དཔེ་ལྟར་མདོར་ན་ད་ཐེངས་ཀྱི་དོན་རྐྱེན་ནི་མ་འོངས་པར་ཀིརྟི་དགོན་གྱི་སློབ་གཉེར་པ་ཚོའི་སློབ་སྦྱོང་ལ་འབྲེལ་བ་དམ་པོར་ཡོད་པས་ཕྱོགས་གང་ཐད་ནས་ཀྱང་བསམ་བློ་ཡག་པོ་ཞིག་གཏོང་རན་རེད།

༼"ཁ་མང་ཁོག་སྒེར་ལས་གྲུབ་པའི་ལག་རྗེས༽
ཐེའུ། རྔ་པ།

ཉེ་བའི་ཟླ་བ་འགའི་ཡར་སྔོན་དུ་རྔ་པ་ཀིར་དགོན་ནས་དབང་ཆ་སྒེར་འཛིན་གྱི་དོན་དག་མང་པོ་ཞིག་བྱུང་སོང་བས་དཔྱོད་ཤེས་ཀྱི་བློ་མིག་དང་རྒྱུ་འབྲས་ཀྱི་དྲང་བཞག་ལ་དགའ་བའི་མི་བུ་སྐོར་ཞིག་གི་དགོན་སྡེའི་འཛིན་སྐྱོང་དམངས་གཙོའི་ལམ་དུ་འགྲོ་དགོས་པའི་རེ་བ་དང་འབོད་སྐུལ་མང་དུ་བཏང་བ་རེད། འོན་ཀྱང་ཁ་ནས་བདག་མེད་ལབ་པས་མཁས་རྒན་ཅིག་གིས་དོན་གྱི་བདག་འཛིན་གྱི་སྒེར་སེམས་གྱི་རང་གི་ཤེས་ཚོད་དང་དཔག་ཚོད་ཀྱི་སྐབས་དོན་ལ་ཐག་ཆོད་ཁུལ་བྱས་དེ་"མང་གཙོ་དར་བའི་དུས་ལ་མ་སླེབས་སོ" ཟེར་ནས་སྒེར་འཛིན་གྱི་ཐོག་ནས་ཐག་བཅད་པ་རེད། རེད་དེ་ཐག་རིང་དུ་ཡོད་པའི་སྐྱ་སེར་ཡོངས་ཀྱི་སྐྱབས་མགོན་ཁྱེད་ཉིད་ཕལ་ཆེར་རང་དབང་ལུང་པའི་ནང་དུ་འདུག་རྒྱུ་མང་དྲག་པས་རང་དབང་དམངས་གཙོ་ཡི་ཁ་གཏད་དུ་ལངས་པའི་སྒེར་གཅོད་ཀྱི་བྲོ་བ་ནི་ཁྱེད་ཀྱི་མི་ཤེས་པར་འདོད་པའི་སོམ་ཉི་ཞིག་རྒྱུན་དུ་སྐྱེས་བྱུང་། རྒྱུ་མཚན་ཁྱེད་ཀྱི་བཤད་བའི་"མང་གཙོ་"ཡི་མེ་ལུང་ནང་དུ་སྒེར་གཅོད་ཀྱི་གཟུགས་བརྙན་འཆར་འདུག་ལ། ཁྱེད་ཀྱིས་སྒོམ་པས་བདག་མེད་ཀྱི་ལྟ་བའི་ནང་དུ་བདག་འཛིན་གྱི་དྲི་མ་འཐུལ་འདུག་པས་སོ། "སོམ་ཉི"ཞེས་པའི་སྐད་ཆ་འདིའི་ཁྱེད་ཚོ་མི་མང་པོ་ཞིག་གི་ང་ལ་མི་དགའ་བའི་རྣམ་འགྱུར་སྟོན་སྲིད་མོད། འོན་ཀྱང་ངའི་ནམ་ཡང་སྐྱབས་མགོན་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ཡིན་པའི་ངོ་འཛིན་བྱེད་གི་མེད། ལྷག་ཏུ་ལོ་ངོ་འདི་དག་གི་རིང་གི་ཉོག་དྲ་བསླང་བྱེད་ཀྱི་བཀའ་ཤོག་དག་འབྱོར་བ་བཟུང་ལྷམ་འགོ་རྡོ་ལ་འཕྱར་ན་གསོལ་བ་འདེབས་ཡུལ་གྱི་སྐྱབས་མགོན་ཁྱེད་ཉིད་ངའི་རང་གི་སྐྱབས་མགོན་དུ་འདོད་པའི་ཡིད་ཐང་རྦད་དེ་ཆད་སོང་། ད་དུང་ཁྱེད་ཀྱིས་བཤད་དོན"་མང་གཙོ་དར་བའི་དུས་ལ་ཐོན་མི་འདུག་ཟེར་བའི་ཚིག་དེའི་ནང་དུ་ཡང་དོན་གྱི་སྒེར་གཅོད་ཀྱི་ཆོས་འཁོར་སྐོར་བསམ་བའི་རྟཊ་མཚན་ཞིག་མངོན་འདུག་པ་སྨོས་ཅི་དགོས།ད་དུང་ཁྱེད་ཀྱིས་འདི་འདྲ་ཞིག་ཀྱང་བཤད་ཡོད་དེ་"ཁོར་ཡུག་ཆ་ཚང་རང་དབང་ཟེར་བའི་ཚིག་ཙམ་གཙོ་བོར་འཛིན་པའི་སྒོ་ནས།བཤད་ཕོད་པ་སྒྲུབ་ཕོད་པ་དུས་རབས་དང་མཐུན་པ། མང་གཙོ། རང་དབང་། འདྲ་མཉམ་གང་བསམ་ལྟར་ཡིན་དགོས་ཟེར་མཁན་གྱི་གོམ་གཤིས་ངན་པ་ཅན་ཞེ་གཅིག་དུ་གྱུར་ཚེ་བླ་སློབ་ཀྱི་དད་པ་དམ་ཚིག་དང་དགའ་ཞེན་གྱི་བག་ཆགས་རང་བཞིན་གྱི་བརླག་འགྲོ"།ཞེས་བཤད་པ་གོ་དུས།ངའི་སེམས་པ་བློང་བློང་བོར་གྱུར་སོང་། དེང་སང་འཛམ་གླིང་གི་རྙེད་པའི་ལམ་ཡག་པོ་ཁྱོད་རང་གི་གོམས་གཤིས་ངན་པ་ཞིག་རེད་ཟེར་ན་ངོ་མ་དགོད་བྲོའོ། ད་དུང་གོང་གི་སྐད་ཆ་ནང་དུ་ཁྱོད་རང་ཉིད་ཀྱི་ཁེ་ཕན་མ་གཏོགས་ལར་ནས་མ་མཐོང་ངོ་། གོང་གསལ་གྱི་སྐད་ཆའི་ནང་དུ་གང་གིས་བླ་སློབ་བར་གྱི་དད་པ་དང་དམ་ཚིག་ལ་འགར་འགྲོ?ད་དུང་ཁྱེད་ཀྱི་ཡོངས་ཁྱབ་རིན་ཐང་ལ་བལྟ་ན་འགྲིག་གི་ཞེས་ཁོ་བོས་གསལ་བསྒྲགས་བྱས་པ་ཡིན།སྤྱིར་ཁོར་ཡུག་གང་དང་གང་ན་རང་དབང་མེད་པ་དང་འདྲ་མཉམ་མ་ཡིན་པའི་གནས་སྟངས་འོག་ནས་འོས་ལངས་དང་དམག་འཁྲིག་སློང་གི་ཡོད། དམག་འཁྲིག་དེ་ཡང་དོན་གྱི་ཆོས་ལུགས་སྒེར་གཅོད་དང་སྲིད་དབང་སྒེར་གཅོད་ཀྱི་ཐོག་ནས་ཡོང་གི་ཡོད། དེ་བས་སྲིད་ལོ་ཉེར་གཅིག་པའི་འདིར་སླེབས་དུས་ས་ཆ་མང་ཕྱོགས་སུ་སྒེར་གཅོད་ཀྱི་དྲི་ངན་རིམ་གྱི་ཡལ་ཏེ། ་རང་དབང་དང་དམངས་གཙོ་འདྲ་མཉམ་ནི་འཛམ་གླིང་གི་ཡོང་ཁྱབས་རང་བཞིན་(普世价值)དུ་གྱུར་ཡོད་པའི་རྒྱལ་ཁབ་མང་ཤོས་ཀྱི་སྲིད་དབང་གི་དབང་ཆ་གཙོ་བོ་དམངས་ཀྱི་ལག་དུ་ཡོད་པའི་སྤྱི་དམངས་ཀྱི་འོས་ཤོག་དང་བསམ་ཚུལ་ལྟར་ཐག་གཅོད་བཞིན་ཡོད། དགོན་སྡེ་ཡང་དེ་བཞིན་དགོན་པ་ཞིག་བཅས་ཁྲིམས་དང་སྒྲིག་ལམ་ནི་གྲྭ་མང་གི་སྤྱོད་དགོས་པའི་ཚང་མ་གྲྭ་མང་དང་འཚམ་མི་འཚམ་གྱི་གྲོལ་མོལ་གྱི་ཐོག་ནས་ཐག་གཅོད་དགོས་པ་ཡིན་། འོན་ཀྱང་དེང་སང་རང་དགོན་གྱི་གྲྭ་པ་མང་པོ་ཞིག་གི་ཁ་ནས་"དེ་ནས་ཁྱེད་ཚོས་བླ་མ་དང་བཅའ་ཡིག་བརྩི་མི་དགོས་སམ"ཞེས་བརྗོད་ཀྱིན་ཡོད་མོད། འོན་ཀྱང་དོན་གྱི་ང་ཚོས་བླ་མ་དང་བཅའ་ཡིག་བརྩི་མི་བརྩི་ཞིག་གི་གནད་དོན་དུ་མ་ངེས་ལ། གལ་ཏེ་ཡིན་ན་ཡང་།སྤྱིར་བཅའ་ཡིག་བརྩི་མི་བརྩི་བཅའ་ཡིག་སྤྱོད་མཁན་གྱི་གྲྭ་མང་ལ་ཕན་ཁེ་ཡོད་མེད་བལྟ་དགོས་པ་མ་གཏོགས་བཅའ་ཡིག་བཟོ་མཁན་ནི་བླ་མ་རེད་ཁ་ཉན་དགོས་ནི་རེད་ཟེར་ན་བླ་མའི་བཟོ་བས་བཅའ་ཡིག་སྐྱོན་ཀུན་ཟད་ཀྱི་བཅའ་ཡིག་ཞིག་ཡིན་པ་ཐལ་འགྲོ་བས་དེ་ནི་སྐྱོན་མེད་པ་མི་སྲིད་དོ། སྤྱིར་རྒྱལ་ཁབ་དང་ཚོགས་པ །ཡང་ན་དགོན་པ་ཞིག་གི་སྒྲིག་ལམ་གང་དང་གང་ཡིན་ན་ཡང་སྐྱོན་མེད་པ་མི་སྲིད་པས། ངེད་ཀྱི་བླ་མས་བཟོ་བའི་བཅའ་ཡིག་ལ་དེ་བས་ཀྱང་གདོན་མི་ཟའོ།

༢༠༡༤/༠༢/༡༦ཉིན་སྦྱར་བའོ།།

ལས་སྣེ་དག་གིས་མ་གཟུཊ་པའི་རྣོ་གྲིའི་བསྒྲགས་གཏམ།
རྣོ་གྲི། རྔ་པ་ཀིརྟི་དགོན།

རང་དགོན་དང་ཕྱོགས་གཞན་ནས་སློབ་སྦྱོང་བྱེད་སྟངས་མི་འདྲ་ཚུལ། ཤེས་ཡོན་འགན་འཛིན་ལྷན་ཚོགས་དང་དེ་དང་འབྲེལ་བའི་ཚོགས་འདུ་ལས་སྣེ་སོགས་ལ་ཕྲན་ཆུང་ངས་རེ་བ་ཅུང་ཙམ་ཞུ་རྒྱུར། ང་རང་བྱས་ལོ་དྲུག་ཟིན་ཙམ་ནས་རང་དགོན་འདི་ལ་བཞུཊ་ཤིང་ད་ལྟ་རང་ལོ་བཅུ་དགུ་ལ་སོན་ཡོད། འོན་ཀྱང་མོ་ལོ་དུ་མའི་རིང་ལ་སློབ་སྦྱོང་ཕྲན་བུ་ཙམ་རེ་བྱས་པ་དང་། འཚོགས་ཆོས་གྲྭ་སོགས་གང་ཐུབ་ཀྱིས་སོང་ནས་མི་ཚེའི་རིང་མོ་དེ་བསྐྱལ་བ་ཡིན།ཡིན་ཡང་ང་རང་གི་འདས་ཟིན་པའི་ལོ་རྒྱུས་དག་ལ་ཕྱི་དྲན་ཞིག་བྱས་ཚེ་ང་ད་གཟོད་ཐོབ་ཡོད་པ་གཅིག་ཀྱང་མི་འདུག།དེ་ནི་སློབ་སྦྱོང་བྱེད་སྟངས་མི་འདྲ་བའི་སྟེང་ནས་ཡོང་པའང་སྲིད་ལ།དགེ་རྒན་དག་གྲོགས་ཀྱིས་དབང་གི་ཡིན་སྲིན་མོད།གང་ལྟར་རྒྱུ་མཚན་ཅུང་ཙམ་ཞིག་བཀོད་དེ་བཤད་ན་ཕ་ཡུལ་ནས་སློབ་སྦྱོང་ཕྲམ་བུ་རེ་བྱས་ཀྱང་དེ་ནི་རྣམ་གཡེང་རྩེད་ཀྱི་དབང་གི་སློབ་སྦྱོང་བྱས་བ་ཐམས་ཅད་འཐུས་ཤོར་དུ་སོང་ནས་ངས་འདས་ཟིན་པའི་ལོ་རྒྱུས་ཀྱི་ནང་ལ་ད་གཟོད་ལེན་བྱ་གཅིག་ཀྱང་མི་འདུག་པ་དེ་རེད།རྒྱུ་མཚན་དེའི་ཕྱིར་ད་ལྟ་ང་རང་གྲྭ་ས་ཞིག་ལ་སོང་ནས་ཉིན་གཅིག་ལ་སློབ་སྦྱོང་གང་བཟང་བཟང་དང་གང་ཡག་ཡག་རེ་བྱེད་གིན་ཡོད། ང་རང་གི་ལྟ་ཚུལ་ཡིན་ན་ཕ་ཡུལ་དང་ཕྱོགས་གཞན་ནས་སློབ་སྦྱོང་བྱེཅ་སྟངས་ནི་གནམ་སའི་ཁྱད་པར་འདུག་སྙམ།གང་ཡིན་ཟེར་ན་ཕ་ཡུལ་ནས་ཟླ་གཅིག་ལ་སློབ་སྦྱོང་བྱེད་པ་ལས་ཕྱོགས་གཞན་ནས་ཉིན་བཅུ་ལ་སློབ་སྦྱོང་བྱེད་རྒྱུར་ཡག་པོ་འདུག་པ་ཁོ་བོ་གཅིག་བུ་ ཙམ་མ་ཡིན་པར་ཕྱི་ལོགས་སུ་འགྲོ་མཁན་ཀུན་གྱི་ཉམས་མྱོང་གྱི་གྲུབ་པ་ཞིག་ཡིན་པས།ང་རང་གིས་གྲྭ་ས་ནས་ཟླ་གཅིག་ཙམ་ལ་སློབ་སྦྱོང་བྱས་པ་དེ་ནི་མི་ལོ་དུ་མའི་རིང་གི་སློབ་སྦྱོང་བྱས་པ་ས་ལེགས་ཞེས་ཚིག་ཐག་ཆོད་པོས་སྨྲ་བར་སྤོབས་སོ། དྲང་བདེན་གྱི་སྐད་ཆ་གཅིག་ལབ་ནང་ཚོ་གྲྭ་སར་འགྲོ་མཁན་ཚོ་མ་འོངས་ཀིར་དགོན་གྱི་རྒྱན་གཅིག་ཡིན་པ་མ་ཟད་མ་འོངས་པའི་ཀིར་དགོན་འདི་ཇེ་རྗེས་ཇེ་ལེགས་བྱེད་ཀྱིས་མ་རྩ་གཏོང་མཁན་ཡང་རེད་འདུག་སྙམ་ཡོད་ལ། ཁོ་བོས་ཀྱང་སློབ་སྦྱོང་ཕྲན་ཙམ་བྱས་པའི་འབྲས་བུ་མངོན་ས་དང་གྲུབ་འབྲས་མངོན་ས་རང་དགོན་འདི་ལས་ཡེ་ནས་མེད་དོ། མདོར་ན་ཁྱེད་རྣམས་པས་ང་ཚོ་གྲྭ་སར་འགྲོ་མཁན་དག་ལ་རྒྱབ་བསྐྱོར་གནང་རོགས་ཞེས་པའི་རེ་བ་ཞུ་བཞིན་ཡོད་ལ། ཁྱེད་རྣམས་པས་ང་ཚོ་གྲྭ་སར་འགྲོ་མཁན་དག་གནས་དབྱུང་མི་གཏོང་བའི་ རེ་བ་སྙིང་ཁོངས་རུས་པའི་གཏིང་ནས་རེ་བ་ཞུ་བ་ལགས་སོ།༢༠༡༤/༣/༢༨/ཉིན་གུས་ཕུལ་ཞེས་པའི་རྩོམ་ཐུང་འདི་ཕྲན་ཆུང་ངས་ཤེས་ཡོན་འགན་འཛིན་ལྷན་ཚོགས་དང་དེ་དང་འབྲེལ་ཡོད་ཀྱི་ཚོགས་འདུ་ལས་སྣེ་སོགས་ལ་རེ་ཞུ་ཞིག་གི་ཚུལ་དུ་ཕུལ་བ་ཡིན། རྒྱ་མཚན་ཁོ་ཚོ་གྲོས་ཐག་མ་བཅད་པའི་ཡར་སྔོན་དུ་སྐྱོར་དཔོན་དང་བླ་མ་སོཊ་ལ་གྲྭ་སར་འགྲོ་མཁན་ཚོ་རང་དགོན་དུ་མི་ལོག་པའི་རྒྱུ་མཚན་འགའ་རེ་ཁུར་ཤོག

སློབ་གཉེར་བ་ཞིག་གི་དཀའ་ཁག
མྱི་ལྡོམ། རྔ་པ།

སྤྱིར་ཁོ་བོ་རང་དགོན་དུ་མི་སྡོད་པར་ཆ་མེད་རྒྱུས་མེད་ཀྱི་དབེན་དགོན་གཞན་ཞིག་ཏུ་འགྲོ་དོན་རྒྱུ་མཚན་བཞི་རུ་བགོས་ནས་བཤད་ན།
 གཅིག 
མ་གཞི་སློབ་སྦྱོང་བ་ཞིག་ལ་མཚོན་ན་སློབ་སྦྱོང་བྱེད་སའི་འཁོར་ཡུག་ལེགས་པོ་ཞིག་དང་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་བཟང་ཤོས་ཤིག་དགོས་པ།བསྙོན་དུ་མེད་པས།ཆ་རྐྱེན་དེ་དག་དང་བྲལ་ཚེ།སློབ་སྦྱོང་བ་ཞིག་སྡོད་ཐབས་མེད་པ་གྲྭ་རྐྱང་ཁོ་བོས་མ་སྨྲས་ཀྱང་།བློ་དང་ལྡན་པའི་སྐྱེས་བུ་སློབ་སྦྱོང་བ་ཀུན་གྱི་ཐུགས་སུ་རྒྱུན་དུ་འཛར་འཛར་དུ་ཡོད་དོ།།
དེའི་ཕྱིར།ཁོ་བོ་རང་དགོན་དུ་སྡོད་སྒང་ལོ་གཅིག་ལ་སློབ་ཁྲིད་དམ་དཔེ་ཁྲིད་ཟླ་གཅིག་ཡས་མས་ཤིག་ལས་རེག་མ་སོང་ལ།ད་དུང་སློབ་སྦྱོང་བ་གཞན་དག་ལའང་འདི་དང་འདི་ལྟ་བའི་དཀའ་ངལ་བྱུང་དང་འབྱུང་མས་སུ་ཡོད་པས།ལོ་ནས་ལོ་མཐུད་ཟླ་ནས་ཟླ་བརྩེགས་ཏེ་ཅི་ཙམ་རེ་བའི་སྒུག་རུང་།རང་དགོན་གྱི་དབང་འཛིན་པ་དག་གིས་འདིའི་རིགས་ཀྱི་དཀའ་ངལ་མ་བཟློག་པས།ཆ་མེད་ རྒྱུས་མེད་ཀྱི་ཡུལ་གྲུ་གཞན་ཞིག་ཏུ་མི་འཁྱམས་པའི་རང་དབང་མ་བྱུང་ངོ་།།
 
 གཉིས་པ་དགེ་རྒན་གྱི་དཀའ་ངལ།

ན་ནིང་སྟེ། ༢༠༡༣ལོར་རང་དགོན་གྱི་སློབ་གཉེར་བ་རྣམས་ཀྱིས་རེ་བསྐུར་ཡང་དང་བསྐྱར་དུ་བྱས་མཐར།རང་དགོན་དུ་དགེ་རྒན་རེ་གཉིས་གདན་འདྲེན་བྱས་ཤིང་།དེ་ནི་བྱིས་པར་མགོ་བོ་བསྐོར་བའི་ཐབས་ཚུལ་སྡུག་ཤོས་ཤིག་དང་སྒོ་ཀུན་ནས་མཚུངས་སོ།།
རྒྱུ་མཚན་དགེ་རྒན་གཅིག་ཟླ་གཅིག་འགོར་ཡོད་མེད་ཙམ་དུ་བཞུགས་པ་དང་།གཅིག་ཉིན་བཅུ་ལྷག་ལས་བཞུགས་མེད་པ་ཁོ་བོ་གཅིག་བུ་མིན་པར།རང་དགོན་གྱི་གྲྭ་དམངས་ཀུན་ལ་གསལ་གསལ་ཐང་ཐང་དུ་ཡོད་པ་བཤད་མི་དགོས་མངོན་སུམ་ཡུལ་ལས་འདས་ཟིན་པ་དེའོ།།
སྤྱིར་སློབ་སྦྱོང་ནི་མི་ཚེ་གཅིག་གི་དམིགས་ཡུལ་ཉག་གཅིག་ཡིན་ན།ཟླ་གཅིག་ལྷག་ལ་དགེ་རྒན་རི་རབ་ཀྱི་རྩེ་འདྲ་རེ་བསུས་ཀྱང་།མ་བསུས་ཀྱང་། སློབ་འདོད་ལ་རེ་བའི་སློབ་གཉེར་བ་དག་གི་སློབ་སྦྱོང་གྱི་བཀྲེས་སྐོམ་དེ་སེལ་ག་ལ་ཐུབ།ཡང་ཕྱོགས་གཞན་ཞིག་ནས་བཤད་ན།རང་དགོན་གྱི་སློབ་གཉེར་བ་ཡག་ཤོས་དག་ཕྱོགས་གཞན་དུ་དགེ་རྒན་བྱེད་དུ་མངགས་ནས།ལོ་ག་ཙམ་འགོར་རུང་།ཟླ་ག་ཙམ་འདས་ཀྱང་།དབང་འཛིན་པ་དག་གིས་དགའ་བཞིན་སྤྲོ་བཞིན་གཞན་ཡུལ་ཏུ་མངགས་པ་འདི།དབང་འཛིན་པ་དག་གིས་སྒྲིག་ལམ་ནོར་བ་ཡིན་ནམ།སྒྲིག་ལམ་མ་འཁྱོངས་པ་ཡིན། དེ་མིན།དབང་འཛིན་པ་དག་གམ།ཡང་ན་དགེ་བསྐོས་སོགས་ཀྱིས་འདི་ལྟར་བཤད་པའང་ཡོད་དེ།རང་དགོན་དུ་རིག་གནས་སློབ་ན་འདོད་ན་རིག་གནས་འཁྲིད་ནི་ཡོད།ནང་དོན་རིག་པ་སློབ་ན་འདོད་ན་ནང་དོན་རིག་པ་འཁྲིད་ནི་ཡོད་ཅེས་སྐད་ཆ་སྙན་མོ་རེ་བཤད་ནས།སྡིག་དམོད་དང་འཚོག་གཏམ་གཞན་ལས་ལྕི་བ་རེ་བྱས་ཏེ་སྡོད་ཀྱིན་ཡོད་མོད།དོན་དམ་པར་རིག་གནས་ཁྲིད་མཁན་གྱི་དགེ་རྒན་རེ་གཉིས་དགོན་པ་གཞན་དུ་རིག་གནས་ཁྲིད་དུ་མངགས་པ་དང་།མཚན་ཉིན་རིག་པ་ཁྲིད་མཁན་གྱི་དགེ་རྒན་རྒན་གཞོན་གང་མང་ཞིག་དགོན་པ་གཞན་དུ་སློབ་ཁྲིད་དུ་མངགས་པ་འདི་ཁྱེད་ཚོའི་སེམས་ཀྱི་ཟབ་ཟ་དང་སྙིང་གི་དཀྱིལ་གྲུང་ནས་བརྗེད་དུ་མ་འཇུག་ལགས།

 གསུམ་པ་དབང་འཛིན་པ་དག་གིས་
ཐག་གཅོད་དང་བཅའ་ཡིག་གི་བར་ཐག

གསུམ་པ་རང་དགོན་གྱི་ལས་ཀྱི་སྣེ་མོ་བ་དག་གིས་གྲོས་ཐག་གཅོད་ཕྱོགས་ཐད་དུ་ཀིརྟི་སྤྲུལ་མིང་བའི་བཅའ་ཡིག་གསར་བ་"བློ་གསལ་འཇུག་ངོགས་ཀྱི་ཤོག་གྲངས༡༠༤"རུ་འདི་ལྟར་གསུང་ཡོད་དེ།"གྲོས་ཐག་གཅོད་སྟངས་ནི།"ཇོ་བོ་རྗེའི་ཞལ་ནས་"ངེད་རྒྱ་གར་བ་དོ་གལ་ཆེ་བའམ་བྱ་བ་གློ་བུར་བ་བྱུང་ན་སྡེ་སྣོད་འཛིན་པ་རྣམས་ཚོགས་ནས།སྡེ་སྣོད་གསུམ་ནས་མ་བཀག་གམ།སྡེ་སྣོད་གསུམ་དང་མི་འགལ་ལམ།ཞེས་གཏན་ལ་ཕབ་ནས་དེའི་སྟེང་དུ་འཇོག་པ་ཡིན་"ཞེས་གསུང་བ་དེ་དོན་དང་མཐུན་པའི་གཏམ་དུ་རློམ་ནས།ཁོང་རིན་པོ་ཆེའི་བཅའ་ཡིག་"བློ་གསལ་འཇུག་ངོགས་"ཏུ་ཐད་ཀར་དྲངས་པ་མ་ཟད་དེ་ལྟར་དུ་གྲོས་ཐག་གཅོད་དགོས་ཞེས་ནན་གྱིས་བཀའ་ཕབ་ཡོད་པ་རང་དགོན་གྱི་དབང་འཛིན་པ་དང་ལས་ཀྱི་སྣེ་བ་དག་གི་སེམས་ཀྱི་ཟབ་ས་ནས་བརྗེད་དུ་མ་འཇུག་ལགས།
ད་དུང་དེ་ཙམ་གྱི་ག་ལ་ཚད་དེ།ཡང་"བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཤོག་གྲངས ༡༠༤"རུ་བྲི་ཀ་མ་ལ་ཤི་ལས"དེའི་སྟེང་དུ་བྱང་སེམས་ཀྱི་སྤྱོད་པ་ནས་མ་བཀག་གམ།དེ་དང་མི་འགལ་ལམ"ཞེས་གསུང་བ་སོགས་དྲངས་ནས་དབང་འཛིན་པའི་སྡེ་རུ་བཀའ་སློབ་ནན་གྱིས་བསྐུར་བ་སོགས་ཁྱེད་ཅག་གིས་གྲོས་ཐག་གཅོད་དུས་སེམས་སུ་འཆར་མ་མྱོང་བ་ཡིན་ནམ། དེ་ལ་བསམ་གཟིས་ནས་གཡོལ་ཐབས་བྱས་པ་ཡིན།
ཡང་"བཅའ་ཡིག་བློ་གསལ་འཇུག་ངོགས་ ༡༠༤ ནས ༡༠༥"རུ་ཁོང་རང་གིས་གསུང་དོན་"བཅའ་ཡིག་རིན་པོ་ཆེའི་སྔ་ཕྱི་དགོངས་པ་དང་འགལ་གྱི་ཡོད་མེད་ལ་ཞིབ་འཇུག་གིས་རྒྱུ་མཚན་གསལ་བཤད་དང་འབྲེལ་སྔ་མོའི་དུས་སུ་"ཚུལ་ཤིང་"བཞེས་པའང་ཅུང་མི་མཐུན་པར་དེ་དེ་བཞིན་དུ་འཛིན་པས།དགེ་འདུན་པའི་ལས་དོན་ཐག་གཅོག་མཛད་སྲོལ་ཡོད་པ་ལྟར་མང་མོས་གྲོས་མཐུན་གྱི་ལམ་ནས་ཐག་གཅོད་མཛོད་"ཅེས།གསུང་གསེར་ནག་གི་ཐིག་འདྲ་ཞིག་ཡོད་པ་འདི།དབང་འཛིན་པ་ཁྱེད་ཅག་གིས་"བཅའ་ཡིག་བློ་གསལ་འཇུག་ངོགས་ལ་གཟིགས་སྐབས་མ་མཐོང་བ་ཡིན་ནམ།མཐོང་བཞིན་དུ་ལག་ལེན་མ་སྟར་པ་ཡིན།
བཞི་བ་མཇུག་གི་གཏམ།
 
ཉེ་སྔོན་རང་དགོན་གྱི་ལས་ཀྱི་སྣེ་མོ་བ་དག་གིས་འཛིན་གྲྭའི་སྐྱོར་དཔོན་དང་བླ་མ་སོགས་ལ་རང་རང་གི་འཛིན་གྲྭའི་གྲྭ་སར་འགྲོ་མཁན་དག་ཕྱིར་རང་དགོན་དུ་འབྱོར་དགོས་པར་བཤད་པ་དང་།མ་ཡོང་ཚེ་རྒྱུ་མཚན་དྲིས་ཤོག་ཅེས་པ་ལྟར།ཁོ་བོ་རང་དགོན་ནས་"གནས་སྐབས་སུ"་བྲལ་དགོས་པའི་རྒྱུ་མཚན་ཞིག་གི་ཚབ་ཏུ་བྲིས་པ་ལགས་ཤིང་།ལས་སྣེ་དག་གིས་མ་བལྟས་པས།བློ་གཟི་བོར་གནས་པའི་གྲྭ་མང་བྱིངས་ལ་མི་བཀྲམ་པའི་རང་དབང་བྱུང་མ་སོང་ངོ་།།

དྲང་བདེན་མིན་པའི་ཁྲིམས་ལུཊ་
མི་འཁུར་བའི་ཐོབ་ཐང་ཡོད།
རྣོ་མིག རྔ་པ་ཀིརྟི་དགོན།

ངོ་མ་ཧ་གོ་གྱིན་མི་འདུག། ང་ཚོ་གྲྭ་ས་ལ་འགྲོ་མི་ཆོག་པའི་རྒྱུ་མཚན་ཅི་ཞིག་ཡིན། ངོ་མ་བཤད་ན་ང་ཚོ་གྲྭ་ས་ལ་འགྲོ་བའི་ཁེ་དབང་ཞིག་མེད་པ་ཨེ་རེད། ངས་བལྟས་ན་ང་ཚོ་གྲྭ་ས་ལ་འགྲོ་མིན་ང་ཚོས་ཁེ་དབང་རེད། ཁྱེད་ཚོས་བཤད་རྒྱུར་ང་ཚོ་གྲྭ་ས་ལ་སོང་ན་དགོན་པ་འདི་འཐོར་རྒྱུར་གཉེན་ཁ་ཡོད་ཞེས་བརྗོད་འདུག ཧ་ཧ་ཧ་ངོ་མ་དགོད་གཏམ་ཞིག་ཅི་ལ་མིན། ཁྱེད་ཚོའི་ང་ཚོར་ལོ་བརྒྱད་ཅན་གྱི་བྱས་པ་ཞིག་གི་ཚད་བཟུང་བ་མ་ཡིན་ནམ། འདི་ནི་སུའི་རྣ་འགྲོ་རྒྱུར་མ་རེད། ངོ་མ་ཁྱེད་ཚོའི་དམིགས་འདུན་ཅི་ཞིག་ཡིན། ངོ་མ་ཁྱེད་ཚོའི་དགོན་པ་འདི་བསམ་གྱ྄ིན་ཡོད་དམ། ཡོད་ན་གལ་ཏེ་ཁྱེད་ཚོའི་ད་ལྟའི་བསམ་ཚུལ་ནི་བསམ་བློ་གཏང་མ་ཤེས་པ་དེ་རེད། འུ་ཚོ་ལ་འདི་འདྲའི་གཏམ་དཔེ་ཞིག་ཡོད། "གཅེས་མ་ཤེས་གཤེས་ཕྲུག་གཅེར་བུར་ཕུད་"ཞེས་དཔེ་ལྟར་ཁྱེད་ཚོའི་དགོན་པ་འདིར་གཅེས་མ་ཤེས་ན་དགོན་པ་འདི་གཅེར་བུ་ཡང་ཕུད་རྒྱུ་རེད། རང་དགོན་དུ་གྲྭ་བ་སྟོང་གཉིས་ལྷག་ཡོད་པ་འདི་མངོན་སུམ་རེད་མོད། གྲྭ་བ་བརྒྱ་ལྷག་ཕྱི་རོལ་ལ་སློབ་སྤྱོང་ལ་སོང་ཙམ་གྱིས་དགོན་པ་འདི་གང་ནས་འཐོར་འགྲོ་བ་རེད། གྲྭ་ས་ལ་འགྲོ་མི་ཆོག་པ་ནི་སུ་ཞིག་གི་ཤན་ཤུགས་རེད། ངས་བལྟས་ན་འདི་ནི་སྲོལ་རྒྱུན་ཤན་ཤུགས་རེད། འདི་དགོན་བདག་བླ་མའི་འདང་མ་རྒྱབ་པ་རེད་དམ།ཡང་ན་དབང་འཛིན་པ་ཚོའི་ཕྱོགས་རིས་བྱས་པ་རེད། ངེད་ཚོ་གྲྭ་མང་ལ་སློབ་གཉེར་བྱེད་པའི་ཁེ་དབང་གཙང་མ་ཞིག་མེད་པ་ཅི་རེད། 
ངས་ད་བར་དུ་སྒེར་གཅོད་ངོས་མ་ཟིན་པ་དེ་རེད། ད་ལྟ་འདང་རེ་བརྒྱབ་ན་ངས་སྒེར་གཅོད་ངོས་ཟིན་སོང་། ཁྱེད་ཚོས་བྱ་སྤྱོད་ཀྱི་འོག་ནས་ངས་སྒེར་གཅོད་ངོས་ཟིན་པ་ཡིན། རྩ་ཁྲིམས་ལ་དོན་མཐུན་དང་དོན་མི་མཐུན་པ་གཉིས་དང་།བཅའ་ཁྲིམས་ལ་ཁྲིམས་མཐུན་དང་ཁྲིམས་མི་མཐུན་པ་གཉིས་ཡོད་པ་འཛམ་གླིང་མཁས་པའི་སྐད་དུ་གྲགས་པས།ཁྲིམས་མཐུན་མིན་པའི་ཁྲིམས་ལུག་ནི་ང་ཚོའི་ཁུར་དགོས་པའི་གནས་ལུགས་ཤིག་ཡེ་ནས་མེད་དོ།།
 ཁྲིམས་མཐུན་མི་མཐུན་གྲྭ་མང་གི་ཁེ་ཕན་ལ་རག་ལས་ཡོད། གལ་ཏེ་གྲྭ་མང་གི་ཁེ་ཕན་མིན་པའི་ཁྲིམས་ལུགས་དེ་དྲང་བདེན་མིན་པའི་ཁྲིམས་ལུགས་རེད་པས། དྲང་བདེན་མིན་པའི་ཁྲིམས་ལུགས་ནི་ང་ཚོས་ནམ་ཡང་འཁུར་དགོས་པའི་ཐོབ་ཐང་མ་མཆིས་སོ།།

བརྩི་དགོས་ན་ལས་རྒྱུ་བཅའ་རྒྱུ་མ་མང་།
རྡོ་རྗེ་ཕ་ལམ།

ཕྱོགས་ལྷུང་གིས་ཡིད་རབ་ཏུ་དཀྲུག་པའི་སྒེར་གཅོད་པ་ཚོས་སེམས་ལ་བཟུང་། ནང་བསྟན་གྱི་བསྟན་པ་ཡར་རྒྱས་སུ་འགྲོ་བ་ལ་ཆ་རྐྱེན་དང་དགོས་མཁོ་གང་འདྲ་ཞིག་ཡོད་པ་བསམ་གཞིག་བཏང་ཨེ་མྱོང་། ངེད་ལོ་དགུ་ནས་ཉི་ཤུ་བར་དུ་ཀིར་དགོན་ནས་འཚོག་ཆོས་ར་སོང་ནས་ཉི་མ་འཁྱོང་ཐབས་བྱས་པ་མ་གཏོགས་དབང་འཛིན་པ་ཚོས་སློབ་གཉེར་བའི་དགོས་མཁོ་བསྐོང་ཐབས་ཀྱི་ཐབས་ལམ་གང་ཡང་གཏེེར་མ་མྱོང་བ་ཁ་ཚོད་ཆོད་པོ་དང་བཅས་པས་བཤད་ཐུབ། དེས་ཀྱང་མི་ཚད་ཕྱི་ཚུལ་ཙམ་མ་གཏོགས་ནང་སེམས་ལ་ཕན་ཐོག་ཡོང་རྒྱུའི་ཐབས་བཅོས་གང་ཡང་བཙལ་མ་མྱོང་། སྒེར་གཅོད་པ་ཁོང་ཚོའི་བསྟན་པ་ཟེར་བ་ནི་ཕྱིའི་ཆ་ལུགས་འཕྲེང་བ་ཞྭ་ལྷམ་ཙམ་མ་གཏོགས་བསྟན་པ་ངོས་ཟིན་གྱིན་མེད་ཚོད་རེད།དབང་འཛིན་པས་སློབ་གཉེར་བ་ཚོ་ལ་ཐོས་བསམ་བསྒོམ་གསུམ་བྱེད་སའི་འཁོར་ཡུག་ཞིག་བསྐྲུན་རྒྱུ་ཕར་ཞོག་སློབ་གཉེར་བ་ཚོ་གནས་དབྱུང་བཏང་རྒྱུའི་བྱེད་ཐབས་ཕྱིན་ཅི་ལོག་པ་ཞིག་བཟོས་ནས་ཡིན་མདོག་མདོག་གིས་མིང་བརྫིག་པོ་རེ་བཏགས་ནས། ཀིར་དགོན་གྱི་ཡོད་ཚད་ཐག་གཅོད་ནང་གིན་འདུག་པ་ནི་ནོར་འཁྲུལ་ཞིག་ཡིན་པ་སེམས་ལ་འཆར་གྱིན་མེད་པ་དེ་རེད། ནོར་འཁྲུལ་དེ་ནོར་འཁྲུལ་ཡིན་པ་ངོས་མི་ཟིན་པ་མ་ཟད། ཡག་རྩོག་གཉིས་ཀ་བཟང་དུ་བཟུང་ནས་དེ་ཁས་མི་ལེན་མཁན་ཚོ་ལ་ལྟ་ལོག་དང་ཕུང་དཀྲུང་ཟེར་ན་ཆེས་དགོད་སྤྲོ་བ་ཞིག་ཅི་ལ་མིན། སྒེར་གཅོད་པ་ཚོས་ཕྱི་ཕྱོགས་ཀྱི་སློབ་གཉེར་བ་ཚོ་གནས་དབྱུང་གཏོང་དགོས་ཚུལ་བསྒྲག་ཀྱིན་འདུག ཧ་ཧ་ཧ་ཀིར་དགོན་ནང་གི་གྲྭ་སྐོར་ཞིག་གིས་འཕས་ནག་གཡོ་ཚོང་རྐུ་རྒྱལ་བུ་མེད་ལ་འཁྲུགས་སྤྱོད་མི་གསོད་ལོག་གཡེམ་བྱེད་མཁན་ཚོར་གནས་དབྱུང་གཏོང་མི་དགོས་པར། གྲྭ་རྐྱང་དཀྱུས་མ་སློབ་གཉེར་བ་ཚོ་ཕན་པའི་མ་གོས་པར་གནས་དབྱུང་གཏོང་དགོས་དོན་ཅི་ཡིན། ཁྱེད་ཚོ་ཀིར་དགོན་གྱི་ཉེས་ཅན་དང་མ་འོང་བའི་ལོ་རྒྱུས་ངོ་ན་བསུབ་རྒྱུ་མེད་པའི་ཉེས་ཅན་དུ་འགྱུར་བ་མ་ཟད། དུས་ད་ནས་བཟུང་སྟེ་ཁྱེད་ཚོར་དགག་རྒྱག་གི་མདའ་མོ་འཕེན་རྒྱུའི་གོ་སྐབས་འོང་བར་མ་ཟད་ཁྱེད་ཚོའི་ལས་སྟངས་བཅའ་སྟངས་ཤོག་ངོར་བྲིས་ནས་ལོ་རྒྱུས་ངོར་འཛེར་རྒྱུ་དམ་བཅའ་བྱས་པ་ཡིན། རང་བསྟུན་གྱིས་སློབ་གཉེར་རེ་བྱས་པ་ཡིན་ཡང་། སྒེར་འཛིན་པ་ཚོས་སློབ་སྦྱོང་ལ་བར་ཆད་ཆེན་པོ་བྱས་པ་རེད། བདུད་ཟེར་རུང་མཚན་གཞི་རྭ་ཅན་ཞིག་བཙལ་དགོས་ཀྱིན་མི་འདུག རང་ཚོད་རང་གིས་བཟུང་རུང་ཉེས་པ་མེད་སར་ཉེར་པ་བཀལ་གྱིན་འདུག ད་ཚོད་བཟུང་ན་འགྲིག་རན་རེད། ཁ་ནས་དམ་ཆོས་འདུལ་བ་དང་བཅའ་ཡིག་བཤད་ཀྱང་དོན་ངོ་མ་ཁ་ནས་བཤད་པ་མ་གཏོགས་ལག་ལེན་ལ་འཁྱོང་གིན་མེད་པ་དེ་རེད། དཔེར་ན་བཅའ་ཡིག་ལས་རྟ་ལྕགས་དང་དབུགས་པས་ཉེས་རྡུང་གཏོང་བ་དང་། ཚིག་རྩུབ་མོས་དམའ་འབེབས་བྱེད་པ་སོགས་དེང་དུས་དང་མི་འཚམས་པར་གསུངས་འདུག་ཀྱང་རང་ཐོག་ལ་བབས་དུས་བཅའ་ཡིག་ལ་བརྩིས་མཐོང་མེད་པ་དེ་རེད། དེས་ཀྱང་མི་ཚད་དབང་འཛིན་པ་ཚོས་སྙན་དགོས་པ་ཅིག་ལ། བཅའ་ཡིག་ལས་དགེ་འདུན་པའི་ལས་དོན་ཐག་གཅོད་མཛད་སྲོལ་ཡོད་པ་ལྟར་མང་མོས་མོས་མཐུན་གྱི་ལམ་ནས་ཐག་གཅོད་མཛོད་ཞེས་གསུངས་བ་ལྟར། ཁྱེད་ཚོས་གྲྭ་མང་གི་མང་མོས་རང་འཐད་ཀྱིས་ཁེ་ཕན་གང་ཡང་སྒྲུབ་མ་མྱོང་། སྒེར་གཅོད་པ་ཚོས་རང་འཐག་བཅད་དེ་བཙན་གྱིས་གྲྭ་མང་ལ་ཁུར་དུ་འཇུག་པ་མ་གཏོགས་དོན་ངོ་མ་གྲྭ་མང་ལ་ཨེ་འཐད་ལྟ་ཨེ་མྱོང་། ད་རུང་གྲྭ་སར་སོང་ནས་སློབ་གཉེར་བྱས་ན་གནས་དབྱུང་གཏོང་དགོས་པ་དམ་ཆོས་འདུལ་བ་དང་བཅའ་ཡིག་སོགས་གང་ན་མི་གསལ་པས་གནས་དབྱུང་བྱེད་དོན་ཅི་ཞིག་ཡིན། ཀིར་དགོན་གྱི་མཐོང་ཐོས་དོགས་གསུམ་མཁན་ཚོར་གནས་དབྱུང་བྱེད་རྒྱུ་ཕར་ཞོག་དགོན་པས་ལས་སྣེ་བསྐོས་ནས་བསྟན་འཛིན་དང་ལྟ་བ་ཅན་ཟེར་ནས་མིང་རྫིག་པོ་འདོགས་པ་ནི་བསྟན་པ་འཇིགས་པའི་སྔར་ལྟས་རེད། སྙན་སྒྲོན་བཅུ་གསུམ་པ་ལས། སྔ་མོས་དུས་སུ་ཡང་སྨན་གྲྭ་འགའ་ཤས་ནང་ཁྲིམས་འཆལ་མང་པོ་ཡོད་ཚུལ་གྱི་བཤད་གླེང་མང་ཚོགས་ནང་ཡོད་པ་ལྟར། དང་པོ་ཉིད་ནས་འགྲིག་ཁྲིམས་དམ་པོར་གནང་རྒྱུ་འདི་ཤིན་ཏུ་གལ་ཆེ་ཞེས་གསུངས་པ་ལྟར། དང་ཐོག་ནས་ཁྲིམས་འཆལ་བ་ཡོད་པ་མ་ཟད།ད་ལྟའི་དུས་སུ་མཚན་གཞི་གསོན་པོ་མང་པོ་ཡོད་པ་ཡིན་ཙང་། རིམ་གྱིས་མིང་ཐོ་བཀོད་ན་ཆོག་ལ་འགོད་རྒྱུ་ཡང་ཡིན། དེ་ཙམ་བྱ་མི་མཐུན་དུ་དགག་བསྒྲུབ་བྱ།མདའ་འཕེན་རྒྱུའི་སྦོབས་པ་མེད་ན།དམག་འཁྲུག་ནང་ལ་བཞུགས་པ་གང་ནས་དྲན།
 འཇུག་བསྡུ
ཕྱོཊ་སུ་ལྷུང་བའི་དབང་འཛིན་སྒེར་གཅོད་ཚོར།།གྲི་ཁ་གནོན་པོར་སྙིང་ལ་འཛེར་བ་ནི།།
རྒྱུ་འབྲས་ལོག་བསྒྲུབ་བྱས་པའི་ལེཊ་སྐྱེས་ཡིན།།
སྲོག་ལ་བབས་ཀྱང་འབད་པར་སྲུང་ངེས་ཡིན།།

༢༠༡༤.༤.༤ཉིན་རྫ་སྟོད་སེལ་ཤུལ་ནས་མྱུ་གུ་ཡང་ན་རྡོ་རྗེ་ཕ་ལམ་ནས།

ད་ལྟའི་དགོན་པ་ནི་ད་ལྟའི་མིའི་དགོན་པ་ཡིན།
རྒྱུ་ཙ་སྐམ་པོ།

དེ་རིང་གི་ང་ཚོའི་ཡུལ་ལུང་སོ་སོའི་དགོན་པ་རེ་རེས་ནི། ཡུལ་ཕྱོགས་དང་ཚོ་ཁག་སོ་སོ་བཅད་བཟུང་གི་ཚུལ་གྱིས་ལོ་ངོ་བརྒྱ་ཕྲག་འགའ་སོང་བ་དེ་ཉེས་པ་ཁོ་ནར་བརྩིས་ན་ནི་ནོར་འཁྲུལ་དུ་ཟད་མོད་དེ། མི་རིགས་སྤྱིའི་འཐོར་ཞིག་ལ་ལྡོག་ཕྱོགས་ཀྱི་ནུས་པ་རེ་ཐོན་པ་དང་སྒེར་རེ་རེའི་སེམས་ཀྱི་དགོས་མཁོ་བྱེ་བྲག་པ་རེ་བསྐངས་ཡོད་པའང་སྨོས་མེད་དུ་འདོད་དོ། མ་ཟད་ད་ལྟའི་ཆར་ཡང་ཡིག་རྨོངས་མང་ཚོགས་ཀྱི་སེམས་ཀྱི་གཉན་ས་ཞིག་དང་འབྱོར་བས་མཆོད་ས་ཞིག་ཏུ་མ་བསྒྱུར་རང་འགྱུར་གྱི་རྣམ་པའི་གནས་པར་ལགས་མོད། འོན་ཀྱང་ད་ལྟའི་ང་ཚོའི་ན་གཞོན་པའི་སྡེ་དཔུང་ངམ་གཞོན་སྐྱེས་ཤེས་ཡོན་པའི་སྡེ་ཡི་མིག་ལ་ནི་བོད་ཀྱི་"དགོན་པ"ཞེས་པའི་ཡིག་འབྲུ་འདི་གཉིས་ནི། ལོ་རེ་ནས་ལོ་རེ་བཞིན་སྡུག་པ་ནས་མི་སྡུག་པ་དང་། མི་སྡུག་པ་ནས་ཀྱང་རུལ་སོང་དང་གདུག་རྩུབ་ཀྱི་བརྐོས་རིས་ཤིག་ཏུ་འགྱུར་གྱིན་པའི་ལོ་རྒྱུས་གསར་བ་ཞིག་གི་དབུ་ཁྱུད་ཀྱི་ཉེར་བསྡོགས་ལ་བརྩོན་གྱིན་པ་ནི་སྨྲ་མི་སྤོབས་པ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ།།

དེ་ཡང་རྒྱུ་མེད་རྐྱེན་མེད་དང་གང་བྱུང་བྱུང་རྒྱལ་དུ་བཤད་པ་ཞིག་ནི་ལར་ནས་མ་ཡིན་ཏེ། ཕྱོགས་དང་ཕྱོགས་སུ་དགོན་པ་དག་གིས་སམ་དགོན་སྡེའི་ཁྲོད་ཀྱི་ལས་སྣེ་དག་གིས་མི་བུའི་གཞི་རྩའི་ཐོབ་ཐང་རྡོག་རོལ་དུ་བཏངས་དང་གཏོང་གིན་པ་ནི་གཤམ་གསལ་འདི་དག་ལས་རག་ཙམ་མཐོང་ཐུབ་བོ།།

༡ གྲྭ་བ་ཚོས་གྲྭ་ལོག་བྱས་ཚེ་མང་ཇ་དང་རྔུལ་ཆད་གཅོད་པ། ༢ འཇིགས་བསྐུལ་ཏེ་གྲྭ་བ་ལོག་པ་བོ་གང་གི་ཚབ་ཏུ་མི་གཞན་ཞིག་ངེས་པར་གྲྭ་བ་བྱེད་དུ་གཞུག་པ། ༣ གྲྭ་བ་ནས་ལོག་ཕྱིན་ཀྱང་ད་དུང་ཁོ་རང་སྔོན་ཆད་ཞུགས་ཡུལ་གྱི་དགོན་གང་དང་གྲུབ་མཐའ་མི་མཐུན་པར་དད་མཁན་ཞིག་དང་གཉེན་བསྒྲིགས་ཚེ་རྔུལ་ཆད་གཅོད་པ། ༤ རང་ཉིད་ཀྱི་དགོན་ནང་དུ་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་མེད་ཀྱང་གྲྭ་བ་ཚོ་ཕྱོགས་སུ་སློབ་གཉེར་དུ་འགྲོ་བར་ཐབས་དྲག་པོས་འགོག་པ། ༥ གལ་ཏེ་ཁོ་རང་ཚོས་བཤད་པ་བཞིན་མ་བསྒྲུབ་པར་གྲྭ་ས་སོགས་སུ་སོང་ནས་ཉིན་གྲངས་ཀྱི་ཁ་ཆད་ལྟར་ཕྱིར་མ་ཡོངས་ན་གནས་དབྱུངས་གཏོང་བ་དང་། ༦ སྒེར་དེབ་དང་དུས་དེབ་ཚགས་པར་སོགས་གཉེར་ཚེའང་སྔོན་ལ་ངེས་པར་དུ་དགོན་གང་དེའི་ལས་སྣེ་རུ་ཁས་འཆེ་བ་དག་གི་མིག་སྔར་བཤམས་ཏེ་དགོངས་གྲོལ་ཆོག་དཔང་ཐོབ་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱས་པར་བཀྲམ་ཚེ་དགྲམ་བྱའི་དཔེ་ཆ་ཡོངས་རྫོགས་གཞུང་བསྡུ་བྱེད་པ། ༧ བགྲོ་གླེང་དང་ཁ་བརྡ་བྱེད་པ་སོགས་ལ་མི་འཐད་པའི་རྣམ་འགྱུར་སྟོན་པ་སྟེ། བགྲོ་གླེང་འཚོགས་སའི་ཁང་བདག་དང་སྦྱིན་བདག་སོགས་ལ་འཇིགས་བསྐུལ་བ། ༨ དགོན་དཔོན་དང་ལས་སྣེས་ཅི་བྱས་ཀུན་ལ་ཡར་བཤད་དབང་མེད་པར་བཏང་བ་སྟེ། "ཁ་དྲོ་བྱས་ན་ཁ་ཡ་དང་། མཐེབ་མོ་བསྟན་ན་ལག་ཡ"རུ་བརྩི་བ། ༩ ད་དུང་ལྐོག་ཏུ་རང་མིང་མི་གསལ་བའི་ཚུལ་གྱིས་ཡི་གེ་སྦྱར་ཏེ་"དགག་པ"དང་"སྡིག་དམོད"གང་རུང་བྱས་ཚེ་ཤེས་དང་མ་ཤེས་གང་ལའང་ཚོགས་གཏམ་བཏང་སྟེ་གཏོར་བརླག་མཁན་དང་། ཕུང་དཀྲུགས་པ། བསྟན་བཤིག་སོགས་ཀྱི་མིང་ངན་སྒྲོགས་ཤིང་། ཆོས་སྐྱོང་སོགས་ལ་གཏད་གཉེར་བྱེད་པ། ༡༠ གལ་ཏེ་དེ་ལ་མི་འགྲིག་པའི་ལྟ་ཚུལ་དང་དགག་གཞག་སྤྲོས་ཚེ་"གྱོད་ཉལ"བྱེད་པ་དང་"གནས་དབྱུང"གཏོང་བ།་སོགས་མདོར་ན་མི་ལས་དགུ་ལས་ཀྱི་ཕྱག་ལས་འཇིགས་སུ་རུང་བ་དག་གིས་སྐབས་དང་སྐབས་སུ་གྲྭ་རྐྱང་དག་དང་ཆོས་དད་པ་གླེན་པ་དག་ལ་ནི། གཟུགས་མེད་ཀྱི་མཚོན་ཆ་དག་གིིས་རྨ་ཁ་ཆེན་པོ་རེ་བཟོ་ཡི་ཡོད་པས་ན། གཞོན་སྐྱེས་ཡི་གེ་བའི་སྡེ་ལ་འདི་ལྟ་བུའི་གདོང་དུ་མི་ལང་བའི་བཟོད་པ་ཞིག་ནི་གང་ནས་སྐྱེ།

འདི་དག་ནི་ཕྱོགས་དང་ཕྱོགས་ཀྱི་དགོན་པ་དག་གིས་ཕྱག་ལས་གནང་སྟངས་ཡིན་ལ། འདི་དག་ནི་བདག་པས་གཞན་གཅེས་སྒོམ་པའི་ནང་བསྟན་ཐེག་ཆེན་པ་རུ་ཁས་འཆེ་བ་དག་གི་ཀུན་ལ་བྱམས་སྟངས་ཡིན་པས། སེམས་ལྡན་གཞོན་སྐྱེས་སུ་ཞིག་གིས་འདི་དག་བཀུར་ལ། སུ་ཞིག་གིས་ཁྱེད་ཅག་བརྩི་སྟེ་མི་བརྩིའོ།། ད་དུང་འདི་ལ་གསལ་བཤད་ཅིག་ཀྱང་དགོས་སྲིད་དེ་ལ་ལ་ཞིག་གིས་འདི་དག་ནི་གང་ཞིག་ནས་སུ་ཞིག་ལ་བྱུང་བའི་གནད་དོན་ཡིན་ནམ། ཡང་ན་འདི་ལྟ་བུ་ཞིག་ནི་ཨེ་སྲིད་དམ་སྙམ་ན། ལོས་སྲིད་མོད་ཀྱི་ཡོངས་རྫོགས་དགོན་པ་གཅིག་གི་སྟེང་དུ་བཞག་ན་ནི་གོ་ལོག་ཡིན་ཏེ་ལུང་བ་མི་འདྲ་བ་རེ་རེར་དགོན་པའང་མིའདྲ་བ་རེ་རེ་ཡོད་མོད་སྤྱིའི་ཆ་ནས་ཀྱང་ཕལ་ཆེར་དེ་འདྲ་རེད་སྙམ་མོ།། ལྷག་པར་གོང་དུ་ཨང་ཀི་བཀོད་པ་དག་ནི་རེ་རེ་བཞིན་གསལ་བཤད་དང་ཞིབ་བརྗོད་ཀྱིས་མི་ཕུང་ནའང་ཡིག་ཚོགས་ཀྱིས་རེ་ཞིག་བཞག་པ་ཡིན་ནོ།།

དེ་རིང་གི་དུས་རབས་ནི་རང་དབང་དང་དམངས་གཙོ་ཡི་དུས་རབས་ཡིན་ལ། དེ་རིང་གི་འཛམ་གླིང་ནི་འདྲ་མཉམ་དང་དཀྱེལ་ཡངས་ཀྱི་འཛམ་གླིང་ཡིན་པས། དེ་རིང་གི་མི་ཡང་དེ་རིང་གི་འཛམ་གླིང་དང་དེ་རིང་གི་དུས་རབས་ཀྱི་མི་ཡིན་པ་སུས་ཀྱང་ཤེས་དགོས་ཨང་། དེས་ན་ཁྱེད་ཅག་གིས་བཅས་པའི་ཁྲིམས་དག་ཀྱང་མི་ལ་བཅས་པའི་ཁྲིམས་ཡིན་ན་ནི། ངེས་པར་དུ་དེ་རིང་གི་མི་ལ་བཅས་པའི་ཁྲིམས་ཤིག་ཅི་ལ་ཡིན་མི་དགོས། ཡིན་ཡང་་ཁྱེད་ཅག་གིས་བཅས་པའི་གོང་གི་ཁྲིམས་དག་ནི་དེ་རིང་གི་མི་ལ་ལོག་ཁྲིམས་དང་བཙན་ཁྲིམས་སུ་སོང་བ་སྨོས་ག་ལ་དགོས་ཏེ། སྐྱེས་བུ་སྒེར་རེ་རེ་ཀུན་ལས་གཙིགས་སུ་འཛིན་པའི་ད་ལྟའི་མི་ཡི་བླ་ན་མ་མཆིས་པའི་ཐོབ་ཐང་དང་རང་དབང་རྩིས་མེད་དུ་བཏང་བས། ད་གཟོད་ཁྱེད་ཅག་གཞོན་སྐྱེས་ཚོས་རྒྱབ་གཏོད་ཡུལ་དང་མཚང་འབྱིན་ཡུལ་དུ་གྱུར་སོང་བ་མ་ཡིན་ནམ། ད་དུང་མིང་གི་དགོན་པ་ཞིག་ལས་དོན་གྱི་དགོན་པ་ཞིག་ཡོད་པར་འདོད་ན། སྐབས་དང་སྐབས་སུ་འགྱུར་བ་རེ་གཏོང་བཞིན་མདུན་དུ་འགྲོ་བ་ལས་ད་དུང་སྔར་མུས་ལྟར་ཨུ་ཚུགས་དང་འཁྱོག་བཤད། བཙན་ཁྲིམས་དང་འཇིགས་སྐུལ་དག་ནི་རང་སྲོག་རང་གིས་བཅད་པ་དང་གཉིས་སུ་མ་དམིགས་སོ་སྙམ་མོ་ཞེས་མཇུག་བསྡུའོོ།།


༢༠༡༤/ ༤ / ༢༩ / ལ་རང་ཤག་ཏུ་གྲུབ་པའོ།།

གསལ་བསྒྲཊ་ལ་ལྟ་ཚུལ་ཐུང་ངུ་ཞིག་བཏོན་པ།
མྱུ་གུ རྔ་པ་ཀིརྟི་དགོན།

ཀིར་དགོན་གྱི་ཚོགས་འདུ་ལྷན་རྒྱས་དང་ཕྱག་མཛོད་ཁང་། ཆོས་ལུགས་ཁང་། སྤྱི་གཉེར་ཁང་། དམིགས་བསལ་ཚོགས་འདུ་བཅས་ཀྱི་ཉེ་དུས་ཀྱི་གྲྭ་རྒྱུན་སློབ་གཉེར་བ་ཚོ་ཕྱོགས་ཡར་མར་ནས་རང་དགོན་ལ་འདུ་ཐབས་ཀྱི་ཐབས་བཅོས་སྣ་ཚོགས་པ་ཞིག་སྤེལ་ཟིན་པ་རེད། ཡིན་ཡང་མཐར་ཐུག་ན་འབབ་ས་མི་གསུམ་གྱི་མགོ་ཐོག་ཏུ་ལྷུང་བ་རེད། སློབ་གཉེར་བ་བློ་ཚེ་དང་འཇིགས་མེད། འཇམ་དཔལ་བཅས་ཀིར་དགོན་ནས་དབང་འཛིན་པ་ཚོས་ཁོ་ཚོར་གནས་དབྱུང་བཏངས་པ་རེད། ཡིན་ཡང་དེའི་ཕྱོགས་ནས་དབང་འཛིན་པ་ཚོ་ལ་ལྟ་ཚུལ་འགའ་ཤས་ཞིག་སྤྲེངས་དགོས་བྱུང་སོང་། གང་ཡིན་ཟེར་ན། ཁོང་ཚོའི་གྲྭ་མང་གི་སློབ་གཉེར་དང་ཁེ་དབང་ལ་མི་བལྟ་བར། ཀིར་དགོན་ནང་གྲྭ་གྲངས་མང་ཐབས་དང་དབང་འཛིན་པ་ཚོ་གུས་བཀུར་དང་སངས་རྒྱས་སུ་བསྒོམ་དགོས་པ་ལས་གཞན་ཐོས་བསམ་སྒོམ་གསུམ་དགོས་ཀྱིན་མེད་པ་དེ་རེད། རྒྱུ་མཚན། ད་རེས་གསལ་བསྒྲགས་ནང་ལ་ཁོང་ཚོས་ཀིར་དགོན་ནང་ལ་སློབ་གཉེེར་དང་དགེ་རྒན་ཆོས་ར་དཔེ་ཁྲིད་ཁོར་ཡུག་སོགས་ཡོད་ཅེས་བསྒྲགས་མི་ཐུབ་པ་དེ་རེད། དེ་འདྲའི་ཆ་རྐྱེན་དེ་དག་དབེན་འདུག་པས་བརྗོད་མ་ཐུབ་པ་རེད། དེ་འདྲ་ཡིན་དུས། གཞུང་བླ་མ་ལས་སྣེ་ཚོགས་འདུ། འཛིན་གྲྭ་ཕ་མ། ཉེ་འབྲེལ་སྡེ་དབོན་འདུམ་སྒྲིག་སོགས་གང་ཡང་མི་བརྩི་མཁན། འཇིགས་མེད་མིག འཇམ་དཔལ བློ་ཚེ་སོགས་མིང་ཐོ་བསུབ་སྟེ་གནས་དབྱུང་བཏངས་ལ་བལྟས་ན་དཔོག་ཐུབ་ངེས་པ་ཞིག་རེད། སྔོན་གྱི་པཎ་གྲུབ་དག་གིས་དགོན་པའམ་གཙུགས་ལག་ཁང་ནས་ཕྱིར་དགེ་འདུན་པ་སུ་ཞིག་ཡིན་ན་གནས་དབྱུང་གཏོང་དགོས་ན་སངས་རྒྱས་ཀྱི་བཅས་འཚམ་ལ་འགལ་མིན་གྱི་སྟེང་ནས་ཐག་གཅོད་བྱེད་འདུག་ཅང་ཀིར་དགོན་གྱི་དེ་འདྲ་ཕར་ཞོག་ཆོས་ལ་མི་རྟོན་གང་ཟག་རྟོན་གྱིན་འདུག དེ་ནི་སངས་རྒྱས་ཀྱིས་གསུང་གི་ཟུར་ཙམ་ཡང་མཐོང་མ་མྱོང་བ་ཨེ་ཡིན་སྙམ་འདུག་ཅང་། མིན་ན་ནེ་ཙོའི་མ་ཎི་འདོན་པ་ལས་དོན་ཀོ་གི་མེད་པ་ཆགས་འདུག་གོ རྩ་བ་སངས་རྒྱས་དང་པཎ་གྲུབ་རྣམས་ལ་འགལ་དུས་རྩེ་མོ་ཡག་པོ་ཞིག་མེད་པ་ཐག་ཆོད་དང་དབང་འཛིན་ཚོ་སངས་རྒྱས་དང་འདུལ་ཁྲིམས་དགེ་འདུན་པ་མང་མོས་ལ་འགལ་ན་ཁྱེད་ཅག་ལ་གྲོས་ཆོས་ག་འདྲ་ཞིག་བྱེད་དགོས་བསམ། འགྲིག་གཅིག་མ་གཏོགས་གཉིས་ཡོད་པ་མ་རེད་དོ། ད་རུང་ཁྱེད་ཅག་ལ་དམར་ཕྱོགས་པའི་ལྟ་བ་ཞིག་ཡོད་པ་ནི། རྩོམ་འབྲི་བཀག་འགོག་བྱས་དེ་རེད། སྒེར་གཅོད་པ་ཞིག་གིས་ང་དྲག་ས་ངོ་མ་དེ། མཁས་པ་དང་སྨྱུག་འཛིན་པ་ཡིན་ཟེར་པའི་ལམ་ལུགས་དེ་གཉིས་གཅིག་མཚུངས་རེད། དེ་ཚོ་བཀག་འགོག་དང་ཚད་བཀག་བྱ་དགོས་ཟེར། ད་རུང་དེ་ཚོའི་སྲིད་གཞུང་དང་ས་ཆུ་མེ་ཏོག་བསྟོད་འབུལ་ཉུང་ངུ་རེ་བྱ་རྒྱུ་མ་གཏོངས་རང་དབང་གིས་རྩོམ་འབྲི་མི་ཆོག་པ་གཅིག་མཚུངས་རེད།དེ་ཚོ་རིག་གནས་ཆུ་ཚད་མར་ནས་མར་ཐུར་ནས་ཐུར་དུ་ལྷུང་འདུག་པ་ནི་མིག་གིས་བལྟོས་དང་རིག་རྒྱུ་ཡོད་པ་དེ་རེད།

སློབ་སྦྱོང་དང་དཀའ་ངལ།
སྐྱ་རེངས། རྔ་པ།

དེ་རིང་ཡང་ཀིར་དགོན་གྱི་ནག་ཉེས་ཅི་ཡང་མེད་པའི་སློབ་ཉེར་པ་གསུམ་གནས་དབྱུང་བཏང་ཡོད་པ་རེད། ད་རུང་ཁོ་ཚོས་བཤད་རྒྱུ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དུ་གྲྭ་པ་ཚོའི་ཐོས་བསམ་སློབ་ཉེར་གྱི་ཆེད་དུ་ཡིན་ཟེར་ནས་བསྒྲགས་འདུག ད་དུང་ཁྱིམ་མི་ཚོ་ལ་ངོས་ཤུག་གང་རུང་ནས་གནོད་ཤིག་མང་བོ་གཏད་ཏེ་ཁོ་ཚོ་ཕྱིར་འདུ་ཐབས་ཀྱི་སྐད་ཆ་མང་བོ་བཤད་ཀྱིན་ཡོད་པ་དེ་རེད། ད་དུང་འདི་ནས་མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ་ཡོད་པ་དེ་ཁོ་ཚོས་བྱ་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་རྒྱ་རྒྱག་དང་ཚོང་བ་ཚོ་མ་ཡིན་པར་ཕྱི་ཡུལ་དུ་སོང་ཡོད་པའི་གྲྭ་རྐྱང་སློབ་ཉེར་པ་དག་ཡིན་པ་ཁོ་ཚོས་སྐད་ཆ་དང་ལས་འགུལ་གྱི་རབ་སྤྲོད་གནང་ཡོད་པ་དེ་རེད། 
ད་དུང་ཁོ་ཚོས་བཤད་རྒྱུ་ཞིག་ལ་ཕྱི་ཡུལ་དུ་སློབ་ཉེར་ལ་འགྲོ་མཁན་ཞིག་ཡོད་ཚེ་ཉིན་དེ་ནས་བཟུང་ཁོ་ཚོ་རང་མོས་ཀྱིས་སོང་བ་ཡིན་ཟེར་ནས་བསྒྲགས་འདུག སྐད་ཆ་འདི་ཚོང་བ་དང་རྒྱ་རྒྱག་སུ་ལའང་མ་བཤད་པར་ཕྱི་ཡུལ་དུ་སློབ་ཉེར་ལ་འགྲོ་མཁན་ཁོ་ན་ལ་བཤད་དགོས་དོན་ཅི་ཡིན་ནམ? འདི་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོག་རྒྱུ་ཞིག་ཕར་ཞོག་གནོད་སྐྱལ་པ་ཞིག་མ་རེད་དམ? ངས་བསམ་ན་སྤྱི་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་ཏུ་དགོན་སྡེ་དག་ཡི་རིང་དུ་གནས་དགོས་ན་ཐོས་བསམ་སློབ་ཉེར་བྱེད་པའི་གྲྭ་རྐྱང་སློབ་ཉེར་བ་དག་མཁོ་བ་ལས་གཞན་རྒྱ་རྒྱག་དང་ཚོང་བ་ཚོ་མི་མཁོ་བ་འདྲ་དེ་འདྲ་ཞིག་ཡིན་དུས་ཀིར་དགོན་ལྟ་བུ་ཞིག་ལ་མཚོན་ན་སློབ་ཉེར་བྱེད་སའི་འཁོར་ཡུག་མེད་པར་མ་བཟད་ཤེས་ཡོན་པའི་སྡེ་ཁག་དེ་བས་ཀྱང་མེད་པ་རེད། དེས་ཕྱིར་སངས་བསྟན་དང་དགོན་པ་ཡར་རྒྱས་སུ་འགྲོ་དགོས་ན་དོན་དམ་པའི་མཁོ་བ་ནི་ཤེས་ཡོན་པའི་སྡེ་ཁག་དང་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཅིག་ཡིན་པར་སྙམ། འདི་ནི་ཁོ་བོའི་བསམ་ཚུལ་ཁོ་ན་ཞིག་མ་ཡིན་པར་སློབ་སྦྱོང་ལ་དགའ་པའི་ན་གཞོན་པ་ཡོངས་ཀྱི་སེམས་ནང་གི་དཀའ་ངལ་དང་སྡུག་བསྔལ་ཞིག་ཡིན་པ་འདྲའོ།། ད་མང་བོ་མི་བཤད་ཉོག་འགྲོ་གི་གནས་སྐབས་སུ་དེ་ཙམ་བྱོས་་་་་་་ འདི་ནས་ཁོ་བོའི་གསལ་བཤད་དགོས་པ་ཞིག་ཡོད་ནོ་རང་ཉིད་ཀྱིས་ད་སྐབས་ཀྱི་གཉའ་གནོན་འདི་ལ་རྒོལ་མ་ཐུབ་པར་འོག་ཏུ་གནས་བཞག་པ་དེ་ཁོ་བོའི་ངོས་ནས་གྲོགས་མཆོག་དམ་པ་འཇལ་དཔལ་ལམ་གློག་དམར་དང་བློ་ཚེ་དང་འཇིགས་མེད་སོགས་ལ་སྙིང་ནས་དགོངས་དག་དང་ཁྱེད་ཚོ་ལ་བཀའ་དྲིན་ཆེ་ཞུ་པ་ཡིན།

2014/4/19ཉིན་རང་དགོན་ནས་སྦྱར།

འཇིགས་སྐུལ་ནི་ཐབས་ལམ་མིན།
ཨ་ཀླུ་སྒྲུབ་ཀྱིས།

ཀིར་དགོན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གྲོལ་རྗེས་

སློབ་གཉེར་བ་མང་ཤོས་ཤིག་རྒྱུས་མེད་ཀྱི་ཡུལ་གྲུ་

གཞན་ཞིག་ཏུ་སློབ་གཉེར་དུ་ཕྱིན་པ་དེ་རེད། སློབ་

གཉེར་བ་དག་གིས་རང་དགོན་དང་ཕ་མ་གཉེན་ཉེ་དུ་

རྒྱབ་ཏུ་བསྐྱུར་ནས་འགྲོ་པ་ནི་དེ་འདྲའི་ལས་སླ་མོ་ཞིག་

ག་ལ་ཡིན་ཨང་། དེ་ནི་རྒྱུ་མེད་རྐྱེན་མེད་དུ་སོང་པ་ནི་

དཔྱོད་ལྡན་སུ་ཡིས་སྨྲ་ནུས་སམ།་གྲྭ་པ་སྟོང་གཉིས་

ལྷག་ལ་དཔེ་ཁྲིད་ནུས་ཤག་ཤག་གི་དགེ་རྒན་རེ་གཉིས་

མ་གཏོགས་མེད་པ་མངོན་སུམ་མྱོང་པས་གྲུབ་པ་རེད།

དགེ་རྒན་འགའ་གདན་འདྲེན་ཞུས་ཀྱང་ཟླ་བ་གཅིག་

ཙམ་ལས་མི་བཞུགས་པ་དེ་རེད།ཟླ་བ་གཅིག་ཙམ་གྱི་

ཀིར་དགོན་གྱི་སློབ་གཉེར་པའི་ལོ་གཅིག་གི་རྩོད་

མཚམས་དང་དགོས་མཁོ་རྫོགས་ཐུབ་བམ།ད་དུང་

ཀིར་དགོན་གྱི་ན་གཞོན་པའི་གྲས་ན་དཔེ་ཁྲིད་དགེ་

རྒན་ཁ་ཤས་ཡོད་མོད།དེ་དག་ལ་ཀིར་དགོན་སྐྱོང་དུ་འཇུག་རྒྱུ་ཕར་ཟད།ཡུལ་གཞན་དུ་དགེ་རྒན་ལ་མངགས་ཨེ་ཐུབ་ལྟ་ཡི་ཡོད་པ་རེད།འདྲེ་རང་མགོ་མ་ཐོན་གོང་ནས་ལྷར་ལྟ་རྟོག་བྱེད་མཁན་ནི་འུ་ཚང་མ་རེད་སྙམ།
 ཀིར་དགོན་གྱི་དབང་འཛིན་པ་དག་གིས་གྲྭ་རྐྱང་སློབ་གཉེར་བ་ལ་སོགས་ཐབས་དང་ཤེས་རབ་བསྐོར་ནས་མི་སྐྱོང་པར་ཅིག་མཐའ་སྤྲོད་ཉིག་རྒྱང་ཕུད་བསྒྲགས་དང་སྒྲོག་གིན་ཡོད་པ་རེད།ཁྱོད་ཚོ་རྒྱང་ཕུད་དུ་གཏོང་པར་མི་སུན་ནའང་ང་ཚོ་ངོ་མ་སུན་གྱི། ཨ་ཁུ་ཤེས་རབ་རྒྱང་ཕུད་དུ་བཏང་ནས་ཁྱོད་་ཚོ་ལ་ཐོབ་བྱ་དང་ཁེ་ཕན་གྲུབ་འབྲས་སོགས་ཅི་ཞིག་མངོན་གྱི་ཡོད།ཀིར་དགོན་གྱི་འདས་མ་ད་གསུམ་ལ་ལག་རྗེས་ག་འདྲ་བསྐྲུན་ཡོད་སྟོན་དང་ངོ་མ་བལྟ་ན་འདོད་མཁན་ང་གཅིག་པས་ག་ལ་ཚད།མང་པོ་ཞིག་གི་རེ་བསྒུག་བྱས་ཡོད་པ་ཁོ་ཐག་ཡིན།གནས་གཞན་དུ་སློབ་གཉེར་དུ་ཕྱིན་པ་སོགས་ལ་ཁྱད་གསོད་དང་བརྙས་བཅོས་མཚང་འབྲུ་ཚིག་རྩུབ་གང་ངན་ངན་དང་ཅི་སྡིག་སྡིག་གིས་སྦྱོར་བ་བརྩོན་དང་བརྩོན་བཞིན་པ་མཐོང་ཆོས་སུ་ཤར་བསྡད་ཡོད་པ་རེད།འཇིགས་སྐུལ་དང་བཙིར་གནོན་རིང་ལུགས་ཀྱིས་ནུས་པ་འཁྱེར་ཏེ་གྲྭ་རྐྱང་ལྟོ་སྐྱ་གོས་ཧྲུལ་སོགས་ཀྱི་ཐོག་ལ་ངོ་མ་ཁྱོད་ཚོ་དཔའ་བོ་རེད།བུ་རྒོད་རེད།གྲྭ་རྐྱང་སློབ་གཉེར་བ་དག་རྒྱང་ཕུད་དུ་གཏང་བ་ནི་ཀིར་དགོན་གྱི་དགག་བྱ་ཞིག་མ་གཏོགས་ཁེ་ཕན་ཏིལ་འབྲུ་ཙམ་ཡང་མེད་པ་ལོ་རྒྱུས་ཀྱིས་མྱངས་པས་གྲུབ་པ་མིན་ནམ།ལ་ཤས་ཀྱིས་བཤད་རྒྱུར་གནས་གཞད་དུ་སློབ་གཉེར་ལ་སོང་པ་དག་ཀིར་དགོན་ནས་རྒྱངཕུད་དུ་བཏང་རུང་གནད་དོན་ཞིག་མ་རེད་ཟེར་རྒྱུ་མཚན་ཀིར་དགོན་ལ་གྲྭ་པ་བརྒྱ་ཕར་ཡོང་སྟོང་ཚར་འོང་ཡིན་ནི་རེད་ཟེར་གྱི།དེ་དུས་ངའི་སེམས་སུ་ཀིར་དགོན་ལ་གྲྭ་པ་བརྒྱ་ཕར་ཡོང་སྟོང་ཚར་འོང་ཡོད་པ་བདེན་དུ་ཆུགས་ནའང་སློབ་གཉེར་ལ་རབ་ཏུ་དུང་ཞིང་དཔེ་ཀློག་ལ་ཤིན་ཏུ་དང་པའི་གྲྭ་པ་བརྒྱ་ཕར་ཡོང་སྟོང་ཚུར་འོང་ཡིན་ནམ་སྙམ་པའི་དོགས་པ་ཞིག་དབང་མེད་དུ་འཆར་འོང་། གང་དེ་ལ་བསམ་གཞིག་ལྷོད་ཀྱིས་བཏང་ན་འགྲིག་ཚོད་རེད།

2014/3/17ཉིན་བྲིས།

བསྟོད།7

དཔྱད་མཆན་སྤེལ།