སུས་ཀྱང་ཡོངས་གྲགས་སུ་གླེང་མ་སོང།

ཤེས་རབ་དར་རྒྱས།

---བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་བགྲོ་གླེང་ལས་ཅུང་ཟད་འཕྲོས་པ།

ཁོ་བོ་སྡོད་མ་ཚུགས་པར་སྤྱི་ལོ་ ༡༩༩༦ ལོར་བོད་ཀྱི་དུས་བབ་ཚགས་ཤོག་ཏུ། <<བསྲན་མ་ཐུབ་པའི་སྨྲེ་སྔགས།--བོད་ཀྱི་ལོ་ཙཱ་བ་རྣམས་ལ་སྤྲིངས་པ།>> ཞེས་པ་ཞིག་བྲིས་ཏེ་རང་ཉིད་ཀྱི་བསམ་ཚུལ་དུ་མ་མཚོན་ཙམ་བྱས་ཡོད། དེའི་སྙིང་དོན་ནི། བོད་ཀྱིས་སྒུག་པའི་ཉིན་མོ་དེ་མ་ཤར་བར་དུ། བོད་མི་རིགས་འདི་འཛམ་གླིང་སྟེང་འབུར་དུ་འདོན་བྱེད་དམ། གང་གི་དོན་དུ་བོད་ཀྱི་རྩ་དོན་དེ་ཉིད་གལ་གནད་ཅན་དུ་གྱུར་པའི་གཞུང་ལུགས་ཧྲིལ་པོ་རེ་རེ་བཞིན་དབྱིན་སྒྱུར་མི་བྱ་རྒྱུ་དང། བོད་ཀྱི་སྐད་ཡིག་ལ་བསྲེས་ལྷད་མི་འཇུག་པར་བྱ་རྒྱུ། ཕྱིའི་རྩོམ་ཡིག་གྲགས་ཅན་ཁག་ནང་འདྲེན་བྱེད་དགོས་པ་སོགས་ཡིན། དགའ་འོས་པ་ཞིག་ལ། ཉེ་བའི་ཆར་རྩོམ་པ་པོ་རེ་ཟུང་གིས་ཀྱང་དེ་དང་ཕྱོགས་མཚུངས་པའི་རྩོམ་ཐུང་རེ་ཚོར་ཤུགས་དྲག་པོས་བྲིས་འདུག་ལ། ཁོ་བོ་དང་འདོད་ཕྱོགས་མཐུན་པ་དུ་མ་རེའང་འདུག་སྙམ་པའི་དགའ་ཚོར་ཆེན་པོ་སྐྱེས།
བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་གླེང་བ་ནི། གསལ་པོར་བཤད་ན་དེ་དག་གི་བདག་པོ་སུ་རེད་ཅེས་པ་དེ་རེད་ལ། ཤེས་ཚོད་ལྟར་ན། དེ་ནི་བགྲོ་གླེང་གི་རྣམ་པའི་ཐོག་གླེང་སློང་བྱས་པ་ཐོག་མ་དེ་ཡང་རེད། གང་ལྟར་ད་ཆ་ང་ཚོས་བརྗོད་པའི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་ནི་མི་རིགས་དང་མི་རིགས་བར་གྱི་བདག་དབང་བརྗོད་པ་ཙམ་ལས། བོད་མི་རིགས་ནང་ཁུལ་དུ་ཁ་གཏད་པ་ཞིག་གཏན་ནས་མ་རེད། དེ་ལྟར་བརྗོད་ཅིང་གླེང་བས། བཀའ་བསྟན་གསུང་འབུམ་རྣམས་གཞན་ལ་སྟོན་མི་རུང་བ་དང། གཞན་སྐད་དུ་བསྒྱུར་བའི་ལམ་བུ་འགོག་པ། པར་སྐྲུན་དང་དེ་འབྲེལ་གྱི་ཁེ་ཐོབ་རྩོད་ལེན་སོགས་དམིགས་ཀྱིས་བརྗོད་པ་ཞིག་མིན། དེ་ལྟ་ནའང། ཆོས་ཕྱོགས་ཀྱི་འདུ་ཤེས་ཐན་ཐུན་རེ་དང་ཉི་ཚེ་བའི་ལྟ་བ་ཕྱོགས་རེ་བ་ཙམ་ཞིག་ཁུར་དུ་ལེན་པ་དུ་མས་ཕུགས་དོན་མ་རྟོགས་པའི་ཀླན་ཀ་དང་། མི་རིགས་ཀྱི་འདུ་ཤེས་དང་དགོས་མཁོ་ཟེར་བ་ཞིག་གོ་ཙམ་ཡང་མ་མྱོང་བའམ་གླེང་ཙམ་ཡང་བྱེད་མི་འདོད་པ་ལྟ་བུའི་རྨོངས་བཤད་ཀྱི་གླགས་འཚོལ་བར་བྱེད་དོ།།
ལྟོས་དང། མི་སྒེར་དག་གིས་བརྩམས་ཆོས་ཆུང་ངུ་རེའི་བདག་དབང་ཙམ་ཡང་ཤུགས་ཀྱིས་བརྗོད་ཅིང། མི་རིགས་གཞན་གྱིས་དངོས་རྫས་ཆུང་ངུ་རེའི་བདག་དབང་ཡང་འབད་པས་རྩོད་ཅིང་ཐོབ་པར་བྱེད་ན། ང་ཚོས་རིག་རྫས་ཚན་པོ་ཆེ་འདི་དག་གི་བདག་དབང་ཙམ་ཡང་གླེང་མི་རུང་བ་ཅི་ཡིན་ནམ། བདག་དབང་ལ་རང་བཞིན་དང་ཁྲིམས་ཀྱིས་སྤྲད་པའི་ཁེ་ཐོབ་ཤིན་ཏུ་མང་ལ། མི་རིགས་ལ་དབང་བའི་ཁེ་ཐོབ་དེ་དག་མི་སྒེར་རེ་ཟུང་གིས་སྣང་མེད་ཀྱིས་འདོར་རུང་ཞིག་ག་ལ་ཡིན། མི་སྒེར་གཞན་དང་མི་རིགས་གཞན་ལ་ཐོབ་རུང་བའི་བདག་ཐོབ་དེ་དག་ང་ཚོས་ཅིའི་ཕྱིར་གླེང་ཙམ་ཡང་མི་བྱེད་པར་སྣང་མེད་དུ་བསྐྱུར་དགོས་སམ། འདི་ནི་ངའི་བསམ་གཞིག་ཐོག་མ་དེ་ཡིན། མི་རིགས་ལ་ཡོད་པའི་བདག་དབང་དང་བདག་ཐོབ་གླེང་ཞིང་རྩོད་པ་ནི་མི་རིགས་ལ་དུང་བའི་ཞེན་པ་དེ་ཡིན་ཞེས་ཀྱང་བརྗོད་ཆོག།། ང་ཚོས་འདི་ལྟ་བུ་མང་པོ་ཞིག་གླེང་ཙམ་ཡང་མ་བྱས་པར་ཡོད་ཚད་འཕྱི་དྲགས་པའི་ཉིན་མོར་བསྐྱལ་ཏེ་ཕྱི་རབས་པ་དག་གིས་ལེ་བདའ་བྱས་ཚེ་ཅི་ཞིག་བྱའམ།
ད་ལྟའི་ཆར་ང་ཚོས་བདག་དབང་གླེང་བ་ཙམ་ལས་གཞན་ཅི་ཡང་ཤོད་ཀྱིན་མེད་ནའང། འགའ་ཞིག་གིས་ཅི་མི་སྙམ་པར་འབྲུག་ཡུལ་གྱི་གཞོན་སྐྱེས་ཚོས་ནང་དོན་རིག་པ་དབྱིན་སྐད་ཀྱི་ལམ་ནས་སྦྱོང་བ་དང་། བྱེས་སུ་སྐྱེས་པའི་བོད་ཕྲུག་འགའི་བོད་ཡིག་གི་ཤེས་ཚད་དམན་པ་ཙམ་ཞིག་དཔེར་བླངས་ཏེ། ཡིད་སྐྱོ་སྐྱོ་དང་ཐུགས་ཁུར་ཆེ་ཆེའི་རྣམ་པས། བོད་ཀྱི་བཀའ་བསྟན་འདི་དག་དབྱིན་ཇི་ལྟ་བུ་དེང་རབས་ཀྱི་སྐད་ཡིག་ཏུ་གང་མྱུར་མ་བསྒྱུར་ཚེ། བཀའ་བསྟན་གྱི་བརྡ་དོན་རྟོགས་པའི་བོད་ཀྱི་མཁས་གྲུབ་རྣམས་ཉིན་རེ་བཞིན་ཉུང་དུ་འགྲོ་བཞིན་པས་མི་འགྱངས་པར་བཀའ་བསྟན་འདི་གཉིས་མཆོད་ཡུལ་ཙམ་ལས་ཕན་མེད་དུ་འགྱུར་ཞིང་། བོད་ཀྱི་སྐད་ཡིག་གི་ལམ་ནས་དེ་དག་གི་དོན་རྟོགས་རྒྱུའི་སྐལ་བ་དེ་ཡོངས་སུ་ཟད་པར་འགྱུར་བ་ལྟ་བུའི་གླེང་ཕྱོགས་དུ་མ་ཞིག་གཟས་ནས་སྐད་གསང་མཐོན་པོས་བསྒྲགས་སོང། སྐད་ཆ་དེའི་རྒྱབ་ལྗོངས་ནི། ད་ལྟ་བཀའ་བསྟན་གསུང་འབུམ་གྱི་བདག་དབང་བཤད་པའི་ཚོད་མ་ཡིན་པར་དེ་དག་གི་ནང་དོན་ཡོངས་སུ་རྫོགས་པ་དབྱིན་ཇི་ལྟ་བུ་དེང་རབས་ཀྱི་སྐད་དུ་སྤོས་ཏེ་མྱུར་སྐྱོབ་མ་བྱས་ན། བོད་ཀྱི་བཀའ་བསྟན་གཉིས་མི་འགྱངས་པར་སུས་ཀྱང་ཀློག་མི་བཏུབ་པ་ཞིག་ཏུ་འགྱུར་བར་གདོན་མི་ཟ་ཞེས་པ་དེ་རེད། དེ་ནི་ཇི་འདྲའི་ཡ་ང་ཞིང་བག་ཚ་ལ། ལུས་ཀྱི་བ་སྤུ་ཚུན་ཆད་ལྡང་བར་བྱེད་པ་ཞིག་རེད་ཨང། ང་ཚོས་གཏམ་འདི་ལྟ་བུ་དག་ནམ་ཡང་ཐོས་མི་འདོད་ལ། གནས་སྟངས་དེ་ལྟ་བུར་ཐུག་པའི་སྐབས་ཤིག་ནམ་ཡང་སྦྱིན་མི་འདོད། ང་ཚོར་ཡོད་པ་ནི་དེ་དག་ཡིན་ལ་དགོས་པ་ཡང་དེ་དག་ཡིན། བཀའ་བསྟན་གསུང་འབུམ་འདི་ཚོ་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ། ང་ཚོ་ཡིད་མུག་ཅིང་ཞེ་སྐྱོ་བའི་སྐབས་སུ་འདི་དག་གིས་ང་ཚོའི་སེམས་ཁམས་གསོས། ཉམས་དམའ་ཞིང་སྟོབས་ཆུང་བའི་སྐབས་སུ་འདི་དག་གིས་ང་ཚོར་ནུས་པ་སྦྱིན། ང་ཚོ་འཛམ་གླིང་མི་མང་གི་མིག་ལམ་ལས་ཡལ་ལ་ཉེ་བའི་སྐབས་སུ་འདི་དག་གིས་ང་ཚོར་གཟི་བརྗིད་དང་སྤོབས་པ་བྱིན། དེ་ལྟར་བོད་མི་རིགས་འདི་འཇིག་རྟེན་གསོན་ངོགས་སུ་འཚོ་ཞིང་གནས་པར་བྱེད་པའི་རམ་འདེགས་གཙོ་བོ་དེ་ཡིན་ཞེས་བརྗོད་ཆོག།། དེར་བརྟེན། ང་ཚོས་ནམ་ཡང་འདི་དག་བདག་ཉར་བྱ་དགོས་ཤིང་བྱ་ཡང་ཐུབ་སྟེ། གོང་ན་ཐུགས་བསྐྱེད་དང་འཕྲིན་ལས་ཟབ་ལ། གཤམ་ན་བརྩོན་འགྲུས་དང་སྡུག་རུས་ཆེ། མི་རིགས་འདིའི་ཤེས་རབ་ལ་རྣོ་ངར་ཆེ་ཞིང། གངས་ཅན་པའི་ལས་དབང་ཡང་ད་དུང་བཟང་ཕྱོགས་ན་ཡོད། གལ་ཏེ་སུ་ཞིག་ལ་དཔལ་འབྱོར་དང་ཤེས་རབ། བརྩོན་འགྲུས་དང་ལས་སྐལ་སོགས་ཅི་འདོད་དུ་ཡོད་ན། བོད་མི་བྱིངས་ཀྱིས་ནམ་ཡང་བཀའ་བསྟན་གཉིས་ཕྱི་སྐད་དུ་བསྒྱུར་བར་བཀག་རྒྱ་དེ་ཙམ་མི་བྱེད་སྙམ། འོན་ཀྱང། བདག་དབང་ལ་ཡོད་པ་ནི་བདག་ཐོབ་རེད་ལ། བདག་ཐོབ་ནི་སུ་ལ་ཡང་དགོས་ངེས་ཡིན་པས་ང་ཚོས་ཐོག་མར་བདག་དབང་གླེང་དགོས་པའང་གནད་དོན་དེ་ལ་ཐུག་ཡོད། བཀའ་བསྟན་གསུང་འབུམ་གྱི་བདག་ཐོབ་ནི། དེང་དུས་ཀྱི་བརྩམས་ཆོས་དཀྱུས་མ་དག་གི་བདག་ཐོབ་ལྟར་བདག་དབང་ཅན་ལ་ཐོབ་པའི་དངུལ་དངོས་ཙམ་ཞིག་མ་ཡིན་པར། བདག་པོར་རང་བཞིན་གྱིས་ཐོབ་པའི་རིན་ཐང་དང་། ཆེ་མཐོང། ཡིད་འགུག་སོགས་སུའང་གོ་ཆོག།།
སྤྱིར་བཤད་ན། སྲིད་ཕྱོགས་སམ་ཕྱིའི་རྣམ་པའི་ངོས་ནས་བོད་མི་རིགས་འདི་ཆེས་ཆེར་རྒུད་པར་གྱུར་ཡོད་ན་ཡང། ནང་གི་རྣམ་དཔྱོད་དང་ཤེས་རབ་ཀྱི་རྩལ་སོགས་ལ་ཉམས་རྒུད་ཀྱི་རྣམ་པ་གཏན་ནས་མེད། དུས་རབས་གོང་མའི་ནང་བོད་ཀྱི་སྣོད་བཅུད་ཤེས་རིག་དང་བཅས་པར་ཆག་སྒོ་བློར་མི་ཤོང་བ་ཞིག་བྱུང་ཞིང། ལྷག་པར་དུ་རིག་གསར་གྱི་གཏུམ་སྤྱོད་དྲག་པོས་བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་གླེགས་བམ་འབུམ་ཕྲག་མང་པོ་རི་རབ་ཏུ་བརྩིགས་ཏེ་མེར་བསྲེགས། ཆོས་བྱེད་དགེ་འདུན་གྱི་དགེ་སྡེ་ལས་དྲག་གྲས་རྣམས་བཤས་རའི་ར་ལུག་ལྟར་བསྡུས་ཏེ་གསོད་གཏུབ་བྱས། ལྷ་ཁང་དང་མཆོད་ཡུལ་གྱི་རྟེན་ཆེ་ཆུང་རྣམས་གདོན་རྫས་སུ་བསྙད་ཏེ་རྩ་གཏོར་བཏང། བསྟན་པའི་སྦྱིན་བདག་དད་ཅན་རྣམས་ནག་ཅན་དུ་བརྩིས་ཏེ་བཙོན་འཇུག་དང་དམར་གསོད་བཏང། དེ་ལྟར་མི་ལོ་མང་ཙམ་འདས་པ་ན། བོད་མི་རིགས་འདིའི་ཤེས་རབ་ཀྱི་རྩལ་དང་ནང་བསྟན་ལ་གཅིག་ཏུ་བརྩེ་ཞིང་ཞེན་པའི་འདུ་ཤེས་ཁོ་ནས་སླར་ཡང་སྔར་སོར་ཆུད་པར་བྱས། སྐབས་དེ་དུས། མི་རིགས་འདིས། བོད་ཕྱི་ཕྱོགས་ཀྱི་ནང་པའི་སྡེ་བ་དང་ཚོ་བ། ལུང་པ་དང་རྒྱལ་ཁབ་སོགས་ནས་དཔེ་རྙིང་གླེགས་བམ་ཙམ་ཡང་ཨེ་རྙེད་ཀྱི་རེ་བ་དྲག་ཏུ་བྱས། འོན་ཀྱང། བོད་མི་ཚོས་ས་འོག་བྲག་སྐྱིབས་དང་ནགས་ཁྲོད་དོང་ཞབས་སོགས་སུ་སྦས་པ་དེ་དག་ལས་གཞན་བོད་མིར་མེད་པ་ཞིག་རྙེད་སོན་མ་བྱུང། སྐབས་དེར་བསླེབས་པ་ན། ཁོ་ཚོར་ཡང་བཙན་འཛུལ་དང་རིག་གསར་གྱི་གཏུམ་སྤྱོད་ཕོག་པ་ཡིན་ནམ་ཞེས་བོད་མི་བསམ་གཞིག་ཅན་རྣམས་ཧ་ལས་པར་གྱུར། གནས་སྟངས་འདི་ལས་ཤེས་ཐུབ་པ་ནི། མདོ་སྔགས་ཡོངས་སུ་རྫོགས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེའི་བདག་པོར་འོས་ཤིང་བྱེད་ནུས་པ་ནི་བོད་མི་རིགས་འདི་ལས་གཞན་ད་ལྟའི་དུས་འདིར་རྙེད་དཀའ་བའི་ངེས་ཤེས་དེ་ཇེ་བརྟན་དུ་གྱུར་པ་དེ་རེད། གང་ལྟར་འདིར་ཤོད་འདོད་པ་ནི། བོད་མི་རིགས་སྤྱི་བྱིངས་ལ་རིག་རྩལ་དང་སྤོབས་པ། བློ་སྟོབས་དང་ཕུགས་བསམ་སོགས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་གདོན་མི་ཟ་བར་ཡོད་པས། བཙན་བྱོལ་བོད་ཕྲུག་འགའི་བོད་ཡིག་གི་ཤེས་ཚད་ཞན་པ་དང་མི་འབོར་སྦར་མཐིལ་གང་ལས་མེད་པའི་འབྲུག་གཞོན་ཚོའི་གནས་སྟངས་ཀྱིས་ས་ཡ་དྲུག་གི་ཆོས་རིག་སྐད་ཡིག་དང་བཅས་པའི་ལས་དབང་ལ་སྡོམ་རྒྱག་རྒྱུ་དང། བོད་མི་རིགས་ཀྱི་ཤེས་རབ་དང་བློ་རྩལ། ནུས་འཇོན་དང་སྤོབས་པ་སོགས་ལ་ཡིད་ཆེས་མེད་པ་ལྟ་བུའི་ཟུར་གཏམ་སྨྲ་བ་ནི་ཧ་ཅང་སྔ་དྲགས་ཤིང་ཡིད་མི་སྤྲོ་བ་ཞིག་ཏུ་མཐོང།
ཡང་གཅིག་བཤད་ན། གདན་སའི་དགེ་འདུན་པ་རྣམས་ཀྱིས་རིག་གསར་སྔ་གཞུག་ཏུ་བྱུང་བའི་སྟོང་ཆ་དེ་ཡོངས་སུ་བསྐངས་ཡོད་པར་མ་ཟད། རྒྱུན་སྲོལ་སློབ་གཉེར་གྱི་རྨང་གཞིའི་སྟེང་རིགས་གཅིག་རྐང་འཛིན་གྱི་ཆེད་སྦྱོང་གསར་སྣོན་གྱིས་མདོ་རྒྱུད་གཉིས་ཀྱི་ཚིག་དོན་ལ་སྔར་ལྷག་འཇུག་པའི་སྒོ་མོ་སྣ་ཚོགས་འབྱེད་བཞིན་ཡོད་པས་བོད་ཀྱི་བཀའ་བསྟན་རྣམས་མཆོད་རྫས་ཙམ་དུ་འགྱུར་བའི་ཐུགས་ཁུར་དེ་ཇི་འདྲའི་ལྕི་ཆེ་ཨང། དེར་མ་ཟད། སྔར་གྱི་སྒྲུབ་གྲྭ་ཁག་ཀྱང་བཤད་སྒྲུབ་ཟུང་འབྲེལ་དུ་བྱས་ཤིང། བཙུན་མའི་སྡེ་ནའང་ལོ་རྒྱུས་སུ་མ་བྱུང་བའི་འཆད་མཉན་གྱི་རླབས་ཁ་ཕྱོགས་གང་ས་ནས་འཕྱུར་བཞིན་ཡོད། སྐྱ་བོའི་སྡེར་མཚོན་ན་ཡང་། རྒན་གཞོན་གྱི་དབྱེ་བ་མེད་པར་ཆོས་རིག་དང་སྐད་ཡིག་ལ་དོ་སྣང་དང་གསར་སྦྱོང་སྔར་ལྷག་འབྱུང་བཞིན་ཡོད། འདི་དག་ནི་བྱེས་ཀྱི་གནས་སྟངས་ཙམ་སྟེ། བོད་གངས་ཅན་ལྗོངས་ལ་མཚོན་ནའང། མཚོན་དང་སྒྲོག་གི་སོ་ཁ་ན་མི་ཚེ་ལ་ངེས་གཏན་མེད་ཀྱང། རིགས་ཞེན་དང་སྐད་ཡིག་གི་དུང་བ། ཆོས་ཕྱོགས་ཀྱི་སློབ་གཉེར་སོགས་སྐྱ་སེར་གྱི་དབྱེ་བ་མེད་པར་ཕྱོགས་དང་གྲུ་ཐམས་ཅད་ན་འཕེལ་བཞིན་ཡོད། སློབ་གྲྭ་ཁག་ཏུའང་། ཐུན་མོང་ཤེས་རིག་གི་ལམ་སྲོལ་སྟེང་རིགས་ལམ་སློབ་གཉེར་གྱི་སྲོལ་ག་གསར་འཛུགས་ཀྱིས་ལོ་མང་ཕྱིན་པར་མ་ཟད། རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད། དེ་ལྟར་བོད་ཀྱི་ནང་དོན་རིག་པའི་སློབ་གཉེར་དེ་ཉིད་བཤད་གྲྭ་ནས་སྒྲུབ་གྲྭ་དང། དགེ་འདུན་པའི་སྡེ་ནས་སྐྱ་བོའི་སྡེར་མཆེད་ཅིང་དར་བཞིན་ཡོད། འདི་དག་ནི་སྔར་བྱུང་མ་མྱོང་བའི་ནང་དོན་རིག་པའི་སློབ་གཉེར་གྱི་ལོ་རྒྱུས་ཆེན་པོ་ཞིག་སྟེ་མདོར་ན། བུ་ཆུང་སོ་ཁ་མ་ཚང་བ་ཡན་ནས་རྒན་རྒོན་བདུན་ཅུའི་ཁ་རལ་དུ་གྱུར་པ་མན་གྱིས་བོད་ཀྱི་ཆོས་རིག་དང་སྐད་ཡིག་ལ་དོ་སྣང་དང་གསར་སྦྱོང་བསྟུད་མར་བྱེད་བཞིན་ཡོད། འདི་ནི། ༸བླ་མ་གཅིག་གི་འཕྲིན་ལས་དང་ཐུགས་བསྐྱེད་ཁོ་ནས་ཐོག་དྲངས་པ་ལས་བྱུང་བར་སུས་ཀྱང་བསྙོན་མི་ཐུབ། དེ་ལྟ་བས་ན། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དེ་སྔ་དྲགས་པ་ཞིག་དང། བཀྲ་མི་ཤིས་པའི་གཏམ་ངན་དེ་ཉན་མི་སྤྲོ་བ་ཞིག་རེད་ཅེས་སྨྲ་བར་འདོད་དོ།།
གཞན་ཡང། ལོ་རྒྱུས་རིང་ཞིང་ཆོས་རིག་ཀུན་སྤྱོད་སོགས་འཇིག་རྟེན་ན་འབུར་དུ་ཐོན་པའི་མི་རིགས་ཤིག་ལ་མཚོན་ན། བསྐལ་པའི་བར་དུ་གནས་དགོས་ཤིང། གནས་པ་ལ་ཅིས་ཀྱང་བརྩོན་དགོས། དེ་ལ་སྔར་མ་གླེང་ཞིང་གླེང་མ་ཐུབ་པ་རྣམས་གླེང་སྟེ་རྩོད་དགོས་ལ། དེ་ནི་འཇིག་རྟེན་མི་ཆོས་ཀྱི་བརྩོན་ལེན་བྱེད་སྟངས་ཤིག་ཡིན་ལ། འཇིག་རྟེན་མི་ཆོས་ནི་དམ་པ་ལྷ་ཆོས་སུ་བསྙད་པའི་མ་ལག་ཀུན་གྱི་སྲུང་བ་གོང་ན་མེད་པ་དེ་ཡིན་ཞེས་བརྗོད་ཆོག།། བསམ་གཞིག་ཅུང་ཟད་བྱས་ན། དེ་ཡང་བོད་ཀྱི་ལོ་རྒྱུས་ནང་དུ། སོས་དལ་དུ་འཚོ་སྐབས། ཆེན་པོར་དབང་བ་མང་པོས་རང་གི་ཚུལ་བཅོས་ཏེ་འཇིག་རྟེན་འདི་གླེང་མ་འདོད་པའམ་གླེང་རིན་མེད་པར་མཐོང་བ་གང་ལྟར་ཡང་དོན་དག་ཆེ་ཕྲ་ཇི་སྙེད་ཅིག་ཡུན་རིང་སྣང་ཆུང་དང་མཁོ་མེད་དུ་བསྐྱུར། ནམ་ཞིག་རང་དང་རང་གི་སྡེ་རྣམས་སྡོད་བཟོད་མ་བདེ་བའི་གནས་སྟངས་ཤར་བ་ན། དེ་ལས་ལྡོག་སྟེ་ཕྱི་མ་དང་གཞན་དོན་སོགས་ཆོས་པའི་སྤྱོད་པ་རྣམས་གཅིག་ཏུ་བརྗེད་དེ་དེ་མ་ཉིད་དུ་མགོ་འདོགས་ལུས་འབུལ་གྱི་ལས་ལ་ཞུགས་ཏེ་ཕྱི་ཕྱོགས་ཀྱི་རྒྱབ་རྟེན་རེ་ཨེ་རེག་བལྟས། མི་རིགས་ཞེས་པ་ཞིག་བློ་ཡུལ་དུ་མ་ཤར། རྐྱེན་རྩ་དེ་དག་གི་དབང་གིས་མི་རིགས་འདི་སིལ་བུ་ནས་སིལ་བུར་གྱུར་ཏེ་ད་ལྟའི་གནས་སྟངས་སུ་གྱར། ཉེ་རབས་ལོ་རྒྱུས་ལ་ཆ་བཞག་ཀྱང། ཆེན་པོ་སྐོར་ཞིག་གིས་མི་རིགས་འདིར་ཐུགས་ཁུར་དེ་ཙམ་མ་གནང་བར་རྗེས་འབྲང་འཚོལ་སྡུད་ཀྱི་བྱ་བཞག་ཙམ་ཞིག་གཙིགས་སུ་བཟུང་སྟེ། ཤར་ནས་ནུབ་ཏུ་བརྒྱུགས། མི་རིགས་ཀྱི་དགོས་མཁོ་ཇི་སྙེད་ཅིག་ཡལ་བར་དོར། རང་གི་སྡེ་ཙམ་ཞིག་དངུལ་དངོས་ཀྱིས་སྐྱོང་ཁུལ་བྱས། ང་ཚོ་ཆོས་པ་ཡིན་པས་སྲིད་མི་ཤེས་ཤིང་འཇིག་རྟེན་མི་སྒྲུབ་ཅེས་སོགས་ཆོས་ཁང་དང་ཆོས་ཁྲིའི་སྟེང་ནས་ཆེ་མདོག་བཙུན་མདོག་གིས་བསྒྲགས་ཏེ་ཕྱི་ནས་ཆེ་མཐོང་བཙལ། ཞལ་ནས་ཕྱི་མ་དང་གཞན་ཕན་བརྗོད་ཀྱང་གལ་ལ་ཐུག་དུས་རང་དང་རང་གི་སྡེ་ཙམ་ཞིག་དཀྱིལ་སྙིང་དུ་བཟུང་། ཁེ་གྲགས་དང་ལོ་རྒྱུས་གསར་བསྐྲུན་སོགས་དམིགས་འབེན་དུ་བྱས། ཕྱི་ལག་ནང་དུ་རྐྱོང་བ་དག་ལ་ལྷག་བསམ་ཆེ་མདོག་གིས་རམ་འདེགས་བྱས། དེ་ལྟར་སྤྱང་མདོག་དང་འཇོན་མདོག་ཅི་ཙམ་བསྟན་ཀྱང། བོད་རྒྱལ་སྲིད་ཀྱི་རྩ་བ་མ་བརྟན་པའི་ཉིན་མོ་དེར། ཆོལ་ཁ་དང་ཆོས་ལུགས། ཕོ་མོ་དང་སྐྱ་སེར། དྲག་ཞན་དང་མཐོ་དམའ་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་མི་འདོད་བཞིན་གཞན་ཡུལ་དུ་གྱར་དགོས་བྱུང་བ་ཙམ་ཡང་བློར་མ་ཤར་བ་ནི་ཇི་འདྲའི་མི་མཚང་མི་ཆེའམ། མཚམས་འདིར་བསླེབས་པ་ན། ང་ཚོས་མི་རིགས་འདིའི་ཡ་ང་བའི་གནས་སྟངས་ཆེན་པོ་དག་ནས་བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་ཚུན་ཆད་ཤུགས་ཀྱིས་གླེང་དགོས་པ་དེ་བྱུང་།
གང་ལྟར། བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་དབང་གླེང་བར། ལོ་རྒྱུས་དང་གནད་དོན་གང་མང་ཞིག་ཞིབ་རྒྱས་སུ་གླེང་དགོས་ཀྱང་། དོན་བརྒྱ་ཚིག་གཅིག་ཏུ་བསྡུས་ན། བོད་མི་རིགས་འདི་བོད་ཀྱི་བཀའ་བསྟན་གསུང་འབུམ་གྱི་བདག་པོར་སུས་ཀྱང་བསྙོན་མི་རུང་བ་ཡིན་ཞེས་པ་དེ་ཡིན། དེ་ཡང་བོད་མིས་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་གཉིས་བོད་དུ་འདྲེན་པར་མི་རྒྱུ་སྲོག་གསུམ་གྱི་འགྲོ་གྲོན་བློར་ཆུད་དཀའ་བ་ཞིག་བཏང་ཡོད། དེ་ལ་ཐོག་མར་ཆོས་རྒྱལ་བཀའ་དྲིན་ཅན་དག་གིས་ཐུགས་བསྐྱེད་ཀྱིས་ཐོག་དྲངས་ཏེ་བང་མཛོད་ཀྱི་ཁ་ཕྱེ་ཞིང་འབངས་འཇོན་ཐང་ཅན་རྣམས་ལས་སུ་བཀོལ། ཕ་མ་བློ་རྒྱ་ཅན་རྣམས་ཀྱིས་ཀྱང་རང་རང་གི་སྲོག་ལས་གཅེས་པའི་བུ་ཕྲུག་རིག་པ་ཅན་དག་ཕྱིར་ཡོང་དང་འཆི་གསོན་ཅི་འབྱུང་མ་ངེས་ཀྱང་ཅི་མི་སྙམ་པར་བློས་བཏང་། ཐོན་མི་ནས་དགེ་ཆོས་ལ་ཐུག་གི་བར་གྱི་ལོ་ཙཱ་བ་རིམ་བྱོན་གྱིས་ཚེ་སྲོག་ལ་ཐུག་པའི་དཀའ་སྤྱད་དཔག་ཏུ་མེད་པ་མཛད། ས་བདག་སྡེ་དཔོན་དང་དད་ལྡན་འཁོས་ཆུང་ཚུན་ཆད་ཀྱིས་གསེར་དངུལ་གླ་རྩི་དང་གནས་མལ་བཟའ་བཏུང་སོགས་ཕངས་མེད་དུ་བཏང་། མཁས་གྲུབ་རིམ་བྱོན་དང་འབྱོར་ལྡན་ལྷག་བསམ་ཅན་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་ད་ལ་ཐུག་གི་བར་དུ་གཅེས་ཉར་བགྱིས། དེ་ལྟར་བོད་མི་རིགས་འདིས་མི་རྒྱུ་སྲོག་གསུམ་དང་དཀའ་བ་འབུམ་ཕྲག་གིས་ནང་འདྲེན་བྱས་ཤིང་། རྒྱུན་ཉར་བགྱིས་པའི་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས། བོད་ཀྱི་མཁས་གྲུབ་ཆེན་པོ་རྣམས་ཀྱི་ཐུགས་བཅུད་ཀྱིས་ཡོངས་སུ་གཏམས་པའི་གསུང་འབུམ་བཅས་ཀྱི་བདག་དབང་གི་ཆ་རྐྱེན་ཚང་ལ་མ་ནོར་བར་ཡོད་པ་ནི་བོད་མི་རིགས་འདི་ཡིན། དེ་ཡང་ཡིན་ཏེ་དཔེ་ཙམ་བཀོད་ན། དུས་རབས་བཅུ་གཅིག་པའི་ནང་དུ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས། པཎྜི་ཏ་སྤྱན་འདྲེན་པར་བོད་ཕྲུག་རིག་པ་རྣོ་བ་ ༢༡ གསེར་དང་བཅས་ཏེ་རྒྱ་གར་དུ་བཏང། ལོ་ཆེན་རིན་བཟང་དང་ལོ་ཆུང་ལེགས་ཤེ་གཉིས་མ་གཏོགས་གཞན་བཅུ་དགུ་པོ་ཚད་པས་ཤི། པཎྜི་ཏ་གདན་མ་འདྲོངས། དེ་ནས་ལྷ་བླ་མ་ཡེ་ཤེས་འོད་རང་ཉིད་པཎྜི་ཏ་སྤྱན་འདྲེན་པའི་ཆ་རྐྱེན་དུ་གསེར་འཚོལ་དུ་བྱོན་པས་གར་ལོག་གི་བཙོན་དུ་ཚུད། བྱང་ཆུབ་འོད་ཀྱིས་གསེར་སྲང་ ༧༠༠ དང་བཅས་ཏེ་ནག་ཚོ་དཔོན་གཡོག་བདུན་ཙམ་རྒྱ་གར་དུ་བརྫངས། གཞན་ཡང་ཁ་ཆེ་ཟླ་མགོན་རྒྱ་གར་ནས་བོད་དུ་ཕེབས་ཏེ་འགྲེལ་པ་དྲི་མེད་འོད་བོད་སྐད་དུ་བསྒྱུར་མགོ་བརྩམས། གསེར་སྲང་ ༡༠༠ རྫོང་བར་ཆད་པས་ཕྱེད་ལས་མ་བསྒྱུར་བར་བསྒྱུར་འཕྲོ་བསྣམས་ཏེ་གཞན་དུ་ཕེབས། རྗེས་སུ་གསེར་ཐིག་པོ་དང་གླ་རྩི་རྐྱལ་པ་མང་པོ་བལ་ཡུལ་དུ་བསྐྱལ་བ་སོགས་ལོ་རྒྱུས་འདི་ལྟ་བུ་ཤིན་ཏུ་མང། དེ་ལྟར་བོད་ཀྱིས་མི་རྒྱུ་སྲོག་གསུམ་གྱིས་ནང་འདྲེན་བྱས་ཤིང་བསྐྲུན་པའི་གསུང་རབ་དེ་དག་གི་བདག་དབང་་་་་་་་་་་་་།
མཐར་ཤོད་འདོད་པ་ནི་འདི་ལྟ་སྟེ། ཕྱིར་གཏོང་བ་དག་གིས་གསུང་བ་ལྟར། ང་ཚོས་ཀྱང་། ཆོས་ལ་སེར་སྣ་མི་བྱེད་པ་དང། ཆོས་རྣམས་ལ་སློབ་དཔོན་གྱིས་དཔེ་མཁྱུད་མི་བྱེད་པར་ཐམས་ཅད་ལ་སྟོན་ཅིང་། རྒྱུན་མི་འཆད་པར་ཐམས་ཅད་ལ་སྟོན་ཏོ། །ཞེས་པའི་བྱང་སའི་བསླབ་བྱ་སོགས་སྔར་ནས་གོ་མྱོང་ལ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།། ཅེས་པའི་ཤར་ཙོང་ཁ་པ་ཆེན་པོའི་ཐུགས་སྨོན་སོགས་ཆོས་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་སམ་ཉམས་ལེན་དང་བསྔོ་སྨོན་གྱི་རིགས་མང་པོ་ཞིག་མདོ་རྒྱུད་བསྟན་བཅོས་ཁག་ན་བགྲང་དུ་མི་ལང་བར་ཡོད་པའང་སྔར་ནས་ཤེས་ཡོད་ལ། དེ་དག་ནི་རང་དང་རང་སྡེའི་འདུ་ཤེས་སྤུ་ཙམ་ཡང་མེད་པར་གཞན་དོན་ཁོ་ན་གཙིགས་སུ་འཛིན་མཁན་བདག་ཉིད་ཆེན་པོ་རྣམས་ཀྱིས་བསླབ་པར་བྱ་བའི་གཞི་དང་སྨོན་པའི་གནས་དག་སྟེ། སྲིད་ཀྱི་ཡོ་ལང་འཁྲིགས་པའི་ཁོར་ཡུག་ཏུ་མི་རིགས་རིག་གཞུང་ཆོས་ལུགས་སྐད་ཡིག་དང་བཅས་པའི་བདེ་དོན་བསམ་པའི་འཇིག་རྟེན་པ་དག་ལ་མཚོན་ན། ཡོད་ཚད་བདག་ཉིད་ཆེན་པོ་རྣམས་དང་བྱ་བྲལ་རི་པ་དག་གི་སྤྱོད་པ་དང་སྒོ་བསྟུན་རྒྱུ་དེ་ནམ་ཡང་ཡོང་མི་སྲིད་པ་ཞིག་རེད་ཅེས་ཀྱང་སྨྲ་བར་སྤོབས་སོ།།

བསྟོད།7

དཔྱད་མཆན་སྤེལ།