རྡོར་ལུགས་གླེང་བ།

འགར་རང་འབར།

རི་ཁ་ནས་མོ་མཐོང་བའི་སྣང་ཚུལ་ཇི་བཞིན་དུ་བྲིས་པ་ལ་རི་མོ་ཞེས་བཤད་པའི་ངག་རྒྱུན་གྱི་རི་མོ་དེ་ནི་སྣ་མང་རང་བཞིན་ཅན་དུ་གྱུར་ཏེ་ཆོས་ལུགས་དང་འཚོ་བ་ཡུལ་སྲོལ་དང་འཆར་ཡན་ཡུལ་ལྗོངས་སོགས་ལས་འཕྲོས་པའི་འབྲི་ཚུལ་སྣ་མང་ཅན་དུ་གྱུར་ཡོད་ལ་དེ་ནི་སྤྱི་ཚོགས་ཡར་རྒྱས་དང་ཤེས་རབ་འཕེལ་ཕྱོགས་ཤིག་ཡིན་པ་ལས་ལྷ་དབང་ཕྱུག་ཆེན་པོའི་བློའི་གཡོ་བ་ལས་བྱུང་བར་བཤད་པའི་གནའ་གཏམ་ལྟ་ཞིག་བུ་ག་ལ་ཡིན། རྒྱུ་མཚན་དེའི་ཕྱིར་ན་ང་ཚོའི་བོད་གངས་ཅན་གྱི་ལྗོངས་འདིར་ཡང་ཆུ་ལམ་བཞུར་དང་རྡོ་ལག་རྒྱུན་གྱི་ཚུལ་དུ་རི་མོ་འབྲི་བའི་སྲོལ་དེ་དར་བའི་ལོ་རྒྱུས་ནི་ཆེས་རྒྱུན་རིང་མོ་ཞིག་ཡོད་པར་མ་ཟད་དུས་རབས་རིམ་བྱུང་གི་ནང་དུ་གསར་གཏོད་རང་བཞིན་ལྡན་པའི་མཁས་པ་བགྲང་གིས་མི་ལངས་པ་བྱུང་སྟེ་བོད་ཀྱི་རི་མོ་ཞེས་རྒྱལ་ཁབ་ཕྱི་ནང་ཀུན་གྱིས་ཞིབ་འཇུག་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། ཡིན་ནའང་དེང་སང་གི་རི་མོ་བ་མང་པོ་ཞིག་གིས་ལད་ཟློས་དང་བསྐྱར་པར་རང་བཞིན་གྱི་ངལ་བ་བསྟེན་པ་ལས་གནའ་དེང་ཟུང་འབྲེལ་དང་སྙིགས་དོར་བཅུད་ལེན་གྱི་བློ་རིག་བག་ལ་ཞ་ཡོད་པ་ནི་ཡིད་སྐྱོ་བ་དང་ཞེ་མེར་བའི་གནས་ཤིག་རེད། ང་ཚོས་རང་རེ་མཁས་པ་སྔ་མ་དག་གི་བཞུད་ལམ་ལ་ཕྱིར་མིག་ཅིག་འཕངས་ན་ཤིང་རྟའི་སྲོལ་འབྱེད་ལྟ་བུའི་བསམ་བློ་བ་དང་གསར་གཏོད་པ་མང་དུ་བྱོན་ཡོད་ལ་དེ་དག་གི་མི་ཚེ་དང་རིན་ཐང་ལ་རྒྱུས་ལོན་ཞིག་བྱེད་པ་ནི་རང་གི་འོས་འགན་ཞིག་ཏུ་སེམས་པས་ཐོག་མར་བོད་ཀྱི་རི་མོའི་ལོ་རྒྱུས་ཐོག་ཏུ་མཁས་མིང་གི་སྙན་པ་འཕུར་བའི་གསར་གཏོད་པ་འགའ་ཞིག་ངོ་སྤྲད་དེ་རི་མོའི་ལོ་རྒྱུས་ཀྱི་འཕེལ་རིམ་གླེང་རྒྱུ་བྱ། བོད་གངས་ཅན་གྱི་ལྗོངས་འདིར་རི་མོ་འབྲི་བའི་རིག་གནས་དེ་སྤྱི་ལོའི་དུས་རབས་བདུན་པའི་གོང་ནས་ཡོད་ཅིང་། རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ས་གནས་ཀྱི་སྲིད་དབང་བཟུང་སྐབས་གཙུག་ལག་ཁང་གི་ལྡེབས་བྲིས་དང་ཀ་བ་གདུང་མ་སོགས་ཀྱི་སྟེང་དུ་གནའ་རབས་བོད་ཀྱི་རོ་སྒྲུང་ལས་བཤད་པའི་གཏམ་རྒྱུད་སྣ་ཚོགས་དང་། པོ་ཏ་ལ་དང་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་སྐོར་མང་པོ་བྲིས་ཡོད་པར་མ་ཟད། སྐབས་དེའི་དམག་མིའི་ཆས་དང་རུ་དར་སོགས་བྲིས་ཏེ་གཙུག་ལག་ཁང་གི་ལྡེབས་བྲིས་སུ་དེང་སང་ཡང་མཐོང་རྒྱུ་ཡོད། སྤྱིར་བོད་ཀྱི་རི་མོ་དེ་ལ་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་པོ་ཞིག་ཡོད་མོད་རྒྱལ་ཁབ་ནང་ཕན་ཚུན་དང་མི་རིགས་ནང་ཚུན་གྱིས་འཐབ་འཛིང་གི་གཡུལ་ཆས་དོན་དུ་གཉེར་བ་ལས་རིག་གནས་བརྗེ་རེ་བྱེད་པའི་བསམ་བློ་མ་བྱུང་བས་ལག་ཤེས་ལ་འཕེལ་རྒྱས་ཆེན་པོ་མེད་པར་མངོན། བལ་བཟའ་ཁྲི་བཙུན་སྲོང་བཙན་གྱི་བཙུན་མོར་ཕེབས་སྐབས་བལ་བོའི་ལྷ་བཟོ་འགའ་བོད་དུ་ཕེབས་པ་དང་བསྟུན་ནས་གཞན་གྱི་རིག་གནས་ནང་འདྲེན་བྱེད་པའི་སྲོལ་དར་ལ། དེ་ལས་བྱུང་བའི་བྲིས་རྒྱུན་དེ་ལ་བལ་བྲིས་ཞེས་ལག་ཤེས་དེ་གང་ནས་དར་བའི་ཡུལ་གྱི་མིང་རི་མོ་ལ་བཏགས་ལ་དེ་ནི་ཡོན་རྒྱལ་རབས་མ་རྫོགས་བར་དུ་དར་བར་བཤད། མིང་རྒྱལ་རབས་ཀྱི་གོང་མ་ཡོང་ལོས་སྐབས་དར་སྐུད་འཐགས་པའི་ལྷ་སྐུའི་ཐང་ཀ་ཁག་ཅིག་ཀརྨ་སྐུ་ཕྲེང་ལྔ་བ་དང་ཙོང་ཁ་བར་ཕུལ་བ་དེ་ནས་བཟུང་བོད་ཀྱི་རི་མོ་དག་གིས་རྒྱ་ནག་གི་རི་མོ་འབྲི་སྟངས་དང་ཚོན་གཏོང་སྟངས་ལ་སློབ་སྦྱོང་བྱེད་འགོ་ཚུགས་ཏེ་རི་མོའི་ལག་རྩལ་ལ་འཕེལ་རྒྱས་གསར་བ་ཞིག་བྱུང་བ་རེད། དཔེར་ན། རྒྱལ་དབང་སྐུ་ཕྲེང་དང་པོ་དང་དུས་མཚུངས་པའི་ལྷོ་བྲག་སྨན་བླ་དོན་འགྲུབ་ཀྱིས་ཐོག་མར་རྡོ་བ་བཀྲ་ཤིས་རྒྱལ་པོའི་མདུན་དུ་བལ་བྲིས་བསླབས་ཤིང་། རྗེས་སུ་མཚུར་ཕུ་དགོན་པའི་ནང་དུ་མིང་རྒྱལ་རབས་སྐབས་ཀྱི་དར་སྐུད་འཐག་ཐང་མཐོང་ནས་རྒྱ་ནག་གི་རི་མོ་འབྲི་སྟངས་སློབ་སྦྱོང་བྱས་ཏེ་བོད་ཀྱི་རི་མོ་དང་རྒྱ་ནག་གི་གནའ་རབས་རི་མོ་འབྲི་སྟངས་ཟུང་འབྲེལ་བྱས་ནས་སྨན་ལུགས་ཞེས་པའི་མི་མིང་རི་མོ་ལ་ཐོགས་པའི་འབྲི་སྟངས་གསར་བ་ཞིག་བྱུང་བ་རེད། དེའི་རྗེས་སུ་གཙང་གི་གོང་དཀར་སྒང་སྟོད་དུ་སྐྱེས་པའི་རི་མོ་མཁས་པ་མཁྱེན་བརྩེ་ཟེར་བ་དེས་སྨན་ལུགས་དང་མི་འདྲ་བའི་འབྲི་ཚུལ་གསར་བ་ཞིག་གསར་གཏོད་བྱས་དེ་མི་མིང་བརྩམས་ཆོས་ལ་ཐོག་པའི་མཁྱེན་ལུགས་ཟེར་བ་ཞིག་བྱུང་བ་དང་། ཡང་རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་དུས་སུ་རི་མོ་མཁས་པ་བྱིའུ་ལྷ་བཟོ་ཟེར་བ་ཞིག་བྱུང་སྟེ་བོད་ཀྱི་རི་མོའི་ལག་རྩལ་ལེགས་གྲས་གཅིག་བསྡུས་བྱས་པའི་རི་མོ་འབྲི་སྟངས་གསར་བ་ཞིག་གསར་གཏོད་བྱས་ཏེ་བྱིའུ་རིས་ཟེར་བ་ཞིག་བྱུང་བ་དང་། རྒྱལ་དབང་སྐུ་ཕྲེང་བདུན་པ་དང་དུས་མཚུངས་པའི་སི་ཏུ་པཎ་ཆེན་གྱིས་རྒྱ་ནག་གི་རི་མོ་འབྲི་སྟངས་སློབ་སྦྱོང་བྱས་ཏེ་མི་དང་སྲོག་ཆགས། ཡུལ་ལྗོངས། རི། བྲག ཤིང་། ཆུ། གནམ། རྩི་ཤིང་། ཁང་པ་སོགས་ཀྱི་འབྲི་སྟངས་སྤྱད་དེ་ཤཱཀྱ་མུ་ནེའི་ལོ་རྒྱུས་དང་མི་ལ་རས་པའི་ལོ་རྒྱུས། གནས་བརྟན་བཅུ་དྲུག་བཅས་བྲིས་པ་གཞིར་བཟུང་སྟེ་པར་དུ་བརྐོས་པའི་པར་ཤིང་སྡེ་དགེ་པར་ཁང་དུ་ད་ལྟའང་ཡོད་པར་བཤད་པ་དང་། དེ་ནས་རིམ་པ་བཞིན་དུ་རི་མོ་འབྲི་མཁས་པ་མང་དུ་བྱོན་མོད་སྔོན་སྲོལ་རྒྱུན་སྐྱོངས་བྱེད་པའི་ཕྱག་སྲོལ་ཙམ་ལས་སྔོན་མེད་གསར་གཏོད་བྱེད་པའི་བསམ་བློ་བ་ཞིག་དུས་ཡུན་རིང་མོ་ཞིག་གི་ནང་དུ་མ་བྱུང་བར་མངོན། དེ་ལས་ཀྱང་ལྷ་སྐུ་དང་རི་མོ་གང་ཞིག་ཡིན་ཡང་མཛེས་པའི་ཉམས་འདོན་ཅི་ཐུབ་བྱེད་པའི་ལུགས་སྲོལ་ཞིག་ལས་འདྲ་བའི་ཆ་འདོན་པའི་ལག་རྩལ་བག་ལ་ཞ་ཡོད་པར་གྱུར་པར་སེམས། ཡིན་ནའང་ལོ་རབས་བཅུ་བའི་ནང་དུ་བྱོན་པའི་རི་མོ་བ་ཨ་མདོ་བྱམས་པ་ཟེར་བ་ཞིག་བྱོན་པ་དེས་གནའ་བོའི་རི་མོ་ལ་དེང་རབས་རི་མོས་ཟུར་རྒྱན་ཏེ་གང་ཞིག་འབྲི་བར་བྱ་བའི་ཡུལ་དེ་ལ་དོན་དངོས་ཀྱི་ཆ་འོང་བར་བྱེད་པ་སྟེ་འདྲ་བའི་ཆ་བཏོན་ཡོད་པའི་འབྲི་ཚུལ་གསར་བ་ཞིག་གསར་གཏོད་བྱེད་མོད་སྲོལ་རྒྱུན་ལ་ཞེན་པ་ཨ་འཐས་སུ་སོང་བའི་རི་མོ་བ་དང་རིག་གནས་པ་མང་པོ་ཞིག་གིས་བོད་ཀྱི་རི་མོའི་འབྲི་རྒྱུན་གཏོར་བྱུང་ཞེས་འུར་མང་དུ་རྒྱབ་པ་རེད། སྤྱིར་བཤད་ན་འགྱུར་ལྡོག་མེད་པར་སོ་ན་གནས་པ་དེ་ལ་རྗེས་ལུས་ཟེར་ལ་དེ་ལས་རྒྱལ་དགོས་ན་སྙིགས་དོར་བཅུད་ལེན་བྱེད་དགོས་པས་སྲོལ་རྒྱུན་དང་ཕྱག་ལེན་ཡིན་ཞེས་འཐམ་ནས་མི་འདུག་པར་བསམ་བློ་ལ་འགྱུར་བ་གཏོང་དགོས། གང་ལྟར་ཨ་མདོ་བྱམས་པའི་ལུགས་དེ་ནི་བོད་ཕྱི་ཟུང་འབྲེལ་དང་གནའ་

དེང་ཟུང་འབྲེལ་གྱི་འབྲི་ཚུལ་ཁྱད་པར་བ་ཞིག་ཡིན་ལ་ཁོང་ནི་དུས་རབས་ཤིག་རི་མོ་བའི་སྣེ་ཁྲིད་པ་ལྟ་བུ་རུ་གྱུར་ཡོད་པས་ཁོང་གི་བྲིས་རྒྱུན་དེ་ལའང་བྱམས་ལུགས་ཞེས་པའི་མིང་འདི་མི་འདོགས་རང་ཐོག་རེད། དེའི་རྗེས་སུ་ལོ་རབས་དྲུག་བཅུ་བའི་ནང་དུ་བྱོན་པའི་རི་མོ་བ་མང་དུ་ཡོད་པ་ལས་རྡོ་རྗེ་དོན་གྲུབ་ལགས་ནི་འགྱུར་ལྡོག་དང་འཕེལ་རྒྱས་ལ་རྒྱབ་ཀྱིས་ཕྱོགས་ཏེ་ལག་རྗེས་ནང་དུ་རྐང་རྗེས་འཇོག་མཁན་ཞིག་མ་ཡིན་པར་སྔོན་རབས་པའི་བཅུད་བླངས་ཤིང་དེང་རབས་ཀྱིས་རྒྱན་སྤྲོས་ཏེ་རྡོར་ལུགས་ཞེས་པའི་སྔོན་མེད་ཀྱི་འབྲི་ཚུལ་གསར་བ་ཞིག་གསར་གཏོད་བྱས་པ་ལ་མོས་འདུན་ཡོད་པ་ཙམ་དུ་མ་ཟད་པར་ལག་ལེན་གྱི་ཁྲོད་དུ་འབུར་ཐོན་ཅན་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ལྷ་བྲིས་སོགས་མང་དུ་ཡོད་པ་ཞིག་ཡིན་ལ། ད་དུང་བོད་མདོ་དབུས་ཁམས་གསུམ་ན་ཅུང་དཀོན་གྲས་སུ་སོང་བའི་བཀའ་གདམས་པའི་འབྲི་ལུགས་ལ་མཁྱེན་དཔྱོད་མཁའ་ལྟར་ཡངས་པར་མ་ཟད་བོད་ཀྱི་ཀུན་འདུས་ཞལ་ཐང་ཆེན་མོའི་བཀའ་གདམས་པའི་སྐོར་གྱི་སྐྱ་ཐིགས་ཀྱང་ཁོང་གིས་རྒྱབ་པ་ལ་སོགས་པའི་རྩམས་ཆོས་མང་དུ་ཡོད་པ་དང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ལྷ་མོའི་བླ་མཚོ་རིག་གནས་སྒྱུ་རྩལ་གླིང་ཞེས་པའི་ཀུང་སི་གསར་འཛུགས་བྱས་ནས་དེང་གི་མཁས་པ་ཁོག་འཁྱོག་གི་རིགས་ལས་ལོག་སྟེ་སློབ་མ་མང་པོ་གསོ་སྐྱོང་བྱེད་བཞིན་ཡོད་པ་ནི་རྡོར་ལུགས་ཀྱི་གྲུབ་འབྲས་ངོམ་དུ་རུང་བ་ཞིག་ཡིན་པར་འདོད།

རྡོར་ལུགས་ཞེས་པ་ནི་གནའ་བོའི་སྲོལ་རྒྱུན་ལག་རྩལ་གྱི་བཅུད་བླངས་ཤིང་དེང་རབས་ཕྱི་ལུགས་རི་མོ་ཡིས་ཟུར་རྒྱན་པའི་གནའ་དེང་ཟུང་འབྲེལ་གྱི་འབྲི་ལུགས་ཁྱད་པར་བ་ཞིག་ཡིན་པར་མ་ཟད་བོད་ཀྱི་རི་མོ་འབྲི་བའི་ལུགས་སྲོལ་ཞིག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་སུ་རླབས་ཆེན་གྱི་མཛད་རྗེས་མི་དམན་པ་བཞག་ཡོད་པ་ཞིག་རེད།

རྡོར་ལུགས་ཞེས་པ་འདིས་བོད་ཀྱི་རི་མོའི་འབྲི་རྒྱུན་ལ་བཟོ་བཅོས་རྒྱབ་སྟེ་སྐྱ་ཐིག་དང་ཚོན་གང་ཐད་ནས་གནའ་དེང་གི་རི་མོ་མཁན་གྱི་པིར་རྩེ་ལས་མ་ཐོན་པའི་ཁྱད་ཆོས་མང་དུ་ཡོད་པ་གསར་གཏོད་བྱས་ཡོད་པར་མ་ཟད་ལྷ་སྐུ་སྤྱིའི་ཚོན་མདངས་ཀྱི་ཆ་ནས་དེ་ལས་ཀྱང་ཁྱད་ཆོས་འབུར་དུ་ཐོན་ཡོད་པས་མཐོང་བ་ཙམ་གྱིས་གསར་གཏོད་ཀྱི་རྣམ་པས་ཕྱུག་པ་ཤེས་ཐུབ། རྡོར་ལུགས་ལ་བསམ་བློ་དང་སྒྱུ་རྩལ་ཚོན་མདངས་ཉམས་འགྱུར་སོགས་ཕྱོགས་གང་ཅིའི་ཐད་ནས་གཞན་དང་མི་འདྲ་བའི་གསར་གཏོད་རང་བཞིན་གྱི་ཆ་མང་དུ་བདོག་སྟེ། རྡོར་ལུགས་ཀྱིས་ལྷ་ནི་མིར་བལྟ་བ་དང་ཞིང་བཀོད་ལ་སོགས་པའི་ཡུལ་ལྗོངས་ནི་དངོས་ཡོད་ཀྱི་ཡུལ་ལྗོངས་འདིར་བལྟ་བ་ལ་སོགས་པའི་ང་ཚོ་དང་བར་ཐག་རིང་དུ་མ་སོང་བར་རང་ག་བའི་མིག་གི་སྤྱོད་ཡུལ་དུ་གྱུར་ཡོད་པ་འདི་དག་ནི་ཁོང་གིས་པིར་ལ་བཤད་པའི་སློབ་གསོ་སྟེ་རྡོར་ལུགས་དང་པིར་གཉིས་ཀྱི་བར་ན་ཡོད་པའི་གསང་བའམ་རྩ་དོན་རེད། རྩ་དོན་འདིའི་སྟེང་ནས་གོམ་གང་མདུན་སྤོས་བྱས་ཏེ་མི་ལོ་མང་པོ་སོང་བའི་ད་ལྟ་མཐོང་ན་ཡིད་དགའ་བ་དང་གླེང་ན་རིན་ཐང་ཡོད་པ་ཞིག་ཏུ་གྱུར་ཡོད་པས། ང་ཚོས་རྡོར་ལུགས་དང་རྡོར་ལུགས་ཀྱི་པིར་གཉིས་ཀྱིས་རྩ་དོན་དུ་བཟུང་བའི་གསང་བ་དེ་ག་འདྲ་ཞིག་ཡིན་པ་བློ་ཡི་ནུས་ཚོད་ཀྱིས་ངོ་སྤྲོད་ཙམ་ཞུས་ན།

དང་པོ། ལྷ་སྐུ་ ཞིག་འབྲི་བའི་དུས་ན་བསམ་བློའི་ཆ་ནས་ལྷ་སྐུ་དེ་གཅེར་བུར་ཡོད་པའི་རྣམ་པ་འཛིན་དགོས་པ་དང་དེ་ནི་ལྷ་སྐུ་དེ་མི་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་བྱེད་ཀྱི་རྒྱུ་ཆ་ཨང་དང་པོར་འཇོག གཉིས་པ། ལྷ་སྐུའི་ཤ་ཚུགས་དང་ལྷུ་རེ་རེ་ཡི་བར་ཐག་སོགས་ནི་བཀའ་གདམས་པའི་ལུགས་ལྟར་བྲིས་ཡོད་པ་དང་དེ་ནི་ལྷ་སྐུ་དེ་མི་ཚད་ལྡན་ཞིག་གྲུབ་པར་བྱེད་པའི་འགྲོ་ལུགས་ཁྱད་པར་བ་ཞིག་དང་། གསུམ་པ། སྤྱིར་ཚོན་སྣ་ཆིག་ཁྲི་སུམ་སྟོང་ལྷག་ཡོད་པ་ལས་སྐབས་བབས་ཀྱི་རི་མོ་འབྲི་བའི་ཚོན་མདངས་དེ་སྡེབ་ཁ་གང་ལ་འཕྲོད་མིན་བརྟག་སྟེ་ཚོན་སྡེབས་སྟངས་ལ་དུས་ལྟར་ཆེས་ཆེར་གཟབ་ནན་བྱེད་པ་དང་དེ་ནི་ལྷ་སྐུའི་བཞིན་མདངས་དང་ཡུལ་ལྗོངས་སོགས་གང་ཡིན་ཡང་རང་རང་གི་ཉམས་དེ་དངོས་ཡོད་གནས་ཚུལ་ཇི་བཞིན་དུ་མཐོང་ཐུབ་པ་ཞིག་ལ་འགྱུར་བའི་རྒྱུ་གལ་ཆེན་ཞིག་དང་། བཞི་བ། ཡུལ་ལྗོངས་འབྲི་སྟངས་ནི་ཉེ་བ་མངོན་པའི་ཚུལ་དང་རིང་བ་མི་མངོན་པའི་ཚུལ་སོགས་ཕྱི་གླིང་བའི་ལུགས་ལྟར་དང་། ཡུལ་ལྗོངས་ཀྱི་ཚོན་མདངས་འོང་ཚུལ་ནི་གསལ་བ་ནས་མི་གསལ་བའི་ཚུལ་དུ་རིམ་བཞིན་འགྲོ་བའི་ཚུལ་ནི་སྒར་ལུགས་ལྟར་བྲིས་ཡོད་ལ་དེའང་ང་ཚོ་སྟེ་རང་ག་བ་དག་གི་མཐོང་ཚུལ་ལྟར་ཡིན་པས་མཐོང་བ་ཙམ་གྱིས་སོང་མྱོང་བའི་ས་ཆ་ཞིག་རེད་སྙམ་པའི་དངོས་ཡོད་ཡུལ་ལྗོངས་ཀྱི་ཚོར་བ་སྦྱིན་ཐུབ་པ་དང་། ལྔ་བ། གསེར་བྲིས་ནི་གསེར་གྱི་སྟོབས་ཚད་པ་དང་ཡང་ན་སེར་སྣ་བྱེད་པ་ལ་སོགས་པའི་སྐྱོན་དང་བྲལ་ཏེ་གང་མཁོ་གང་སྤྱོད་ཀྱི་ཚུལ་དུ་སྨན་ལུགས་ལྟར་བྲིས་ཡོད་པ་དང་དེ་ནི་རྗེ་བཙུན་བྱམས་མགོན་གྱིས། པགས་པ་གསེར་མདོག་པགས་པ་བཀབ་པ་དང་།། ཞེས་མཚན་བཟང་བོ་སུམ་བཅུ་རྩ་གཉིས་ཀྱི་གྲས་སུ་གསུངས་པ་ལྟར་སྐུ་མདོག་གསེར་མདངས་ཀྱི་ཉམས་ལ་ཁྱད་ཆོས་འབུར་དུ་ཐོན་ཐུབ་པ་དང་། དྲུག་པ། གོས་ཀྱི་འབབ་ལུགས་དང་ཉམས་སོགས་ནི་སྨན་གསར་གྱི་ལུགས་ལྟར་བྲིས་ཡོད་པ་དང་དེ་གོས་ཀྱི་རྒྱུ་སྤུས་དང་བསྟུན་ཏེ་འབབ་ལུགས་ལ་ཡང་ལྕི་ཡོད་པ་མཐོང་བ་དབང་ཤེས་ལ་མངོན་སུམ་དུ་སྣང་ཚུལ་ལྟར་ཡིན་པ་དང་། བདུན་པ། ཡུལ་ལྗོངས་དང་ལྷ་སྐུ་གང་ཡིན་ཡང་གཙོ་ཕལ་གྱི་ཁྱད་པར་ཕྱེ་སྟེ་གཙོ་བོ་དེ་མཐོང་བ་ཙམ་གྱིས་ཚུར་མངོན་པའི་ཚུལ་དང་། ཕལ་བ་ནི་དེ་ལྟར་མ་ཡིན་པར་མི་མངོན་པའི་ཚུལ་གྱིས་འབྲི་བའམ་ཡང་ན་གཙོ་བོ་གཅིག་པུ་ཁྱད་ཆོས་འབུར་ཐོན་ཅན་དུ་འབྲི་བ་ལས་ཕལ་བ་དག་མི་འབྲི་བ་སོགས་སྟབས་བདེ་ཡི་འབྲི་ཚུལ་ཁྱད་པར་བ་ཞིག་ཡིན་ལ། དེ་ནི་དེང་གི་རི་མོ་འབྲི་ལུགས་ཀྱི་དམིགས་བསལ་སྔོན་ཐོན་ཅན་ཞིག་ཡིན་པ་དང་། བརྒྱད་པ། མིག་གི་བཟོ་ལྟ་ལ་ལྷ་བཟོ་གཞན་ལས་ཁྱད་པར་ཅན་གྱི་གཟབ་ནན་བྱེད་ལ་དེ་ནི་སྤྱིར་བཤད་ནའང་འབྲི་བྱའི་ཡུལ་དེ་མཐོང་བ་ཙམ་གྱིས་མིག་མདངས་གསོན་པོ་ཞིག་གི་ཉམས་ཐོན་ཡོད་ཚེ་དེ་ནི་བྲིས་པ་ཙམ་ཞིག་ཏུ་མི་སྣང་བར་དཔར་མ་ལྟ་བུ་ཞིག་ཏུ་མཐོང་ལ་དེ་ནི་རྡོར་ལུགས་ཀྱི་ཆེས་ཕུལ་དུ་བྱུང་བའི་ཁྱད་ཆོས་ཤིག་ཡིན། དགུ་བ། ལྷ་སྐུ་དང་ཡུལ་ལྗོངས་སོགས་གང་ཡིན་ཡང་ཉམས་འདོན་པའི་ཚུལ་ལ་འདྲ་མིན་སྣ་ཚོགས་ཤིག་ཡོད་མོད། རྡོར་ལུགས་ཀྱིས་ལས་ཚེགས་དང་དུས་འགྱངས་སོགས་ཕལ་བར་བཟུང་སྟེ་གཙག་མདངས་ཀྱི་འབྲི་ཚུལ་ལ་བརྟེན་ནས་ཚོན་མདངས་ཀྱི་རིམ་པ་ལྟར་ཉམས་བཏོད་ཡོད་པ་ལ་སོགས་པའི་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་དུ་ཡོད་པ་ལས་བདག་གིས་འདིར་མཚོན་ཙམ་ཞིག་བཀོད་པ་ལས་ཡོད་ཚད་བརྗོད་ཀྱིས་ག་ལ་ལངས།འདས་པའི་ལོ་རྒྱུས་རིང་མོའི་ཁྲོད་དུ་བྱུང་བའི་རི་མོའི་སྒྱུ་རྩལ་གྱི་ཤིང་རྟའི་སྲོལ་འབྱེད་མཁན་པོ་དེ་དག་ཀྱང་འཕར་བ་རྗེ་འདེད་དང་གྲུམ་པ་མགོ་སྒུར་གྱི་ལོ་རྒྱུས་ལས་རིང་དུ་བརྒལ་ཏེ་མིག་གིས་རྒྱང་རིང་ལ་ལྟས་ནས་སེམས་པ་འཛམ་གླིང་ལ་ཕྱོགས་པ་ལ་སོགས་པའི་མཁྱེན་དཔྱོད་དང་སྤོབས་པ་ཟུང་འབྲེལ་གྱི་སྒོ་ནས་མིག་གིས་མཐོང་རྒྱུ་ཡོད་པ་དང་ལག་པས་རེག་རྒྱུ་ཡོད་པའི་མཛད་རྗེས་གཞལ་དུ་མེད་པ་བཞག་པ་སོགས་ཀྱི་དབང་གིས་སྙན་པའི་བ་དན་གྱི་ཆུ་རྒྱུན་རིང་མོ་དེ་རྒྱུན་མ་ཆད་པར་འོང་བ་ལོས་ཡིན།ཡིན་ནའང་སྔོན་ཐོན་གྱི་རིག་གནས་དང་ལག་ཤེས་མང་པོ་ཞིག་ད་ལྟ་ལོ་རྒྱུས་ཅན་དུ་འགྱུར་བཞིན་པའི་སྐབས་འདི་འདྲ་ཞིག་ལ་རྡོར་ལུགས་དང་རྡོར་ལུགས་ལྟ་བུའི་མིང་ལ་དོན་ཡོད་པ་དང་དོན་ལ་འབྲས་བུ་ཡོད་པའི་མི་འཇོན་ཐང་ཅན་དག་གིས་གནའ་དེང་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་པའི་ལུགས་གསར་བ་སྤེལ་ཏེ་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་གསར་བརྗེ་ཐེངས་གཅིག་བྱས་པ་ནི་ང་ཚོའི་སྒྱུ་རྩལ་རིག་གནས་དེ་འཛམ་གླིང་རང་བཞིན་ཅན་དུ་འགྱུར་བར་གོམ་གང་མདུན་སྤོས་བྱས་པ་ཡིན་པར་སེམས།ད་དུང་རྡོར་ལུགས་ཐང་ཀའི་སྲོལ་འབྱེད་པ་པོ་ཁོང་གིས་བོད་མི་རིགས་ཀྱི་གནའ་བོའི་སྲོལ་རྒྱུན་བཟང་བོ་མི་ཉམས་དར་སྤེལ་དང་སྔོན་མེད་གསར་གཏོད་བྱེད་པའི་ཐད་ལ་བྱས་རྗེས་མི་དམན་པ་བཞག་དང་འཇོག་བཞིན་པ་ལ་ང་ཚོས་གོང་བཀུར་དང་ཡི་རངས་བྱེད་དགོས་པའི་གནས་ཤིག་རེད་དེ།སྤྱི་ལོ་༡༩༩༦ལོར་སྡེ་དགེ་དཀོན་མཆོག་བཀྲ་ཤིས་དང་མཉམ་འབྲེལ་སྒོས་ཁྲིན་ཏུའུ་གྲོང་ཁྱེར་ནས་མདོ་ཁམས་ལྷ་རིས་གླིང་ཞེས་པ་གསར་འཛུགས་མཛད་དེ་བོད་ཀྱི་བྲིས་རྒྱུན་རི་མོ་གསུམ་གྱི་ཡ་གྱལ་ཀརྨ་སྒར་བྲིས་ཀྱི་རི་མོའི་རྒྱུན་བཟང་བོ་འཛིན་སྐྱོང་དང་དར་སྤེལ་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་པ་དང་།སྤྱི་ལོ་༡༩༩༨ལོར་ལྷ་སར་ཕེབས་ཏེ་ཐང་ཀའི་སྒྱུ་རྩལ་གླིང་ཞེས་པ་གསར་འཛུགས་མཛད་པ་དེ་ལ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་ལྷ་མོ་བླ་མཚོ་སྒྱུ་རྩལ་གླིང་ཞེས་པའི་མིང་བཏགས་པར་མ་ཟད་སྒྱུ་རྩལ་གླིང་དེ་ནས་ད་ལྟའི་བར་དུ་མདོ་དབུས་ཁམས་གསུམ་གྱི་ན་གཞོན་རི་མོ་བ་༤༠༠ལྷག་སྐྱེད་སྲིང་བྱས་པ་རེད།དེར་མ་ཟད་ད་དུང་ཁོང་གིས་བོད་ཁམས་ཀྱི་ལྷ་བྲིས་པ་མང་པོར་མཉམ་འབྲེལ་སྒོས་ལྷ་མོ་བླ་མཚོ་ཐང་ཀ་སྒྱུ་རྩལ་གླིང་གི་མ་འོངས་པའི་འཕེལ་རྒྱས་ཟེར་ནའང་ཆོག་བོད་ཀྱི་སྒྱུ་རྩལ་རིག་གནས་ཀྱི་འཕེལ་ཕྱོགས་ལ་ནུས་པ་མི་དམན་པ་བཞག་པར་མ་ཟད།ཀརྨ་སྒར་བྲིས་ཀྱི་རྒྱུད་འཛིན་པའི་མི་རབས་ཉེར་དགུ་བ་དང་བོད་ལྗོངས་ཀྱི་རིམ་པ་དང་པོའི་ལྷ་རིས་པ་བསྟན་དགའ་དང་མཉམ་འབྲེལ་སྒོས་བོད་ཀྱི་ཐང་ཀའི་འབྲི་རྒྱུན་ལ་འཕེལ་རྒྱས་ཀྱི་འགྱུར་བ་ཆེན་པོ་བཏང་སྟེ་རྡོར་ལུགས་ཞེས་པའི་འབྲི་རྒྱུན་གསར་བའི་ལུགས་དེ་ཉིད་ཀྱི་སྙན་པའི་བ་དན་བོད་མདོ་དབུས་ཁམས་གསུམ་དུ་གྲགས་པ་རེད།རྡོར་ལུགས་ཐང་ཀ་སྒྲོལ་མ་རིགས་ལྔ་ཞེས་པར་དམངས་སྒོར་ཁྲི་ཚོ་བརྒྱ་དང་དྲུག་ཅུ་རེ་བརྒྱད་བྱས་ཏེ་བཙོང་བ་དང་དེ་ནི་བོད་ཀྱི་ཐང་ཀ་གསར་བའི་རིན་གོང་དེ་ལོ་རྒྱུས་སྟེང་དུ་བྱུང་མ་མྱོང་བའི་ཟིན་ཐོ་གསར་བ་བཀོད་པ་རེད།སྤྱི་ལོ༢༠༡༢ལོར་མིང་དུ་གྲགས་པའི་སྙན་ངག་པ་དང་རྩོམ་པ་པོ་སྐུ་ཞབས་ཧུའུ་ཀྲུང་གིས་གཙོ་སྒྲིག་གི་འགན་བཞེས་ཏེ་གངས་ལྗོངས་རྡོར་ལུགས་ཐང་ཀ་སྤུས་ལེགས་ཞེས་པའི་རྡོར་ལུགས་ཐང་ཀའི་ལག་ལེན་དང་རིག་གཞུང་ཀུན་འདུས་ཀྱི་པོད་ཆེན་པོ་ཞིག་ཀྲུང་གོ་མི་རིགས་བརྙན་ལེན་སྒྱུ་རྩལ་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས་པ་དང་།སྤྱི་ལོ་༢༠༠༣ལོར་རྒྱལ་རོང་བྲག་སྟེང་ཚེ་དབང་དང་མཉམ་འབྲེལ་སྒོས་བོད་ལྗོངས་གཉན་ཆེན་ཐང་ལྷའི་འཁྲབ་སྟོན་གླིང་བཙུགས་ནས་ན་གཞོན་གླུ་བྲོའི་སྒྱུ་རྩལ་ལ་མོས་པ་ཡོད་པའི་ན་གཞོན་༣༠༠ལྷག་གསོ་སྐྱོང་བྱས་པ་དང་།གོང་རིམ་གྱི་ཆོག་མཆན་འོག་ནས་ཐོན་མིའི་གླིང་ཞེས་པའི་ཡུལ་སྐོར་གྱི་གྲོང་སྡེ་ཆེན་པོ་གསར་འཛུགས་མཛད་དེ་རོང་འབྲོག་གི་དཀའ་ཁག་ཅན་གྱི་མི་ལྔ་བརྒྱ་ལྷག་གི་འཚོ་བའི་དཀའ་ཁག་སེལ་བར་མ་ཟད་ཐོན་མིའི་བོད་སྤོས་ཞེས་པའི་བོད་སྤོས་བཟོ་གྲྭ་བཙུགས་ཏེ་ཐོན་མིའི་གནའ་སྤོས་ཀྱི་ལག་ལེན་མི་ཉམས་རྒྱུན་འཛིན་དར་སྤེལ་བྱེད་ཞོར་དུ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་རྣམ་གྲངས་ཀྱི་འགན་གཙོ་དང་འཆར་འགོད་པ་གཙོ་བོ།ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་ཧྭ་བོད་ཡིག་གསུངས་རབ་གཏེར་མཛོད་ཆེན་མོའི་བློ་འདྲི་ཡུལ།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མགྲོན་ཞུའི་སློབ་དཔོན།ཤམ་བྷ་ལའི་རིག་གནས་འགྲེམ་སྟོན་གླིང་གི་བློ་འདྲི་ཡུལ།ཀྲུང་གོའི་གེ་སར་སྟོང་ཐང་ཆེན་མོའི་རི་མོའི་སྒྱུ་རྩལ་གྱི་བློ་འདྲི་ཡུལ།ཀྲུང་གོའི་ཐང་ཀ་རིག་དངོས་འགྲེམ་སྟོན་ཁང་གསར་བཞེང་གི་བློ་འདྲི་ཡུལ།༢༠༡༠ལོར་བོད་ལྗོངས་ཐེངས་དང་པོའི་ཐང་ཀའི་སྒྱུ་རྩལ་འགྲན་ཚོགས་ཀྱི་ཞལ་འདེམས་པ་སོགས་ཀྱི་འགན་བཞེས་ཏེ་བོད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་དང་ལྷག་པར་དུ་ཐང་ཀའི་རིག་གནས་སྒྱུ་རྩལ་གོང་འཕེལ་དུ་གཏོང་བའི་ཕྱོགས་ལ་ནུས་པ་འདོན་དང་འདོན་བཞིན་ཡོད་ལ་དེ་ནི་ང་ཚོའི་གཟི་བརྗིད་ཅིག་ཅི་ལ་མིན།

བསྟོད།7

དཔྱད་མཆན་སྤེལ།