གླང་དར་མ་དཀར་འདོན་བྱེད་པ།

རྣོ་མིག

དཀར་ཆག

སྔོན་ཞུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༠༣
མི་དམངས་ནི་རྒྱ་མཚོ་ཡིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༠༣
བྱང་ཆུབ་སེམས་དཔའི་མིག་ནང་གི་མ་གྱུར་འགྲོ་བ་གླང་དར་མ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༠༧
དམེ་བོའི་མནོལ་གྲིབ་ཕོག་པའི་གླང་དར་མ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༦
བསྟན་པ་བསྣུབས་ཟེར་བ་ནི་ཅི་འདྲ་ཞིག་ཡིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༦
ཏུན་ཧོང་ཡིག་རྙིང་གསེབ་ཀྱི་ཁྲི་དར་མ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༡
ས་མོ་གླང་ལ་ཁེང་ལོག་བྱུང་།མེ་མོ་བྱ་ལ་བང་སོ་བྲུས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༤
རིག་པ་ཐོལ་སྐྱེས་ཀློང་གི་ཁྲི་དར་མ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༦
གཅིག བརྟན་ཞིང་བརླིང་བའི་རྒྱབ་གཟུགས་ཤིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༦
གཉིས། ཀྲོང་ངེར་འགྲེང་བའི་ཆབ་སྲིད་པ་ཞིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༤༢
གསུམ། སྐུ་རྐྱང་དུ་ལུས་པའི་རྒྱལ་གཅེས་པ་ཞིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༥༠
བཞི། སྐུ་སྲོག་གིས་བཏེགས་པའི་རྒྱལ་སྲིད་མཐོན་པོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༥༤
བཙན་གྱི་དབུ་རྨོག་དཀར་པོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༥༧

སྔོན་ཞུ།

སྐྱེས་ཕོ་ཤར་ཞིག་གི་འགྲོ་སྟངས་ལ་སྐད་ཆ་ཡག་བཙོག་གཉིས་ཀ་སྔོན་ལ་འཆད་དགོས་ཏེ།མི་སྐོར་ཞིག་གིས་ཉོན།ཡིན་ཡིན་མིན་མིན་ལ་དབུར་འཇོམས་གཏོང་གི་ཡིན།རིག་རིག་ཐུག་ཐུག་ལ་ཁ་རྡུང་གནང་གི་ཡིན་ཟེར་བའི་ཁྱོད་ཚོས།ད་ནས་བཟུང་སྡིག་ན་རིགས་པས་སྡིགས་ཤིག དམོད་ནའང་རིགས་པས་དམོད་ཅིག བསྟོད་ན་རིགས་པས་བསྟོད་ཅིག འཐད་ནའང་རིགས་པ་དྲོངས་ཤིག དེ་མིན་ཆེས་གཞི་རྩའི་ཀུན་སྤྱོད་ཀྱང་མེད་པར་ཅི་མ་ཡིན་ལ༼གད་སྙིགས༽དང༼རིག་གསར༽དང༼དམར་པོ༽སོགས་ཟེར་མ་ཡོང་།གལ་ཏེ་མཐའ་གཅིག་ཏུ༼གད་སྙིགས༽སོགས་ཟེར་འདོད་དེ་མིད་པའང་བརྣང་ལ་ཁད་དུ་ཡོང་ན།འདི་ལྟར་རྗོད་ཅིག ཁྱོད་ཀྱི་དེ་རིག་གཞུང་དེ་དང་འདི་སོགས་དང་འགལ་ཡོད་པ་མ་ཟད་དངོས་ཡོད་འཚོ་བའི་ནང་དུའང་དེ་དང་གན་སོགས་ལ་རྩ་བ་ནས་མཐུན་ཐབས་མེད།དེ་ལྟར་འཇོག་ན་འབྲས་རྟགས་གང་དང་གང་སོགས་འབྱུང་ངེས།གཞན་ཡང་རིགས་པས་སྒྲུབ་ནའང་ཁྱོད་ཀྱི་དེ་དང་དངོས་དོན་གན་གཉིས་མི་འགྲིག་སྟེ།འདོད་ན་འདི་ལྟར་བསྒྲེ་ཞིང་དེ་ལྟར་དཔོག་ན་ཁྱོད་ལ་རིགས་པ་མེད་པས་ཁྱོད་ཀྱི་བློ་ཐལ་བར་འགྱུར་རོ་སོགས་ཀྱི་སྔོན་རབས་མེས་པོའི་སྐབས་ནས་བརྒྱུད་ཅིང་ཡོངས་པའི་བཤད་སྟངས་དགག་སྟངས་འདི་ཅི་མི་འགྲིག་ཨང་།དེ་ཡིན་དུས་ན།དགག་སྒྲུབ་ཟེར་ཡ་དེའི་དགོས་པ་དང་དམིགས་ཡུལ་ཡང་དེ་ལྟ་བུའི་རིགས་པ་རྩུབ་བརྡར་གྱི་རྣམ་པ་བརྒྱུད་དེ་དགག་མཁན་སྒྲུབ་མཁན་གཉིས་ཀར་བློ་སྐྱེད་ཀྱི་ཕན་ཁེ་དང་རིགས་ལམ་གྱི་ཞབས་འདེགས་ཞུ་བ་དེ་ན་ཡོད།

མི་དམངས་ནི་རྒྱ་མཚོ་ཡིན།

ད་ནི་འཆད་བྱ་དངོས་ཏེ།རྩོམ་ཆོས་རྩོམ་པར་བྱའོ།།ང་ཚོ་བོད་མི་རྒན་དར་གཞོན་གསུམ་ཡིག་རྨོངས་ཡིན་མིན་གཉིས་ཀའི་བག་ཆགས་སམ་ངོས་འཛིན་སྟངས་ཐད་ལ་མཐུན་ཆ་ཉག་གཅིག་ཡོད་པ་ནི།བོད་ཀྱི་རྒྱལ་པོ་ཐོག་མ་སུ་ཡིན་མིན་དང་བོད་ཀྱི་རྒྱལ་པོ་ཟེར་བ་ཞིག་ཡོད་མེད་སོགས་མ་ཡིན།མ་ཟད་བོད་ནི་ནུབ་པར་གྱུར་བའི་བཙན་པོའི་རྒྱལ་ཁབ་ཅིག་ཡིན་པ་ཧ་གོ་ཡོད་མེད་དེ་སོགས་ཀྱང་མ་ཡིན།གང་ཡིན་ཟེར་ན།འཚོ་བའི་གོམས་སྲོལ་ཐད་ནས།གནའ་མི་བོད་ཀྱི་ཁ་དཔེར།བོད་གོང་བ་ཅན་དང་ཕྲེང་བ་ཅན།ཞེས་པའི་གྲགས་རྒྱུན་ལྟར།བོད་ནི་དམ་པ་ལྷ་ཆོས་ཀྱི་ཕ་ས་ཕ་ཡུལ་ཡིན་པ་དང་།བོད་ཀྱི་རིག་གནས་ནི་ཆོས་ལུགས་འདི་རང་ལས་མེད་པ།བོད་མི་ཡོད་དོ་ཅོག་ནི་ཆོས་ལུགས་པ་ཡིན་པ།ཆུང་ཆུང་ལོ་ངོ་བཞི་ལྔ་ཙམ་ནས་མ་ཎི་འདོན་ཤེས་པ་བྱེད་རྒྱུ་དང་།བུ་ཚ་དག་གྲྭ་བ་བྱེད་ཅིང་དེ་དག་ནི་མི་ཡ་རབས་སྤྱོད་བཟང་དང་ཁྱིམ་ཚང་ཡར་འགྲོ་རུ་ལྟ་ཞིང་།དེ་མིན་པ་དག་ནི་མ་རབས་ཐ་ཤལ་དང་མི་གྲལ་སྡེ་གྲལ་ལ་མི་ཐེ་བ་ཞིག་ཡིན།བུ་མོ་དག་ནི་ཐམ་ག་བརྒྱབ་པ་ལྟར་ཚེ་གང་ལས་དཀའ་ལས་ཏེ་འཁོར་བ་སྐྱོང་དགོས་ལ།ནག་པོ་ཚོ་ཞེས་བསེ་བཙོག་དམེ་བཙོག་གི་གཞི་མ་ལྟ་བུ་ཞིག་ཏུ་བརྩིས་ཏེ་མི་གྲལ་ཁྱི་གྲལ་གང་ལ་གཏོགས་པའང་མི་ངེས་པའི་ཚད་དུ་འཕེན་འགྲོ་གི་ཡོད།བོད་མི་ཡོད་དོ་ཅོག་ནི་ལག་ཆོས་བྱེད་ཕྲེང་བས་མཚན་པ།ཞལ་ངག་སྒོ་གཟུངས་ཡིག་ཆོ་གས་མཚན་པ་ཞིག་ཡིན་པ་དང་ཡིན་དགོས་པ་རེད།མ་ཡིན་ན་མི་ཆོག་པ་མི་ཐེ་བ་མི་བརྩི་བ་ཞིག་ཏུ་ཆགས་པའི་བསམ་ཚུལ་དེ་ཚེ་ཚེ་རབས་རབས་ཤིག་བརྒྱུད་དུས།ཀུན་གྱི་སེམས་ལ་དེ་ནི་ཀུན་སྤྱོད་དང་དེ་ནི་ཚད་གཞིར་འདོད་དེ་མ་བརྟག་ཉམས་དགའི་ངང་ཡིན་སྣང་གིས་དེ་འདྲ་རང་ཨེ་ཡོང་བལྟས་ཏེ་བསྡད་ཡོད་པ་དེ་རེད།མ་ཡོང་མཁན་དང་མ་འགྲིག་པ་དག་ནི་ལོག་ལྟ་ཅན་ཡིན་པ།བསྟན་བཤིག་མཁན་ཡིན་པ།དམ་ཉམས་པ་ཡིན་པ།ཞབས་འདྲེན་པ་ཡིན་པ།མཚང་བརྫད་མཁན་འབའ་ཞིག་ཡིན་པར་འདོད་པ་དེ་རེད།ད་དུང་ལོ་རྒྱུས་ཀྱི་དབང་དུ་བཏང་ན།བཙན་པོ་རིམ་བྱོན་དང་བློན་ཆེན་བྱས་པ་ཅན་ཉི་ཟླ་བསྟར་ལ་བསྒྲིགས་པ་ལྟ་བུ་དག་ལས།ཐུན་མོང་གིས་ཁ་ཤེས་ཁོག་ཤེས་ཤིག་ཡོད་ཡོད་འདྲ་བ་ནི་དཔེ་མཚོན་རང་བཞིན་གྱི་ལོ་རྒྱུས་མི་སྣ་གཉིས་ལས་མེད་ཟེར་ཆོག་ལ།ལོ་རྒྱུས་ཀྱི་ཀྱག་ཀྱོག་མང་བའི་བཞུད་ལམ་རིང་མོའི་དར་བ་དང་རྒུད་པའི་བྱུང་བ་མཐའ་ཡས་པ་དག་ལས་ཀྱང་ཐུན་མོང་གིས་འདོད་པའི་ལོ་རྒྱུས་རིགས་གཉིས་ཙམ་ལས་ཅང་ཤེས་ཀྱི་མེད།དེའང་གོང་གི་ནི་ལོ་རྒྱུས་མི་སྣ་དེ་གཉིས་ཀྱི་ལོ་རྒྱུས་ཡིན་པ་རེད།མི་དེ་གཉིས་ནི་སུ་དང་སུ་རེད་ཟེར་ན།གཅིག་ནི་བོད་རྒྱལ་བཙན་པོ་མཐའ་མ་ཁྲི་དར་མའམ་ཆོས་ལུགས་པའི་སྐད་དོད་ལྟར་ན་གླང་དར་མ་དང་།གཅིག་ནི་ཐུན་མོང་གི་སེམས་ངོས་སུ་གཟི་བརྗིད་ཀྱིས་འགྲེང་ཞིང་གཏད་དུ་ནུབ་པ་མེད་པའི་སྔགས་པའམ་གྲུབ་ཐོབ་བམ་མཁན་པོའམ་གང་སྟེ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་ཚེག་བར་དྲུག་གིས་གྲུབ་པའི་མིང་ཅན་ཞིག་ཡོད་པའི༼བྱས་རྗེས་ཅན༽དེ་གཉིས་རེད།མི་འདི་གཉིས་རྒན་མགོ་དཀར་མན་ཆད་དང་ཆུང་སོ་དཀར་ཡན་ཆད་ཀྱིས་གང་བྱུང་དུ་བཀོལ་ཤེས་འདྲེན་ཤེས་ཤིག་བྱུང་ཡོད།ངེད་ནས་བརྗོད་པར་བྱ་བའང་འདི་ཡིན།འོ་ན།མི་མང་གིས་མི་འདི་གཉིས་ངོ་ཤེས་སྟངས་སམ་ངོ་ཤེས་པའི་རྒྱུ་རྐྱེན་དང་ངོ་ཤེས་རྗེས་ཀྱི་སྟངས་འཛིན་བྱེད་སྟངས་སོགས་ཇི་ལྟར་ཡིན་ནམ་ཟེར་ན།མི་མིང་དེ་གཉིས་སོ་སོའི་བག་ཆགས་སུ་གྲུབ་པའི་རྒྱུའམ་རྐྱེན་གཅིག་གི་ཡོད།འོན་ཀྱང་སྟངས་འཛིན་བྱེད་སྟངས་སོགས་ནི་རྦད་དེ་མི་འདྲ་བ་མ་ཟད་གཏད་ནས་འདྲ་མི་སྲིད་པ་ཞིག་གི་ངང་དུ་ཡོད་དོ།།༼ངས་འདི་ནས་ཐུན་མོང་དང་མི་མང་ཞེས་འབྲི་བ་དང་བསྐྱར་ཟློས་མང་པོ་བྱེད་པའི་དགོས་པའམ་རྒྱུ་མཚན་ནི།བག་ཆགས་ཀྱི་དབང་གིས་ཡིག་རྨོངས་ཡིན་མིན་གཉིས་ཀའི་སེམས་ཀྱི་སྟངས་འཛིན་བྱེད་སྟངས་ལྟར་སྣང་བ་དེ་གསལ་བཤད་བྱེད་པའི་ཆེད་དུ་ཡིན།སྤྱིར་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་མི་འདྲ་བ་སོ་སོ།གནའ་མིའི་བཤད་རྒྱུན་མཐའ་དག་གིས་བཞག་པའི་བག་ཆགས་ཀྱི་རིགས་གྲངས་ཀ་ལོང་པ་ཞིག་ཡོད་ཀྱང་།འདིར་བཤད་པའི་བག་ཆགས་ནི་རིགས་གཅིག་སྟེ་རྒྱལ་པོ་ཁྲི་དར་མ་ནི་གླང་དར་མ་ཡིན་པར་འདོད་པའི་བག་ཆགས་དེ་ཉིད་བཤད་ཀྱི་ཡོད་པ་མཁྱེན་རོགས།༽

ཁྲི་དར་མ་ནི་འཇིག་རྟེན་པའམ་སྲིད་དོན་པ་ཞིག་རེད།ལྷ་ལུང་དཔལ་རྡོར་ནི་འཁོར་འདས་པའམ་ཆོས་ལུགས་མི་སྣ་ཞིག་རེད།དེས་ན་མི་རྒྱུས་མེད་ཅིག་གམ་བོད་མི་མ་ཡིན་པའི་མི་རིགས་གཞན་ཞིག་གིས་བལྟས་ན།བོད་མི་མང་ཐུན་མོང་གི་སེམས་སུ་སྔོན་བྱོན་མེས་པོ་ས་ཡ་འགའ་ལས་མི་འདི་གཉིས་ཙམ་ལས་ངེས་ཀྱི་མེད་པ་ནི་ཧ་ཅང་མཚར་སྣང་སྐྱེ་ས་ཞིག་ཡིན་རྒྱུ་རེད།མ་ཟད་མི་དེ་གཉིས་པོའང་ལས་རིགས་མི་འདྲ་བའི་མི་གཉིས་ཡིན་པ་དེས་ལྷག་ཏུ་ཁ་གདངས་མིག་ཅེར་ཞིང་སེམས་ཧང་བའི་གནས་ཤིག་ཏུ་བསྐྱལ་ཡོད་ཤག་ལ།པར་ཆས་དང་ཟིན་བྲིས་སོགས་ཁུར་ནས་ཆེད་དུ་རྡོག་ཐོན་ཏེ།ལ་ཉུལ་ལུང་ཉུལ་བརྒྱབ།ལ་འདྲི་ལུང་འདྲི་བྱེད་ཀྱང་སྲིད།འོན་ཀྱང་མི་རིགས་གཞན་པས་ཆེས་མཚར་སྣང་འཛིན་པའི་དོན་དག་དེ་རིགས་ང་ཚོ་བོད་མི་མང་ལ་ཆེས་རྒྱུན་ལྡན་ཞིག་ཡིན་པ་མ་ཟད།མཚར་སྣང་འཛིན་མཁན་དེ་ནི་ཆེས་རྒྱུན་ལྡན་མ་ཡིན་པ་ཞིག་དང་།ཆེས་རྩ་སྣ་མ་ཚང་བ་ཞིག་ཡིན་ལ།ལས་རྒྱུ་མེད་པའི་ལས་དཀའ་ཞིག་དང་དུས་ཚོད་འདའ་བྱེད་འབའ་ཞིག་ཡིན་ནོ།།དེའི་སྟབས་ཀྱིས་བོད་མི་མང་ཐུན་མོང་གི་སེམས་སུ་མེས་པོ་འདི་གཉིས་བག་ཆགས་སུ་གྲུབ་པར་གྱུར་པ་ལ་རྒྱུ་རྐྱེན་ནམ་རྒྱུ་མཚན་སྣ་གཅིག་ལས་འདྲེན་རྒྱུ་མེད།གང་ཡིན་ཟེར་ན་ད་དུང་མི་བཤད།

ཇི་ལྟར་མེས་པོ་འདི་གཉིས་མི་མང་གི་སེམས་ངོས་སུ་རྡོ་བརྐོས་རི་མོ་བཞིན་གྲུབ་པ་ཡིན་ནམ་ཟེར་ན།ཁོ་གཉིས་ཀྱིས་རྒྱག་རེས་རྡུང་རེས་བྱས་ཏེ་གྲུབ་པ་རེད།འོ་ན།དེ་འདྲ་མང་པ་ལ་ཟེར་ན་མི་འདྲ་སྟེ།གསོད་རེས་གཏུབ་རེས་བྱས་བཞག་པ་རེད།༼སྐབས་འདིའི་རེས་ཞེས་པ་ལོ་རྒྱུས་ལ་དེ་འདྲ་འབྱོར་མོ་རང་མི་འདུག་སྟབས་གཙོ་བོ་རྒྱག་དང་གསོད་སོགས་གོ་ན་ཆོག༽དེའང་ཨ་ཅང་ཅང་ཟེར་ན་ང་ཅག་རེ་ཞིག་ངག་འཕྱང་བར་འགྱུར་ཡང་།མནོ་བསམ་ཡུད་ཙམ་བཏང་སྟེ་ང་ཚོས་འདི་འདྲ་ཞིག་ལན་དུ་ཤར་ཤར་ལྡོན་ཆོག་སྟེ།ཆོས་ལུགས་མི་སྣ་དཀྱུས་མ་ཞིག་གིས་རྒྱལ་ཁབ་ཅིག་གི་རྒྱལ་བོ་བསད་པ་དེ་རང་དཔེ་མི་སྲིད་པ་ཞིག་དང་མ་རུང་བ་ཞིག་ཏུ་འདོད་དེ་མི་མང་ཧ་ལས་ཧང་སང་དུ་བཅུག་པས་མ་རེད།ཆོས་ལུགས་མི་སྣ་ལྷ་ལུང་གིས་རྒྱལ་སྲིད་རྒྱལ་པོ་ཁྲི་དར་མ་བསད་བཞག་པ་ནི་ལྟས་བཟང་པོ་ཞིག་དང་འོས་ཤིང་འཚམ་པ་ཞིག་དང་།དུས་སུ་བབ་པའི་སྦྲང་ཆར་ཞིག་ཏུ་གྱུར་བར་འདོད་དེ་དགའ་བ་དང་མགུ་བས་ལུས་སེམས་ཁྱབ་པར་གྱུར་བའི་ཟིལ་ཤུགས་ཀྱིས་རེད།ཨ་ཨ་ཡ་མཚན་རེད།དེ་འདྲ་དཔེ་མི་སྲིད།རྒྱུ་མཚན་དྲོངས་ཤོག་ཟེར་ན་ཞོལ་ལ་ལྟོས།

ཅིའི་ཕྱིར་མེས་པོ་འདི་གཉིས་མི་མང་གི་སེམས་ངོས་སུ་རྡོ་བརྐོས་རི་མོ་བཞིན་གྲུབ་པ་ཡིན་ནམ་ཟེར་ན།རིག་གནས་ལོ་རྒྱུས་དང་བོད་མིའི་འདུ་ཤེས་ཀྱི་རྒྱབ་ལྗོངས་སུ་གྱུར་རིག་གནས་དེ་ཐོག་མར་ངེས་དགོས།དེ་ངེས་ན་ལན་ཐེབ་སྟེ།གཞན་དུའང་བསྟན་ཟིན་ལ།མིས་རིག་གནས་བསྐྲུན་ཞིང་རིག་གནས་ཀྱིས་མི་ལ་འདུ་ཤེས་འདྲ་མིན་སྣ་ཚོགས་བསླངས་ཡོང་།དེའི་ཕྱིར་རིག་གནས་ཀྱི་མི་དེ་རིག་གནས་གང་དེའི་གྲིབ་མ་ཡིན་ལ་གཤེད་མའང་ཡིན།དེ་ལྟ་ན།ཨོག་ཚོམ་སྟུག་པོ་སྐྱེས་པའི་མི་རྒན་མིག་ལྗང་དེ་ཚོས།རིག་གནས་ཀྱི་མི་ལ་གྲིབ་མའི་རང་བཞིན་དང་གཤེད་མའི་རང་བཞིན་གཉིས་ཀ་ཆ་མཉམ་དུ་ཡོད་དགོས་པར་འདོད་ལ།དེ་ལྡན་པའི་མི་ལ་ད་གཟོད་གསར་བརྗེ་དང་ཡར་ཐོན་ཡོད་པར་སྨྲ།འོན་ཀྱང་ང་ཚོའི་རིག་གནས་ལོ་རྒྱུས་སྟེང་ཕྱི་རོལ་རིག་གནས་ཏེ་བོད་བརྒྱུད་ནང་བསྟན་སིམ་འཛུལ་བྱུང་སྟེ།བཙན་པོའི་རྒྱལ་རབས་འཇིག་པ་ལ་ཐག་མི་རིང་བའི་དུས་ག་ཤེད་ཅིག་ནས་རིག་གནས་ཀྱི་གྲིབ་མའི་རང་བཞིན་རྔམ་མཐུག་པོ་ཆགས་ཏེ་རིག་གནས་ཀྱི་གཤེད་མའི་རང་བཞིན་དེ་ཡེ་ནས་བསྒྲིབས་འཚག་པ་རེད།དེ་ཡིན་དུས་ན།ང་ཚོའི་གཤིས་ཀྱི་བླང་དོར་དང་དགག་སྒྲུབ་ཀྱི་རྣམ་དཔྱོད་དེ་ཞུགས་ལ་བཞེན་ཅིང་།མ་རིག་པ་དང་མ་བརྟག་པའི་ལྟར་སྣང་གི་འཁྲུལ་ཤེས་དེར་བླ་སྲོག་བསྩལ་ཏེ་ཡོད་ཚད་དབང་བསྒྱུར་དུ་བཅུག།སྐབས་དེ་ནས་བཟུང་བོད་མི་མང་རིག་གནས་གང་གི་གྲིབ་མར་གྱུར་རྐྱང་རང་བྱས་ཟེར་ན།ནང་བསྟན་ཆོས་ལུགས་ཀྱི་གྲིབ་མ་འབའ་ཞིག་ཏུ་གྱུར་བ་རེད།དཔེར་ན།ནང་བསྟན་གྱི་ལ་རྒྱ་ནི་རྒྱལ་ཁབ་ཀྱི་ལ་རྒྱ་ལས་ཀྱང་གཙིགས་ཆེ་བ།ནང་བསྟན་གྱི་དར་རྒུད་ནི་རྒྱལ་ཁབ་ཀྱི་དར་རྒུད་ལས་ཀྱང་འགངས་ཆེ་བ།ནང་བསྟན་གྱི་བླ་སྲོག་ནི་རྒྱལ་ཁབ་ཀྱི་བླ་སྲོག་ལས་ཀྱང་བླ་ན་འཕགས་པ།ནང་བསྟན་གྱི་བྱ་གཞག་ནི་རྒྱལ་ཁབ་ཀྱི་བྱ་གཞག་ལས་ཀྱང་གལ་ཆེ་བ།ནང་བསྟན་གྱིས་རྒྱལ་སྲིད་ཀྱི་གོ་ཡང་ཆོད་པས་གཅིག་གོ་གཉིས་ཆོད་ཀྱི་ནུས་པ་ཚད་མེད་ཅིག་ཡིན་པ་དང་།རྒྱལ་སྲིད་ཀྱིས་རྒྱལ་སྲིད་ལས་ནང་བསྟན་མི་འཁྱོང་སྟབས་གཅིག་གོ་གཅིག་ལས་མི་ཆོད་པའི་ནུས་མེད་ཚད་བཅས་ཤིག་ཡིན་པས།རྒྱལ་དོན་ནི་ཟུར་དོན་ཞིག་ཡིན་པ་དང་ཞོར་ལས་ཞིག་ཡིན་པར་འདོད་པ།ནང་བསྟན་གྱི་ཆེད་དུ་ལུས་སྲོག་གཏོང་ཕོད་ལ་བཏང་ན་རིན་ཐང་ཡང་ལྡན་པར་འདོད།རྒྱལ་ཁབ་ཀྱི་ཆེད་དུ་ལུས་སྲོག་གཏོང་མི་ཕོད་ལ་བཏང་ན་རིན་ཐང་ཡང་མེད་པར་འདོད།ནང་བསྟན་གྱི་ཆེད་དུ་མཐུན་སྒྲིལ་བརྟན་ཆགས་བྱེད་དགོས་ལ།རྒྱལ་ཁབ་ཀྱི་ཆེད་དུ་ཞེས་སོ་སོར་སྒྲིག་འཛུགས་མི་དགོས་པར་ཁ་ཐོར་དགུ་ཐོར་ཞིག་ཡིན་ཡང་མི་ཉེས།ནང་བསྟན་གྱི་དོན་དག་ནི་སྤྱི་དོན་ཡིན་ལ་རྒྱལ་ཁབ་ཀྱི་དོན་དག་ནི་སྒེར་དོན་ཡིན་པ།ནང་བསྟན་གྱི་དགྲ་བོ་ནི་སྤྱི་དགྲ་ཡིན་ལ་རྒྱལ་ཁབ་ཀྱི་དགྲ་བོ་ནི་སྒེར་དགྲ་ཡིན་པ།ནང་བསྟན་འཐོས་སུ་ཤོར་ན་སྡོམ་མི་དང་སྡོམ་ཐག་ཡོད་ལ།རྒྱལ་དོན་འཐོས་སུ་ཤོར་ན་སྡོམ་མི་ལ་རྒྱབ་དཔུང་མེད་པ་དང་སྡོམ་ཐག་ལ་ནུས་ཤུགས་མེད་པ།ནང་བསྟན་ཐད་ཀྱི་བྱས་པ་ཅན་གྱི་མི་ནི་ད་གཟོད་རླབས་ཆེན་དང་དཔའ་མཛངས་ལྡན་པར་བརྩི་ཆོག་ལ།ལས་ནི་རྣམ་དཀར་དགེ་བ་ཤ་སྟག་ཡིན་པ།རྒྱལ་དོན་ཐད་ཀྱི་བྱས་པ་ཅན་གྱི་མི་ནི་ཀླ་ཀློ་དང་ཉོན་མོངས་པར་བརྩི་བ་དང་ལས་ནི་ནག་ཕྱོགས་སྡིག་སྒྲིབ་ཏག་ཏག་ཡིན་པ།ཚེ་གཅིག་ལུས་གཅིག་ཏུ་ཆོས་ལུགས་དེས་མ་ཆོག་པ་དང་མི་མགུ་བ་དང་མི་འགྲུབ་པ་དང་མི་ཐུབ་པ་མེད་པས།དེ་དར་ན་ཚེ་འདི་སྐྱིད་ཕྱི་སྐྱིད་དང་དེ་ཉམས་ན་ཚེ་སྡུག་ཕྱི་སྡུག་ཡིན་པར་འདོད།ཡང་།བོད་ཀྱི་སྲིད་སྟེགས་སུ་ཆོས་ལུགས་པའི་སྟོབས་ཤུགས་སིམ་འཛུལ་ཧ་ལས་པ་བྱུང་སྟེ་འཇིག་རྟེན་མི་སྐྱ་དབང་འཛིན་པའི་དཔུང་ཤེད་དང་དབང་ཤུགས་ཉམ་དམས་སུ་ཕྱོགས་ཀྱི་ཡོད་པ་རྟོགས་ཤིང་།ཆོས་ལུགས་པར་དབང་ཆ་དང་གོ་གནས་དང་དཔལ་འབྱོར་སོགས་རྒྱ་ཆེན་པོ་ཐོབ་ཀྱི་ཡོད་པ་རྟོགས་ཏེ་ཁག་ཆོས་ལ་དཀྲིས་ཏེ་སེམས་གོ་ཐོབ་དང་རྒྱུ་ནོར་ལ་ཤོར་བའི་ལྐོག་གཡོ་བརྩམས་པ་ཡང་མང་པོ་ཡིན་ཤས་ཆེ་ལ།ལོ་རྒྱུས་ཀྱི་སྔ་ཕྱི་བལྟས་ཚེ།དེ་རིགས་ཀྱི་ཆོས་ལུགས་པ་ནི་མང་ཤོས་ཡིན་པར་སྣང་།

ཆོས་ལུགས་རིག་གནས་ཀྱི་སིམ་འཛུལ་དེའི་འཕྲོར་བྱུང་བའི་རིག་གནས་ཀྱི་གྲིབ་མ་འབའ་ཞིག་གཤིས་སུ་རྫོགས་བའི་མི་རབས་དེའི་འདོད་འདུན་གྱིས་ཚད་ངེས་ཅན་ཞིག་ནས་སྤྱི་ཚོགས་ཧྲིལ་བོར་ཁ་ལོ་སྒྱུར་ཐུབ་པའི་ཚད་དུ་བསླེབས་ཏེ།ཆོས་ལུགས་རིག་གནས་ཀྱིས་བོད་མི་མང་གི་ལུས་སེགས་གཉིས་ཀ་ཕྱི་ཟིན་ནང་ཟིན་ཞིག་དར་ཁྱབ་བྱུང་དུས།དེ་ལ་སྟོབས་ཤུགས་ཡོད་པར་གྱུར་ཅིང་།ཆོས་ལུགས་དེར་དགག་པ་རྒྱག་མཁན་དང་ཆོས་ལུགས་དེའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་མཁན་དག་ནི་སྐྱ་སེར་གཉིས་ཀས་བཟོད་པ་སྒོམ་མི་ཐུབ་པའི་ཚད་དུ་ཐོན་ཡོད།སྐྱ་སེར་དེ་དག་ཀྱང་འབངས་མི་དཀྱུས་མའི་རིགས་ཁོ་ན་མ་ཡིན་པར་སྐུ་དྲག་དཔོན་དྲག་དག་གི་ཁྲོད་ན་བརྟན་ཅག་གེར་གནས་ཡོད་སྟབས།རབ་བྱུང་བའི་སྔར་ཡོད་འཚོ་གཞིས་དང་དབང་ཆ་སོགས་ལ་ཁྲིམས་ལུགས་གསར་བ་བཟོ་མཁན་དང་ཐད་ཀར་ཐེ་གཏོགས་གནང་མཁན་དམའ་བེམ་པོའི་འོག་གི་སྤྲང་པོ་ཡིན་ན་སྨོས་ཅི་དགོས་ཏེ།མཐོ་གསེར་ཁྲི་ལ་བཞུགས་པའི་རྒྱལ་བོ་ཡིན་ཡང་བྲིག་ཆུང་སྤུ་སུ་ཙམ་ཡང་མི་གནང་བར་ངོ་གདོང་ལ་ཤར་སེ་ལངས་སྤོབས་པ་ཞིག་ཡིན་ས་རེད། དེ་ལྟ་བུའི་འདུ་ཤེས་ཤིག་གི་མངའ་འོག་གམ་ཁོར་ཡུག་ཅིག་ནས།གློ་བུར་དུ་དུས་འགྱུར་ཡ་མཚན་པ་ཞིག་བྱུང་སྟེ།ཆོས་བསྣུབས་སྐད་ཀྱི་རྒྱལ་པོ་ཁྲི་དར་མ་ནི་མི་མང་གི་སེམས་སུ་དགྲ་བོ་ལྟ་བུར་གྱུར་ཏེ།སྡང་སེམས་དང་འཁོན་སེམས་ཀྱིས་ཕ་ཚེ་བུ་རིང་ལ་བརྒྱུད་ཅིང་།ཁྲི་དར་མ་སྐུ་བཀྲོངས་པའི་ལྷ་ལུང་དཔལ་རྡོར་ནི་ཁོ་ཚོའི་སེམས་ཁོང་གི་རེ་བ་སྐོང་མཁན་དང་འདོད་མོས་སྒྲུབ་མཁན་གྱི་དཔའ་བོ་རུ་གྱུར་ཏེ།དད་གུས་དང་མཆོད་བསྟོད་ཀྱིས་མི་རབས་ནས་མི་རབས་སུ་སྦྲུམ་འོངས་པ་རེད།དེ་ལྟར་ལྷ་ལུང་དཔལ་རྡོར་གྱིས་ཁྲི་དར་མ་བཀྲོངས་པའི་དགོས་པ་དང་རྒྱུ་མཚན་ནི་ཉག་གཅིག་པོ་ནི་ཆོས་ལུགས་སྲུང་བའི་ཕྱིར་དུ་རེད་མ་གཏོགས་བོད་སྲུང་བས་ཕྱིར་དུ་མ་རེད།མི་མང་གིས་ཁོང་གཉིས་དེ་ལྟར་ངོ་ཤེས་རྗེས།མ་བརྟག་ཉམས་དགའི་ངང་ནས།གླང་དར་མ་ནི་བདུད་འདྲེ་ངོ་མ་སྟེ་དེའི་མིང་བཟུང་ཡང་རྣམ་རྟོག་ལངས་པ་དང་།ལྷ་ལུང་དཔལ་རྡོར་ནི་བྱང་ཆུབ་སེམས་པ་དངོས་ཏེ་འཕྲིན་བཅོལ་དང་བྱིན་རླབས་ཞུ་བ་སོགས་བྱེད་ཀྱི་ཡོད།ལྷ་ལུང་དཔལ་རྡོར་ནི་བོད་སྤྱི་བའི་འདོད་བློའི་ཚབ་མཚོན་དང་།གླང་དར་མ་ནི༼སྐུ་རྐྱང་དུ་ལུས་པའི་པཎ་ཆེན་རིན་པོ་ཆེ༽ལྟར་དུ་དཔུང་མེད།འབངས་མེད།འཁོར་མེད།ཞབས་འབྲང་མེད་པ་སྟེ།མེད་པ་ཙམ་ཡིན་ན་ཆོག་ཀྱང་།ཁ་ལས་མེད།མི་ཁ་བཙན།གཙུག་བཀུར་མེད།ཞྭ་མོ་བསྐོན།སྤྱི་དགྲར་འཛིན།བསྟན་བཤིག་ཟེར།འདྲེ་རྒན་བདུད་རྒན་སྨྲ།ཐེ་རང་དང་འགོང་བོ་ཟེར།གདོན་གསོལ་དང་རྨོངས་རྒན་ཟེར་ནས་དགའ་ཀྲོག་ཀྲོག་བྱེད་ཀྱིན་ཡོད་པ་འདི་ནི།ཨ་ཅག་བོད་པ་ཁྱོད་རང་ཨ་རེ་གླེན།

བྱང་ཆུབ་སེམས་དཔའི་མིག་ནང་གི་མ་གྱུར་འགྲོ་བ་གླང་དར་མ།

མཁར་རྨེའུ་བསམ་གཏན་རྒྱ་མཚོ་ལགས་ཀྱིས།རྒྱལ་བོ་ཁྲི་དར་མས་བསྟན་པ་བསྣུབས་ཞེས་བཤད་པའི་རྒྱལ་རབས་དང་ཆོས་འབྱུང་རྣམས་ཀྱི་ཁུངས་རྙིང་ཤོས་ནི༼སྦ་བཞེད༽ཡིན་ལ།དེ་ཡང༼སྦ་བཞེད་ཞབས་བཏགས་མ༽ཞེས་པ་ལས་འབྱུང་།ཞབས་བཏགས་མ་ཞེས་པ་འདི་དུས་རབས་བཅུ་གཅིག་པའི་མཇུག་ཏུ་བྲིས་པ་ཞིག་ཡིན་པ་ནི་དེའི་ནང་ལྷ་བླ་མ་ཡེ་ཤེས་འོད་དང་།ལྷ་བཙུན་བྱང་ཆུབ་འོད།ལོ་ཙཱ་བ་རིན་ཆེན་བཟང་བོ་གསུམ་གྱི་མིང་བྱུང་བ་མ་ཟད་དུས་འཁོར་གྱི་རྩིས་ཞེས་པའི་མིང་ཚིག་འབྱུང་བ་ལས་ཤེས་ཐུབ།དེར་བརྟེན་ལོ་རྒྱུས་འདི་ཡིག་ཆ་དང་ངག་རྒྱུན་རྙིང་བ་བཅས་ལ་བརྟེན་ནས་བྲིས་པ་ཡིན་ངེས་ཀྱང་བཙན་པོ་ཁྲི་དར་མ་འདས་ནས་ཕལ་ཆེར་ལོ་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་གྱི་རྗེས་སུ་བྲིས་པའི་ལོ་རྒྱུས་ཤིག་རེད།ཅེས་བཞེད་པ་ཤིན་ཏུ་བསྔགས་སོ།།ཏག་ཏག་ཁྲི་དར་མའི་སྐབས་སམ་དེའི་མན་ཙམ་ནས་བྱུང་བའི་བོད་ཀྱི་ལོ་རྒྱུས་རྙིང་ཤོས་སམ་ཕྱི་རབས་ལོ་རྒྱུས་སྨྲ་བ་མང་མང་གིས་མ་གྲོས་གཅིག་མཐུན་གྱིས་ཁུངས་གཏུགས་བྱེད་པའི་དེབ་ཐེར་གཅིག་ནི།༼དབའ་བཞེད༽དེ།ལོངས་ཁང་ཕུན་ཚོགས་རྡོ་རྗེས་བསྒྲིགས་པའི༼དབའ་བཞེད༽ཀྱི་དབུ་སྟོད་དུ།པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་བྲིས་པའི༼དབའ་བཞེད་མཚམས་སྦྱོར༽ཞིག་འདུག་པ་དེའི་ནང་།དབའ་བཞེད་ཅེས་པ་དེ་ནི།དབའ་བཞེད་ཀྱི་ཤོག་དྲིལ་དངོས་ཕབ་བཤུ་ཐོག་མར་མཛད་མཁན་དེས་བྲིས་པའི༼དཔེ་རྙིང་དབའ་བཞེད་འདི་བསྟན་པ་ཕྱི་དར་གྱི་དུས་འགོ་ཙམ་ལ་མ་ཕྱི་དག་པ་ཞིག་ལ་བཅོས་ཕྲན་བུ་ཤོར་བའི་ཡི་གེ་ཞིག་ཡིན་པར་སྣང་།ཞེས་དང་།ཡོངས་སུ་གྲགས་པའི་སྦ་བཞེད་དང་།སྦ་བཞེད་ཞབས་བཏགས་མ།རྦ་བཞེད་ལ་སོགས་པའི་ལོ་རྒྱུས་ཡིག་རྙིང་དེ་རིགས་ཀྱི་མ་ཕྱི་ལྟ་བུ་ཡིན༽ཞེས་འཁོད་འདུག་ལ།༼སྦ་བཞེད༽དང༼རྦ་བཞེད༽དང༼སྦ་བཞེད་ཞབས་བཏགས་མ༽སོགས་ནི།ཡང་པ་ཚབ་ལགས་ཀྱིས།༼དོན་དུ་སྦ་བཞེད་དང་།རྦ་བཞེད།སྦ་བཞེད་ཞབས་བཏགས་མ་ཞེས་པ་རྣམས་ནི་དུས་ཕྱིས་དབའ་བཞེད་ལ་བཅོས་ཤོར་བའི་གཏམ་རྒྱུད་གསར་པ་དང་།བསྟན་པ་ཕྱི་དར་དུས་སུ་བྱུང་བའི་ལོ་རྒྱུས་མང་པོ་ཞིག་གསར་སྣོན་བྱས་ཡོད་པའི་ཡིག་རིགས་ཤིག་རེད་འདུག༽ཅེས་བྲིས་ཡོད།དེ་ལྟར་ན།མཁར་རྨེའུ་ལགས་ཀྱི་དགོངས་པ་དང་གཅིག།པ་ཚབ་ལགས་ཀྱི་དགོངས་པ་དང་གཉིས།དུས་རབས་དགུ་བ་ནས་དུས་རབས་བཅོ་ལྔ་ཡས་མས་ཀྱི་ཆོས་འབྱུང་དེབ་ཐེར་རྣམས་སུ།སྦ་བཞེད་སོགས་ལས་མངོན་སུམ་དུ་ལུང་དྲངས་ཁུངས་འདྲེན་བྱས་པ་ཕལ་ཆེར་མི་སྣང་བ་དང་གསུམ་གྱི་ཐད་ནས་དཔྱད་བསྡུར་བྱས་ཚེ།དབའ་བཞེད་མ་ཡིན་པའི་སྦ་བཞེད་དེ་རིགས་ནི་དུས་རབས་བཅུ་གཅིག་པའམ་བཅུ་གཉིས་ཡས་མས་ཤིག་ནས་འགོ་བརྩམས་ཏེ་ས་སྐྱེས་རྡོ་སྐྱེས་བྱུང་བ་ཡིན་སྣང་།༼ལྡེའུ་ཆོས་འབྱུང༽སྟེ།དེ་ནི་དགེ་བཤེས་ལྡེའུས་དུས་རབས༡༢ནང་བརྩམས་པར་གྲགས།༼བུ་སྟོན་ཆོས་འབྱུང༽སྟེ།དུས་རབས༡༣ནས༡༤བར་ཙམ་དུ་བརྩམས་པར་འདོད།༼ཚལ་བའི་དེབ་དམར༽སྟེ།དེ་ནི་སྤྱི་ལོ༡༣༤༥ནས་འགོ་བརྩམས་ཏེ༡༣༦༣ལོར་ཡོངས་སུ་གྲུབ་སྐད།༼རྒྱ་བོད་ཡིག་ཚང་ཆེན་མོ༽སྟེ།དེ་ནི་སྟག་ཚང་དཔལ་འབྱོར་བཟང་བོས་སྤྱི་ལོ༡༤༣༤ལ་བརྩམས་གྲུབ་བྱུང་བར་བཞེད།༼འགོས་ལོའི་དེབ་སྔོན༽ཏེ།དེ་ནི་འགོས་ཁོང་ཉིད་དགུང་ལོ་གྱ་བཞི་བར་སོན་པའི་ལོ་སྟེ་སྤྱི་ལོ༡༤༧༦བརྩམས་གྲུབ་བྱུང་ཟེར།༼མཁས་པའི་དགའ་སྟོན༽ཏེ།དེ་ནི་སྤྱི་ལོ༡༥༤༨སྟེ་དཔའ་བོ་ཁོང་དགུང་ལོ་དྲུག་ཅུ་རེ་གཅིག་ལོན་པའི་སྟེང་གཞི་ནས་ལོ་ངོ་ཉེར་གཅིག་རིང་བྲིས་པའི་དེབ་ཐེར་ཆེན་པོ་དེ་ཡོངས་སུ་གྲུབ་ཞེས་གསལ།དེ་སོགས་ནི་ང་ཅག་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་ལོ་རྒྱུས་དཔེ་ཐོ༢༡༣༢(འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་བསྒྲིགས་པའི་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི༼བཙན་པོའི་རྒྱལ་རབས༽སྟོད་ཆ་ལས་དྲངས)ཙམ་ཡོད་སྐད་ལས་བྱིངས་ཀྱི་མགོ་དང་མིག་ལྟ་བུ་ཡིན་པར་འདོད་དེ།ཆུང་ས་ནས་བཤད་ན།ལོ་རྒྱུས་ཀྱི་ཆེས་དཀའ་ཁག་ཆེ་བའི་ཐད་དམ་བདེན་རྫུན་དབྱེ་འབྱེད་ཀྱི་ཉོག་དྲ་དེ་འདྲར་ཐུག་དུས།གོང་གི་དེབ་ཐེར་རྣམས་ལས་ལུང་དྲངས་ཏེ་སྟོང་ཆ་སྐོང་གི་ཡོད་པ་ནི་ཡོངས་ཁྱབ་ལྟ་བུ་རེད།

གཞན་གོང་གི་དེབ་ཐེར་རྙིང་བ་དག་གིས་ཕན་ཚུན་བརྟེན་རེས་སམ་ཕྱི་མ་ཕྱི་མས་སྔ་མ་སྔ་མ་དག་ལས་མངོན་སུམ་དུ་ལུང་དྲངས་ཏེ་སྒྲུབ་བྱེད་བཀོད་པ་ནི།ཤིན་ཏུ་མངོན་ཆུང་དུ་སྣང་ཡང་།གོང་གི་ལོ་རྒྱུས་སྨྲ་བ་བོ་ཡོད་ཚད་ནི་ཆོས་ལུགས་པའམ་དགེ་བཤེས་ཆེན་པོ་ཤ་སྟག་རེད་འདུག་ལ།ཁོང་རྣམ་པའི་ཟུངས་ཁྲག་གིས་བྲིས་བའི་དེབ་ཐེར་དག་ནི་རང་གི་ཁེ་ཕན་ཤ་སྟག་གཉེར་ཞིང་རང་གི་དད་མོས་འབའ་ཞིག་འཆད་སའི་སྟེགས་བུ་ལྟ་བུ་ཞིག་ཏུ་སོང་གཤིས།མཚམས་མཚམས་སུ།སོ་སོར་དོན་གཅིག་མིང་གི་རྣམ་གྲངས་སུ་སོང་བའི་ཐ་སྙད་མི་འདྲ་བ་རེ་ཡོད་པ་ལས་བརྗོད་བྱའམ་ནང་དོན་ནི་རྐྱ་གཅིག་ཏུ་དྲིལ་ཡོད།མ་ཟད་ལན་མང་པོར་ཡི་གེ་དང་ཐ་སྙད།ཚིག་ཀའི་རིང་ཐུང་།དུམ་ཚན་རིང་ཐུང་།ཤད་འཇོག་མཚམས།ཚིགས་སུ་གཅོད་མཚམས།ལེ་ཚན་བགར་སྟངས།ཕྲད་བཀོལ་སྟངས།བརྡ་ཆད་བཀོལ་སྟངས་ཚུན་ཆད་ནས་གཅིག་ནི་གཅིག་གི་བསྐྱར་པར་ལྟ་བུ་ཞིག་ཏུ་ཆགས་ཡོད་ས་མང་།

ཡིན་ན་ཡང་།མཁས་ཆེན་ཁོང་ཅག་གིས་བྲིས་པ་ནི་དོན་དངོས་དང་མཐུན་མིན་ནི།ཟུར་གཅིག་ཁོ་ནའམ་ཆོས་ལུགས་འབའ་ཞིག་གི་ཕྱོགས་སུ་འགྲེང་སྟེ་བྲིས་པའི་ཆོས་སྲིད་ལོ་རྒྱུས་ཡིན་པའི་ཆ་ནས་དང་།ཆོས་འབྱུང་ལོ་རྒྱུས་འབའ་ཞིག་ཡིན་ཡིན་འདྲ་བའི་སྐབས་མཐའ་དག་ཏུ་ཆོས་ལུགས་པའི་མིང་དོར་ཏེ།བོད་ཅེས་སྤྱི་མཚན་པའི་མིང་ནས་བོས་ཏེ་སྲིད་དོན་པའི་བདེ་སྡུག་ཀྱང་ནང་དུ་བཙན་ཚུགས་ཀྱིས་བཅུག་སྟེ།ཆོས་བགྱིས་པས་བོད་འབངས་བདེ་ཞིང་སྐྱིད་ལྟ་བུའི་འཆད་ལུགས་མང་དུ་འབྱུང་།གནད་དོན་དེའི་ཐོག་ནས་བསམས་ཚེ།ཆོས་ལུགས་པ་ཁོ་ཚོའི་ཆོས་འབྱུང་ལོ་རྒྱུས་དེ་དག་ཡིན་རྒྱུ་སྲིད་དོན་ལོ་རྒྱུས་གཙོ་བོ་ཡིན་དགོས་པ་འདྲ་མོད།གནད་མང་པོར་ཆོས་རྐྱང་རྐྱང་ལས་སྲིད་དོན་ལ་ཕྱོགས་རིས་དང་རྫུན་བཟོ་མང་པོས་བསླད་བརྒྱབ་འདུག་པའི་ཆ་ནས་ཁོ་ཚོའི་དེབ་ཐེར་དག་ལག་ཏུ་བཟུང་སྟེ་སྲིད་ཀྱི་བདེན་མཐའ་གསལ་ཆེད་དགག་སྒྲུབ་གཏོང་དགོས་ས་མང་དུ་འདུག་ལ།ང་ཚོས་ཁོང་ཅག་གི་ཆོས་འབྱུང་དེབ་ཐེར་དག་ནི་སྲིད་དོན་ལོ་རྒྱུས་ཙམ་དུ་བཟུང་སྟེ་དེའི་ཕྱོགས་ནས་གདེང་འཇོག་མི་གནང་ཁག་མེད་རེད།ཡང་མཁར་རྨེའུ་ལགས་ཀྱིས།འདིའི༼ཞབས་བཏགས་མ་ལ་གོ༽ནང་ཁྲི་དར་མས་བསྟན་པ་བསྣུབས་ཚུལ་བཤད་པ་ནི་ཕལ་ཆེར་གཏམ་རྒྱུད་ཀྱི་ཟོལ་ཙམ་དང་དོན་དངོས་ལ་དཔྱད་ཚེ་ཁས་ལེན་དཀའ་བའི་གནད་དོན་མང་པོ་འདུགདེར་བརྟེན་དེའི༼སྦ་བཞེད་ཞབས་བཏགས་མ༽ནང་རྒྱལ་པོ་ཁྲི་དར་མའི་སྐོར་གང་ཡོད་པ་དང་གནའ་རབས་ཡིག་ཆའི་ནང་གང་ཡོད་པ་གཉིས་ར་འཕྲོད་པ་ཤིན་ཏུ་དཀའ།༼ཞབས་བཏགས་མར༽བསྟན་པ་སྣུབ་ཚུལ་རགས་ཙམ་ལས་དེ་སྣུབ་དགོས་པའི་རྒྱུ་མཚན་གསལ་བོ་བཤད་མེད་ལ།དེ་མཚུངས་སུ་བོད་ལུང་པ་སྤྱི་དང་དེའི་སྐབས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་གནས་སྟངས་ནི་ཟུར་ཙམ་ཡང་བྲིས་མི་འདུག་ཅེས་དཔྱད་བརྗོད་སྤེལ་ཡོད་པ་དངོས་གནས་བདེན།སྦ་བཞེད་ཞབས་བཏགས་མ་སོགས་སུ།ཁྲི་དར་མས་བསྟན་པ་སྣུབ་དགོས་པའི་རྒྱུ་མཚན་དང་།སྐབས་དེའི་བོད་སྤྱིའི་གནས་བབ་ག་འདྲ་ཞིག་ཡིན་མིན།ཆབ་སྲིད་དང་རིག་གནས་དང་དཔལ་འབྱོར་སོགས་སོ་སོར་ཞིབ་ཆ་ལྡན་པའི་སྒོ་ནས་བྲིས་མེད་པ་མ་ཟད།ནམ་རྒྱུན་ཐང་སིན་བླ་མ་འདྲེ་སྲིན་གྱིས་བཟུང་སྟེ་རང་མགོ་མི་ཐོན་པར་སྤྲེའུ་མགོ་ཅན་ལ་འོ་བརྒྱལ་མང་པོ་གཏད་ཀྱི་ཡོད་པ་ལྟར།ལོ་རྒྱུས་ཀྱི་མགོ་མཇུག་བར་གསུམ་དུ།ཆོས་ལུགས་ལ་དར་རྒུད་དང་བར་ཆད་ཤ་སྟག་བྱུང་རབས་ཤིག་དང་།ཆོས་པར་ཕན་གདགས་མཁན་དག་ལ་བསྟོད་ཚོད་མ་ཟིན་པ་དང་ཆོས་འགོག་མཁན་དག་ལ་དམོད་ཚོད་མ་ཟིན་པར་བྲིས་འདུག་པ་ཚང་མས་མཐོང་ཆོས་སུ་ཡོད་པ་ལྟར།ཞབས་བཏགས་མའི་གཞུག་གི་དེབ་ཐེར་ལོ་རྒྱུས་ཡོད་ཚད་དུ།ཁྲི་དར་མའི་བསྟན་པ་སྣུབ་པའི་རྒྱུ་མཚན་ནི་ཞབས་བཏགས་མར་གསལ་བའི་རྨོངས་བཤད་དེའི་ཕན་ཆད་ནས་ཁ་ལྕེ་འགུལ་ནུས་ཀྱི་མེད།མ་ཟད་ཞབས་བཏགས་མ་རུ་དེ་ལྟར་མི་གསལ་བའི་དབང་གིས།དེའི་ཕན་ཆད་དུ་ལག་བསྲིངས་ཏེ་སྐབས་དེའི་བོད་ཀྱི་རྒྱལ་བློན་ཚོའི་གནས་སྟངས་དང་།མི་སེར་གྱི་འཚོ་བ་སོགས་སོ་སོར་ཕྱེས་ཏེ་བྲིས་པའི་ལོ་རྒྱུས་ཤིག་བྱིངས་ལ་མེད།མ་ཟད་མཁས་ཆེན་ཁོང་ཅག་གིས་ལོ་རྒྱུས་རྩོམ་སྐབས་གཞི་འཛིན་སའམ་ཁུངས་གཏུགས་ས་ནི་ལན་རེར་འུ་ཐུག་པ་ཞིག་ཡིན་པར་སྣང་སྟེ།དཔེར་ན།འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བུ་སྟོན་ལ་ཟུར་ཟ་འཕངས་ཏེ།༼བུ་སྟོན་རིན་པོ་ཆེས་རྒན་མོ་ཞིག་གི་ངག་གི་རྗེས་སུ་འབྲངས༽ཞེས་གསུངས་ཡོད་པ་ལྟར་ན།སྔོན་རབས་མེས་པོ་དམ་པར་གྲགས་པ་དག་གིས་མཚམས་མཚམས་སུ་ལོ་རྒྱུས་ཀྱི་བདེན་པ་དེ་ལྟར་སྒྲུབ་ཀྱི་ཡོད་ཚོད།

མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་ལས་ཁྲི་དར་མའི་སྐབས་ནི།རིག་བྱེད་གཏམ་རྒྱུད་ལྟ་བུའི་ལྷ་སྒྲུང་གིས་ཡོངས་སུ་ཟིན་ཏེ།ཤིན་ཏུ་ཁས་འཆེ་དཀའ་བ་ཞིག་ཡོད་པ་འདི་ལྟ་སྟེ།སྐྱེ་བ་གོང་མ་ལྷོ་ནུབ་སྲིན་པོའི་ཡུལ་ཡབ་སྲིན་པོ་མགོ་དགུ་བ།ཡུམ་སྲིན་པོ་ཟངས་མགྲིན་མོའི་བུ།སྲིན་པོ་སྤུན་གསུམ་སྐྱེས་ནས་ལྷོ་ནུབ་སྲིན་པོའི་ཡུལ་ཕུང་བར་བྱས།སྐྱེ་བ་དེའི་འོག་རོལ་དུ་རྒྱ་ནག་པོའི་བྲག་ཤེད་དུ་ཡབ་འགོང་བོ་ཤ་པེ་དང་།ཡུམ་འགོང་མོ་སྤྲ་སྤེའི་བུ་ཐེ་རང་སྤུན་གསུམ་དུ་སྐྱེས་ཏེ།ཕུ་ཆེ་བས་མུ་གེ་བཏང་།སད་སེར་ཕབ།འབྲིང་པོས་འཁྲུག་པ་བཏང་།ཆུང་ཤོས་ཀྱིས་མི་ནད་ཕྱུགས་ནད་བཏང་།རྒྱ་ནག་ཡུལ་ཕུང་པར་བྱས་སོ།།དེའི་འོག་ཏུ་བོད་ཡུལ་དུ་སེང་གེའི་མགོ་ཅན་གླང་དར་མ་དང་།བློན་པོ་ཐེ་རང་གི་སྤྲུལ་བ་སྤྲེ་མགོ་ཅན་སྦས་རྒྱལ་ཏོ་རེ་སྟག་སྣ་དང་།ཞང་བློན་ཁྲའི་མགོ་ཅན་སྣ་ནམ་རྒྱལ་མཚན་ཁྲི་གསུམ་རྗེ་སྟག་སྣང་གིས་ཆོས་བསྣུབས།ཞེས་དང་།དར་མ་ནི་སྔོན་གྱི་ཡབ་མེས་བཞིན་མ་སོང་།གནོན་སྦྱིན་དང་སྲིན་པོའི་སྤྲུལ་པར་སོང་བས་ཕུ་བོའི་རྒྱལ་ས་ཕྲོགས།ཞེས་སོགས་མཁས་པ་འཆུག་ན་འདོམ་གང་ཟེར་བ་ལྟར་ལབ་བརྡོལ་མང་པོ་སྨྲས་འདུག་ལ།ཞིབ་དུ་བསམས་ཚེ།དེའི་ཚིག་ཀའི་བཟོ་གང་ལ་བལྟས་ཀྱང་།དགེ་བཤེས་ལྡེའུ་དང་དེའི་ལུགས་དང་མཐུན་པའི་བརྗོད་ལུགས་སྐོར་ཞིག་འབྱུང་བའི་དེབ་ཐེར་དག་གིས།ཞབས་བཏགས་མའི་ནང་གི་ཁྲི་དར་མའི་གསུང་ཚིག་ཚུར་བླངས་ཏེ།ཟོལ་ཕྲན་པུ་བཅོས་ནས་ཁྲི་དར་མར་ངན་ཁ་དཀྲི་བྱེད་དུ་ཕར་སྦྱར་བ་ཞིག་ཡིན་པར་སྣང་མ་གཏོགས།ལྡེའུ་ཆོས་འབྱུང་གི་སྔོན་ནམ་ན་མཉམ་པའི་ཞབས་བཏགས་མ་སོགས་ཕྱི་མོའི་གཞུང་དུ་གླང་དར་མའི་སྐྱེ་བ་སྔ་ཕྱི་ནི་མི་འདུག་གོ།

གཞན་སྤྱི་ལོ༡༤༣༤རུ་བརྩམས་གྲུབ་བྱུང་བའི་རྒྱ་བོད་ཡིག་ཚང་ཆེན་མོ་རུ།ཁྲི་དར་མར་བསྟན་པ་བསྣུབས་ཏེ༼ལོ་དྲུག་ཅུ་རྩ་བརྒྱད་ཀྱི་བར་ལ།སྤྱིར་བོད་དང་།སྒོས་དབུས་གཙང་རུ་བཞིར།སངས་རྒྱས་ཀྱི་བསྟན་པའི་སྒྲ་མི་གྲགས་པ་བྱུང་སྟེ།་་་་་་གླང་དར་མ་ཡབ་སྲས་ནི།བོད་འབངས་ལ་བཀའ་དྲིན་ཤིན་ཏུ་ཆུང་ངོ་།༽ཞེས་འཁོད་འདུག་པ་ལ།སྤྱི་ལོ༡༤༧༦ཏུ་བརྩམས་གྲུབ་བྱུང་བའི་དེབ་ཐེར་སྔོན་པོ་རུ།གླང་དར་མས་བསྟན་པ་བསྣུབས་རྗེས།འོད་སྲུངས་དང་དཔལ་འཁོར་བཙན་གྱིས་ཀྱང་དཀོན་མཆོག་གསུམ་ལ་གུས་པར་བྱས་ཏེ།གཙུག་ལག་ཁང་རྩིག་པ་ལ་སོགས་པ་བྱས་སོ།།བསྟན་པ་སྤྱི་ལ་ཡང་གུས་པར་བྱས་པས།མངའ་བདག་རལ་བ་ཅན་ཡན་ཆོད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་ཀྱི་པུསྟི་རྣམས་ལེགས་པར་བསྲུངས།ཞེས་བྱུང་བ་ལྟར་ལོ་རྒྱུས་ཀྱི་སྤྱི་ཁོག་ལ་འགལ་བ་ཆེན་པོ་ཞིག་ཐོན་འདུག།དཔལ་འབྱོར་བཟང་པོ་ལྟར་ན།ཁྲི་དར་མས་བསྟན་པ་བསྣུབས་པའི་མཐོ་ཚད་བཤད་པ་རེད་ལ།འགོས་ལོ་ལྟར་ན།ཁྲི་དར་མས་བསྟན་པ་བསྣུབས་མ་ཐུབ་པ་མ་ཟད།བཙན་པོ་ཁོང་བཀྲོངས་མ་ཐག་ནས་ཆོས་ལུགས་ནི་རང་དབང་ལྡན་པའི་སྒོ་ནས་ས་དར་རྡོ་དར་ཞིག་ཡིན་པ་བཤད་པ་རེད།ངས་མཐོང་པའི་ལོ་རྒྱུས་དག་ལས་དཔལ་འབྱོར་བཟང་པོའི་འདོད་ལུགས་སྐོར་ཞིག་མཐོང་སོང་ལ།འགོས་ལོའི་འདོད་ལུགས་འཛིན་མཁན་ནི་འགོས་ལོའི་དེབ་སྔོན་རང་ལས་མ་མཐོང་ཡང་།ངོས་རང་འགོས་ལོའི་ལུགས་ལ་ཤིན་ཏུ་འཐད་དེ།ཁྲི་དར་མས་དེ་འདྲའི་གཏོར་བཤིག་ཆེན་པོ་ཞིག་བྱེད་མི་ནུས་པའི་རྒྱུ་མཚན་ནི་བསྟན་པ་བསྣུབས་ཞེས་པ་ནི་ཅི་འདྲ་ཞིག་ཡིན་ཞེས་པའི་ལེ་ཚན་སོགས་སུ་འཆད་དོ།།

རྒྱ་བོད་ཡིག་ཚང་ཆེན་མོ་དང་དེབ་དམར་སོགས་ཁ་གཅིག་གྲག་གིས།སྔར་ནུ་བོ་རྒྱལ་སྲིད་ལ་བསྐོས་པའི་སྙིང་ནད་ཀྱིས།བོད་དུ་སངས་རྒྱས་བསྟན་པ་སྣུབས།ཞེས་འཁོད་འདུག་ཀྱང་།དེ་ནི་དངོས་གནས་དྲང་གནས་ཆགས་སྡང་ཚ་བོའི་སྐད་ཆ་ཁོ་ན་སྟེ།རང་གི་འདོད་མོས་དང་མཐུན་པའི་ཁེ་ཕན་ལ་གནོད་འཚེ་ཕྲན་བུ་ཐེབས་པ་དེ་རང་གནག་སེམས་བཅངས་ཏེ།བསམ་བཞིན་ལོ་རྒྱུས་རྫུན་སྒྲིག་དང་སྐུར་འདེབས་ཀྱིས་བྲིས་པ་ཞིག་ཏུ་ཟད།སྤྱིར་བཏང་ཆོས་ལུགས་པ་ཚོར་རྫུན་བཤད་སྟངས་ཤིག་ལོབས་ཡོད་པ་ནི།ཉུང་ངུ་མང་པོ་དང་ཆུང་ངུ་ཆེན་པོ་རུ་གཏོང་བ་དེ་རེད་དེ།དཔེར་ན།བརྒྱ་ཕྲག་མང་པོ།སྟོང་ཕྲག་མང་པོ།ཁྲི་ཕྲག་མང་པོ།འབུམ་ཕྲག་མང་པོ་སོགས་ཀྱི་སྐད་ཆ་ལ་བརྟེན་ཏེ་སྒྲོ་འདོགས་དང་ཟིལ་ཤུགས་ངོམ་ནས་དངོས་དོན་དང་རིང་དུ་འགལ་འགྲོ་ཡི་ཡོད་པ་མང་།ད་དུང་ཅིག་ཅིག་ཅིག་གི་ལོ་ལ་གཏེར་དུ་སྦས།ཉིག་ཉིག་ཉིག་གིས་གཏེར་ནས་བཏོན་སོགས་གཏེར་ཡིག་སྦས་སྔོག་གི་རིམ་པ་དེ་རྫུན་ཕུང་འགེབ་བྱེད་ཀྱི་ཐབས་ཡག་པོ་ཞིག་རེད་མ་གཏོགས།དོན་དངོས་སུ་གཏེར་ནས་འདོན་མཁན་དེས་བརྩམས་པ་ཡིན་ལས་ཤིན་ཏུ་ཆེ།ང་ཚོས་བཀའ་ཐང་ལྡེ་ལྔ་དང་།པདྨ་བཀའ་ཐང་།བཀའ་ཆེམས་ཀ་འཁོལ་མ།མ་ཎི་བཀའ་འབུམ།ཐོན་མིས་གསུང་སྐད་ཀྱི་ཚིགས་བཅད་དེ་སོགས་ལ་དཔྱད་དགོས་འདུག་སྟེ།ཉོག་དྲ་བཟོ་པ་མིན་ཡང་།དཔྱད་ན་བདེན་པའི་རིན་ཐང་ནི་ལོས་ཡོད་འདོད།དེ་ནི་ཟུར་བཤད་ཙམ་ཡིན།གོང་དུ་མཐུད་ན།དེ་ཡིན་དུས།དགེ་བཤེས་ཁོང་ཅག་གིས་མཛད་པའི་ལོ་རྒྱུས་དེབ་ཐེར་རམ་ཆོས་འབྱུང་དེ་དག་ནི་དོན་དངོས་སུ།སྤྱི་ཡི་བགོ་སྐལ་དུ་གྱུར་བའི་ལོ་རྒྱུས་དེབ་ཐེར་ཞིག་གི་ཚད་ཐིག་ལས་ཟུར་ཏེ་ལོ་རྒྱུས་དཔྱད་བརྗོད་ལྟ་བུ་ཞིག་དང་།ཆོས་ལུགས་ཀྱི་ཁེ་ཕན་ངོས་ནས་བོད་ཀྱི་སྲིད་དོན་ལ་གདེང་འཇོག་བྱས་པའི་སྤྱིར་བཏང་གི་རྩོམ་ཡིག་ཙམ་དུ་འཁུམས་སོ།།

བུ་སྟོན་ཆོས་འབྱུང་དང་ལྡེའུ་ཆོས་འབྱུང་དག་ལྟར་དུ།ཁྲི་དར་མའི་བློན་པོ་སྦས་སྟག་སྣ་ཐེ་རང་གི་སྤྲུལ་བ་ཡིན་ན།རྒྱལ་ཚབ་དར་མ་རིན་ཆེན་ཡང་ཐེ་རང་གི་སྤྲུལ་བ་ཡིན་དགོས་ཏེ།རྒྱལ་ཁམས་པ་ཏཱ་ར་ན་ཐཱས་མཛད་པའི༼མྱང་ཆོས་འབྱུང༽དུ།བློན་པོ་སྦས་སྟག་པའི་རྒྱུད་དུ་སྐུ་འཁྲུངས་པའི་རྒྱལ་ཚབ་དར་མ་རིན་ཆེན་ཞེས་བྱུང་བ་ལྟར།སྡིག་བློན་ཐེ་རང་ཡིན་སྐད་ཀྱི་སྦས་སྟག་སྣ་དང་རྒྱལ་ཚབ་རྗེ་གཉིས་ཁྱིམ་རྒྱུད་གཅིག་ཡིན་འདུག་ནའང་།རྒྱལ་ཚབ་རྗེ་ལ་ཐེ་རང་གི་ཞད་ཅུང་ཟད་ཀྱང་མེད་པ་མ་ཟད།རྗེ་ཙོང་ཁ་བའི་ཐུགས་སྲས་གཙོ་བོ་གཉིས་ཀྱི་བགྲེས་པ་དེ་ཡིན་འདུག་ལ།རབ་བྱུང་བདུན་པའི་ས་ཕག་ལོ་ལ་དགའ་ལྡན་ཁྲི་པའི་གདན་རབས་དང་པོ་རུའང་གྱུར་སོང་བ་ངོ་མཚར་ཆེ།།

དེབ་ཐེར་སྔོན་པོ་རུ།འཇམ་དཔལ་རྩ་རྒྱུད་ལས་ལུང་དྲངས་ཏེ།ས་སྲུངས་དང་ནི་བ་གླང་དང་།།འོད་ལྡན་ཉིད་ནི་ཕྱི་མ་ཡིན།།ཐ་མལ་འཆར་རྒྱལ་ངང་ཚུལ་ཏེ།།ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན།།དེ་འོག་ལུགས་ནི་རྣམ་ཞིག་ཅིང་།།ཕྱི་རོལ་སྐྱེ་དགུས་ཉེ་བར་བསྐྱོད།།ཅེས་བྱུང་བ་སོགས་ལུང་རིགས་གཉི་ཀ་སྨོས་ཏེ་ཁྲི་དར་མའི་སྲིད་སྐྱོང་ལམ་ལུགས་ལ་མ་དགའ་བའི་ཤུགས་ཀྱིས་ཁྲི་དར་མ་ལ་ཞེ་སྡང་དང་སྡིག་དམོད་མང་པོ་གནང་ཡོད་པ་རེད།འོ་ན།ཁྲི་དར་མའི་སྐབས་ཀྱི་བཙན་པོ་དེ་ཁྲི་དར་མ་མ་ཡིན་པར་དཔའ་བོ་གཙུག་ལག་ཕྲེང་པ་ལྟ་བུ་དང་ཚལ་བ་ཀུན་དགའ་རྡོ་རྗེ་ལྟ་བུ།འགོས་ལོ་གཞོན་ནུ་དཔལ་ལྟ་བུ།ཉང་ཉི་མ་འོད་ཟེར་ལྟ་བུ།ཕུན་ཚོགས་ཚེ་རིང་ལྟ་བུ་སོགས་གང་རུང་ཞིག་སྐབས་དེའི་བཙན་པོ་ཡིན་རྒྱུ་ན།དེ་འདྲའི་སྤྱི་ཚོགས་འགལ་འདུ་ཅན་ཛ་དྲག་ཅན་ཞིག་གི་ཁ་གཏད་དུ་འགྲེང་དགོས་པ་བྱུང་དུས།འགྲེང་ཐུབ་པའི་སྙིང་སྟོབས་ཡོད་དམ་མེད།དེ་འདྲའི་འགལ་བ་རྣོ་ངར་ལྡན་པ་ཞིག་སྙོམ་སྒྲིག་བྱེད་པའི་བློ་རྒྱ་ཡོད་དམ་མེད།དེ་ནི་གནད་དོན་ཞིག་རེད།མ་ཟད།ཆོས་ལུགས་པའི་ཁེ་ཕན་སོགས་ལ་གནོད་འཚེ་ཐེབས་ཚེ་གཏོར་གཤེད་བསྔོ་བ་སོགས་ཀྱི་བཀའ་གཏད་མཐུ་སྔགས་བྱེད་ཆོག་ན།སྲིད་དོན་གྱི་ཁེ་ཕན་ལ་གནོད་འཚེ་ཐེབས་ཚེ་ཆོས་དང་ཆོས་པ་དག་བཀག་འགོག་དང་ཐེ་གཏོགས་བྱེད་མི་ཆོག་པའི་རྡོ་རྗེའི་གཏན་ཚིགས་ཞོག

གཞན་དུ་ན།དཔེ་རྙིང་རྒན་གྲས་འདི་དག་གི་ནང་ནས་ཀྱང་རྙིང་ཤོས༼སྦ་བཞེད་ཞབས་བཏགས་མའི༽ནང་།༼སྦ་བཞེད༽ཀྱི་ཁྲི་སྲོང་ལྡེ་བཙན་སྐུ་འདས་པའི་མཚམས་དེའི་ཁ་བསྐངས་ཏེ་མུ་ནེ་བཙན་པོ་ནས་བཟུང་སྟེ་བྲིས་ཡོད་ལ།དེའི་ནང་ཁྲི་དར་མའི་སྐབས་བརྗོད་པ་ནི།དངོས་གནས་མཁར་རྨེའུ་ལགས་ཀྱིས་བཞེད་པ་ལྟར།ཞབས་བཏགས་མའི་རྗེས་སུ་བྱུང་བའི་ཆོས་འབྱུང་དེབ་ཐེར་དག་གི་ཁུངས་གཏུགས་སའམ་བདེན་དཔང་བཅོལ་ས་ཉག་གཅིག་ཏུ་སོང་ཡོད་པ་འཁྲུལ་རྒྱུ་མེད།ཞབས་བཏགས་མ་སོགས་ཀྱི་རྩོམ་པ་པོ་ནི་སྦ་གསལ་སྣང་ཡིན་ཐབས་མེད་ཀྱང་གཞན་སུ་ཡིན་མིན་ནི་མི་གསལ་ཡང་།ང་ཚོས་བློས་དཔོག་ཐུབ་པ་ཞིག་ནི་ཆོས་ལུགས་པ་ཞིག་སྟེ་ཆོས་ལུགས་པའི་ནང་ནས་ཀྱང་ཆོས་ལུགས་པ་ཕྱོགས་རིས་ཅན་རྫུན་རྐྱལ་ཞིག་གིས་བྲིས་པ་ཡིན་པ་ནི་བརྒྱ་ཆ་བརྒྱ་ཐམ་པ་རེད།གོང་གི་དཔེ་རྙིང་དག་ཏུ་ཐད་ཀར་སྦ་བཞེད་ཞབས་བཏགས་མ་སོགས་ལས་དྲངས་ཞེས་མི་གསལ་མོད།འབྲི་སྟངས་དང་བརྗོད་བྱ་ཡོངས་སུ་གཅིག་མཚུངས་སུ་སོང་ཡོད་སྟབས།ང་ཚོས་འདི་འདྲ་ཞིག་མི་ཟེར་ཐུ་མེད་ལགས་ཏེ།ཞབས་བཏགས་མའི་གཞུག་གི་དེབ་ཐེར་རྙིང་གྲས་དག་ཞབས་བཏགས་མར་བརྟེན་ནས་སྐྱེས་ཤིང་།ཞབས་བཏགས་མར་བརྟེན་ཏེ་སྐྱེས་པའི་དེབ་ཐེར་རྙིང་བ་དག་ལ་བརྟེན་ཏེ་ཉེ་དིང་གི་ཆོས་འབྱུང་དེབ་ཐེར་མང་པོ་བྱུང་ངོ་ཞེས་སྨོས་ན་ཅི་འགལ་སྙམ།དེ་ལྟར་གཅིག་ལ་གཅིག་བརྟེན་གྱིས་བྱུང་ཞིང་འབྱུང་བ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཡིན་རུང་།དེའི་ཞན་ཆ་ཉག་གཅིག་ནི་ལོ་རྒྱུས་ཀྱི་བདེན་པ་དང་དངོས་བྱུང་གནས་ཚུལ་ལ་བློ་གཟུ་བོར་གནས་ཏེ་བལྟ་མི་ཐུབ་པར།གཅིག་གིས་གཅིག་ལ་ཆེ་མཐོང་བྱས་ཏེ་ཟེར་སྒྲོས་རྒུམ་ཞིང་།གཅིག་གིས་གཅིག་གི་རྗེས་སུ་འབྲངས་ཏེ་ལད་ཟློས་བྱས་པ་དང་།གཅིག་འཕྲོར་གཅིག་སྙེག་གིས་ཕྱོགས་སུ་ལྷུང་ཞིང་རིས་སུ་ཆད་དེ་དམ་ཆོས་འབའ་ཞིག་གི་དར་རྒུད་དང་བྱུང་འཕེལ་རྐྱང་རྐྱང་བྲིས་ཏེ་བོད་བཙན་པོའི་རྒྱལ་ཁབ་ཀྱི་སྲིད་དོན་ནི་ཟུར་བཤད་དང་འཕྲོས་བཤད་ཙམ་དུ་བཞག་འདུག་པ་དང་།བཙན་པོ་སོ་སོའི་སྐབས་ཀྱི་གནས་ཚུལ་དངོས་དང་ཡིག་རྙིང་སོགས་ལ་གཞི་མ་བཅོལ་བར་བསླད་མ་སྐྱོན་ཅན་དག་གི་རྗེས་སུ་སྙེག་སྟེ་ལོ་རྒྱུས་རྫུན་བཟོ་བྱས་འདུག་པ་དེ་རེད།དཔེར་ན།པ་ཚབ་ལགས་ཀྱིས་བཞེད་པ་ལྟར།དབའ་བཞེད་དངོས་མ་རུ།མེས་སྲོང་བཙན་བསྒམ༼སྒམ༽པོ༼ས༽ནི་དམ་པའི་ཆོས་མཛད་པའི་སྲོལ་དེ་ཙམ་ཞིག་བཏོད་དོ།།ཞེས་པའི་ཚིག་དུམ་ཞིག་འབྱུང་།་་་་་་སྦ་བཞེད་སོགས་སུ་དེ་ཙམ་ཞིག་བཏོད་དོ།།ཞེས་པའི་དེ་ཙམ་ཞིག་ཅེས་པ་དོར་འདུག་པས་རྒྱུ་མཚན་ཡང་ཚིག་དུམ་དེས་བསྟན་པའི་ལོ་རྒྱུས་དང་།དབའ་བཞེད་ལ་བཟོ་བཅོས་བྱེད་མཁན་ཚོའི་ཞེ་འདོད་གཉིས་མ་མཐུན་པའི་རྐྱེན་གྱིས་ཡིན་པར་སེམས།ཞེས་པ་ཧ་ཅང་གིས་བདེན་པ་ལྟ་བུ་ཞིག་འདུག་པ་མ་ཟད།༼དབའ་བཞེད༽དུ་བཙན་པོ་ཁྲི་སྲོང་བཙན་ཞེས་གསལ་བ་ལ་གཞུག་ཏུ་བྱུང་བའི་ཆོས་འབྱུང་ལོ་རྒྱུས་སོགས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་བཅོས་ཏེ།སྲིད་རྒྱལ་སྲོང་བཙན་ཡིན་དགོས་པ་བསྒྲིབས་འདུག་པ་དང་།ད་དུང་ཞབས་བཏགས་མ་སོགས་སུ།ཁྲི་དར་མས་བསྟན་པ་བསྣུབས་སྒང་།༼མེས་སྲོང་བཙན་སྟོང་ཞལ་སྤྲུལ་བ་འདུག༽ཅེས༼གོང་མའི་ན་བཟའ་གསར་བ༽ལྟར་རྫུན་བཟོ་བྱས་པ་ནི་མང་པོ་རེད།དབའ་བཞེད་ལས་བྱུང་བའི་དངོས་ཡོད་དང་ཐག་ཉེ་བའི་ཚིག་རིས་རྣམས་ཀྱི་ཟོལ་བཅོས་ཏེ་གཞུག་ཏུ་དེའི་རྗེས་ཤུལ་ཙམ་ཡང་མེད་པར་བྱས་པ་མ་ཟད།རབ་བཏགས་དང་སྒྲོ་འདོགས་མང་པོས་དངོས་དོན་རྦད་དེ་བསྒྲིབས་སོང་བ་ཞིག་ཡིན་སྣང་།དེའི་སྐྱེད་འབྲས་ནི།དིང་རབས་ང་ཅག་གི་སྐབས་སུ་སྨིན་གྱི་ཡོད་པ་འདི་སྟེ།བོད་རང་གི་བཙན་པོའི་ལོ་རྒྱུས་ཇི་མ་ཇི་བཞིན་ཞིག་ཤེས་ཐུབ་ཀྱི་མེད་པ་འདིའོ།།

གོང་གི་ཆོས་འབྱུང་དེབ་ཐེར་རྙིང་བ་དག་དང་རྒྱལ་དབང་ལྔ་བའི་དེབ་ཐེར་སོགས་མང་པོའི་ནང་།འདི༼རལ་བ་ཅན༽ཡན་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་དང་།ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཟེར་ཞེས་སྨོས་ཏེ།གཞུག་གི་ཁྲི་དར་མ་ནི་བོད་ཆེན་པོའི་སྐྱིད་སྡུག་གི་ནང་ནས་གནས་དབྱུང་བཏང་ཞིང་ཡུལ་སྤྱུགས་བཏང་འདུག་པ་ཤུགས་བསྟན་དེས་རྟོགས་ནུས་ལ།གཞུག་གི་ཁྲི་དར་མའི་སྐབས་ནི་སྡུག་བསྔལ་ཆེན་པོའི་དུས་རབས་དང་འབྱུང་བ་གོ་ལྡོག་གི་ངན་ངན་ཐུ་ཐུ་བྱུང་བའི་རྒྱལ་རབས་ཤིག་ཡིན་པ་ནི་ངེས་དོན་གྱི་ཚུལ་གྱིས་བརྗོད་ཡོད།ཡང་མཁས་དབང་ཆེན་མོ་དུང་དཀར་ཚང་དང་ནམ་མཁའི་ནོར་བུ་སོགས་གཟུར་གནས་དག་ཀྱང་།ཁྲི་དར་མའི་ལོ་རྒྱུས་འབྲི་སྐབས་ཆོས་ལུགས་ཀྱིས་བཀུག་སྟེ་རང་གི་རྐང་བ་གཉིས་པོའི་སྟེང་དུ་བརྟན་ཅག་གེར་བརྗིད་ཤུགས་གེར་འགྲེང་མ་ཐུབ་པའི་ཕྱོགས་མཐོང་རྒྱུ་འདུག་ལ།དེ་གཉིས་ལས་ཀྱང་ནམ་མཁའི་ནོར་བུ་ལགས་ཅུང་ཐུ།གལ་ཏེ་མཁས་པ་རྣམ་གཉིས་ནི་ཆོས་ལུགས་ཀྱི་ལ་རྒྱ་བཟུང་སྟེ་མཚན་སྙན་རྒྱས་མྱོང་ཞིང་།ཆོས་ལུགས་དང་ལུས་སེམས་ཡོངས་སུ་འདྲེས་པའི་བླ་མ་སྤྲུལ་སྐུ་དེ་འདྲ་མིན་ཚེ།བཙན་པོ་ཁྲི་དར་མའི་ཐད།ཆོས་ལུགས་པ་ལོ་རྒྱུས་སྨྲ་བ་བོ་དག་གི་བཞེད་སྟངས་ཀྱི་དབང་དུ་མི་འགྲོ་བ་མ་ཟད།ཆོས་ལུགས་པའི་གདེང་འཇོག་བྱེད་སྟངས་དེ་འདྲ་ལ་དགག་སྒྲུབ་གཏོང་ངེས་རེད་སྙམ་བྱུང་།རྒྱུ་མཚན་ནི་ཆོས་ལུགས་པས་ཆོས་ལུགས་ཀྱི་དམིགས་ཡུལ་དང་ཁེ་ཕན་གྱི་ཆེད་དུ་བསམ་སྟེ་ཆོས་མ་ཡིན་པའི་བྱ་བ་མཐའ་དག་ལ་ཁ་རྡུང་གཏོང་བ་དང་བཀག་འགོག་གནང་གི་རེད་ལ།ཆོས་ལུགས་ཡུན་རིང་དུ་གནས་རྒྱུ་དང་།དེ་གནས་པའི་ངང་ཚུལ་ཡང་དར་ཞིང་རྒྱས་པ་ཞིག་ཡིན་པའི་ཆེད་དུ་བསམ་སྟེ།ཆོས་ལ་འཚེ་བའི་བསམ་སྦྱོར་ཡོད་ཚད་ལ་ཁ་རྡུང་གཏོང་བ་དང་བཀག་འགོག་གནང་གི་རེད།ཆོས་ཉིད་དང་རང་གཤིས་རྨ་མེད་པ་འདི་མི་སོ་སོར་ལྷན་སྐྱེས་སུ་མངའ་བ་ཞིག་རེད།སྲིད་དོན་པས་ཆབ་སྲིད་སྲ་བརྟན་དང་རྒྱལ་ཁབ་སྟོབས་ལྡན་ཞིག་འོང་བའི་ཆེད་དུ་བསམ་སྟེ་སྲིད་དོན་ལ་མི་མཐུན་ཞིང་ཆབ་སྲིད་བསམ་བློ་སོགས་ལ་གནོད་པ་ཐེབས་སྲིད་པའི་ཆོས་ལུགས་ལ་ཁ་རྡུང་དང་བཀག་འགོག་གནང་བ་སོགས་ཚང་མ་འདྲ།འོན་ཀྱང་སྐབས་མང་པོ་སྔོན་བྱོན་མེས་པོ་དམ་པ་ཚོ་སྟེ་ཆོས་ལུགས་པ་ས་གྲགས་རྡོ་གྲགས་སྐོར་ཞིག་གི་མཚན་ནས་སྨོས་ཏེ་ལ་ཁྱེར་ལུང་ཁྱེར་གྱིས་དགག་སྒྲུབ་གཏོང་དགོས་འབྱུང་གིན་འདུག་པའི་རྒྱུ་མཚན་ནི།ཆོས་སྲིད་ཟུང་འབྲེལ་ཞེས་པ་ལན་ཏེ།ཆོས་ལུགས་པས་སྲིད་ཀྱང་འཛིན་རྒྱུ་ཡིན་ཞེས་བྱས་ཏེ་ཆོས་དང་སྲིད་གཉིས་ལག་པ་གཡས་གཡོན་གཉིས་ཀར་བཟུང་སྟེ་བསྐྱངས་འོངས་དུས།སྲིད་དོན་སྒྲུབ་དགོས་པའི་ཆོས་པ་ཚོ་མཐའ་མར་ཆོས་རྐྱང་རྐྱང་གི་དབང་དུ་སོང་ཆེས་ཏེ་སྲིད་བརྗེད་པར་མ་ཟད།སྲིད་ལ་དངོས་ཤུགས་གང་རུང་གིས་དགག་པ་མང་པོ་བརྒྱབ་སྟེ།སྲིད་དོན་འཛིན་ཤ་སྟག་གི་སྐྱེས་ཕོ་མང་པོ་ཞིག་ལ་སྲིད་དོན་འཛིན་མི་རུང་བའི་བག་ཆགས་བཞག་པའི་ནག་ཉེས་ཀྱིས།ད་ཚོད་སྲིད་སྟེགས་ཀྱི་སྐད་ཆ་མང་པོའི་སྐབས་སུ་ཁོང་རྣམ་པའི་རྣ་བ་གཡོན་པ་ཐེངས་མང་པོ་ཚ་རུ་མི་འཇུག་ཐབས་མེད་དུ་ཆགས་ཡོད་པ་རེད།

ལོ་རྒྱུས་འབྲི་རྒྱུ་ནི། ཉེན་ཁ་ཅན་གྱི་ལས་ཀ་ཞིག་ཡིན་པ་རེད། དེ་ལ་སྙིང་སྟོབས་དང་། གདོང་མཆོང་གི་སྤོབས་པ་མངའ་དགོས་ཤིང་།བདེན་དོན་གྱི་ཆེད་དུ་གཞན་ལ་ཕོག་ཐུག་གཏོང་ནུས་པ་ཞིག་དང་།གཟུ་བོར་གནས་ཤིང་ཟེར་སྒྲོས་ལ་ཆ་འཇོག་མེད་པ་ཞིག་ཡིན་དགོས།དཔྱོད་ཤེས་ཀྱིས་ཕྱུག་ཅིང་བློ་ཁོག་ཡངས་པ།ཕྱོགས་ལྷུང་དང་དད་མོས་ཀྱི་དབང་དུ་མི་འཆོར་བ་ཞིག་ཡིན་དགོས་པ་རེད།བོད་ཀྱི་ལོ་རྒྱུས་ཡིན་ན།ཆོས་མེད་ཐབས་མེད་པ་བདེན་མོད།བོད་ཀྱི་ལོ་རྒྱུས་ཡིན་པའི་ཆ་ནས་དེའི་ཆབ་སྲིད་ཀྱི་དར་རྒུད་གཙོ་བོར་བརྗོད་དེ།ཕྱོགས་ལྷུང་དང་ཆགས་སྡང་གི་མགོ་བོ་མནན་ནས་དེར་དྲང་ཐད་ཀྱིས་ཞིབ་འཇུག་བྱ་རྒྱུ་ནི་གལ་ཆེ་ཡང་།ང་ཅག་གི་ལོ་རྒྱུས་དེབ་ཐེར་ཡོད་ཚད་ཆོས་རང་དར་རྒུད་བྱུང་བའི་ལོ་རྒྱུས་རྐྱང་བས་མགོ་མཇུག་རྫོགས་ཏེ།སྲིད་དོན་ལོ་རྒྱུས་ནི་འཕྲོས་བཤད་ཙམ་དང་ཟུར་ཞུ་ཙམ་དུ་བཞག་ཡོད་ལ།༼བོན་སྒྲུང་ལྡེའུ་གསུམ་གྱིས་སྲིད་བསྐྱངས་ཚུལ་དང་བོད་ཀྱི་སྤྱི་ཚོགས་འཕེལ་རིམ་གླེང་བ་གཟི་མིག་དགུ་བའི༽རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས།སྤྱིར་ད་ལྟའི་ལོ་རྒྱུས་རིག་པ་ལྟར་ན་སྤྱི་ཚོགས་དར་རྒྱས་སོང་མིན་གྱི་ཚད་དེ་ཐོན་སྐྱེད་ནུས་ཤུགས་དར་མིན་དང་བགོ་བཤའ་དོ་མཉམ་མིན་གྱིས་འཇོག་ནའང་།གནའ་རབས་བོད་ཀྱི་སྤྱི་ཚོགས་བྱུང་འཕེལ་གྱི་ལོ་རྒྱུས་སྨྲ་བ་བོ་རྣམས་ཀྱིས་ཆོས་ལུགས་དར་མིན་གྱིས་སྤྱི་ཚོགས་ལ་གདེང་འཇོག་བྱས་པ་དང་།ཞེས་བརྗོད་ཡོད་ལ།ལོ་རྒྱུས་གཡུ་ཕྲེང་གི་འགོ་བརྗོད་དུའང་།དེ་རྗེས་བོད་སིལ་བུའི་དུས་རབས་སོགས་མི་ལོ་བརྒྱ་ཕྲག་འགའ་ཞིག་གི་ལོ་རྒྱུས་ཀྱང་དམ་པའི་ཆོས་ཀྱི་འབྱུང་ཚུལ་ཞིབ་ཅིང་རྒྱས་པར་གསལ་བ་ལས།འཇིག་རྟེན་མི་ཆོས་ཀྱི་བྱུང་རབས་སམ་སྤྱི་ཚོགས་ཀྱི་ལོ་རྒྱུས་དངོས་ནི་ཆོས་འབྱུང་སྣ་ཚོགས་དང་།དུས་རབས་སོ་སའི་བླ་མ་མང་པོའི་རྣམ་ཐར་གྱི་ཁྲོད་དུ་ཆ་ཤས་ཐར་ཐོར་དང་།ཡང་ན་ཤུགས་བསྟན་གྱི་མཚོན་ཚུལ་དམ་དུམ་ཙམ་ལས་མི་གསལ་བ་ལས་མ་ལག་ཆ་ཚང་བའི་ཡིག་རིགས་གང་དུའང་ཤིན་ཏུ་རྙེད་དཀའ་བ།ཞེས་མཁས་དབང་རྣམ་ཁ་གཉིས་ཀྱིས་ཡིད་སེམས་སྐྱོ་སྐྱོ་གནང་བཞིན་བྲིས་འདུག་པ་ལྟར།དུས་རབས་ཉི་ཤུ་བའི་རྗེས་སུ་སྐྱེས་པའི་མི་སྐྱ་ལོ་རྒྱུ་སྨྲ་བོ་དག་གིས་ཀྱང་ཆོས་ལུགས་པའི་བྲིས་པའི་ལོ་རྒྱུས་དག་དང་རིགས་འདྲ་ཨ་ན་མ་ན་ཞིག་ལས་ཟེར་མི་ཐུབ་པ་ཆགས་ཡོད།མ་ཟད་དེ་དག་དང་རིགས་མི་འདྲ་བའི་སོ་སོ་ཞིག་བརྩམས་ཚེ་དེ་ནི་རྫུན་བཟོ་དང་འཁྱོག་བརྗོད་བྱས་པའི་ལོ་རྒྱུས་དེབ་ཐེར་ཞིག་ཡིན་སྣང་གི་བག་ཆགས་སྐྱེད་བཞག་ཡོད་པ་རེད།

མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་ལགས་ནི།འདི་ལྟའི་བསླད་མ་སྐྱོན་ཅན་དང་ཕྱོགས་རིས་འཐེན་འཁྱེར།མ་བརྟག་ཉམས་དགའི་དབང་དུ་ཤོར་དྲགས་པའི་ཆོས་འབྱུང་དག་ལ་ཡིད་སེམས་གཏིང་ནས་སུན་ཞིང་།རང་གིས་མཛད་པའི་དེབ་དཀར་ནི་དེ་དག་དང་མི་འདྲ་བར་ངོམས་རི་བ་ཞིག་ཡིན་པའི་ཐད་ལ་གདེང་སྤོབས་ཆེན་པོས་འདི་སྐད་གསུངས་ཡོད་དེ།ཕྱོགས་ལྷུང་ཞེན་པས་དམར་པོ་མ་བྱས་ཤིང་།།ངོ་བསྲུང་ཚིག་གིས་སྔོན་པོ་མ་བྱས་ལ།།ཕྱིས་བྱུང་གཏམ་གྱིས་སེར་པོ་མ་བྱས་པ།།དེ་ཕྱིར་འདི་ནི་དེབ་ཐེར་དཀར་པོ་ཡིན།།ཞེས་སོགས་གསུངས་པའི་ཚིགས་བཅད་དག་འདོན་ཐེངས་རེར་མགུ་བ་དང་བདེན་པ་དང་གུས་པ་དང་འཕངས་པའི་མིག་ཆུ་འཐོར་འོངས་སྤྱད་ཅིག་འདུག་ལ།བོད་ཀྱི་ཆོས་བློན་དྲག་བློན་དེ་དག་ལ་བསམ་བློའི་གོ་རྟོགས་ཨེན་ཙམ་ཡོད་རྒྱུ་ནས།མཁས་དབང་ཁོང་གིས།མང་སྲོང་མང་བཙན་ནས་རིམ་བཞིན་ལོ་རྒྱུས་བྲིས་ཏེ་བཙན་པོ་ཁྲི་དར་མའི་སྐབས་སོགས་ནི།ནམ་ལངས་འདྲ་ས་རུབ་འདྲ་ཞིག་བརྩམས་ཏེ་ང་ཅག་གི་མིག་ལམ་དུ་འོད་ཡུག་ཡུག་གིས་བཀླག་བྱ་ཕུལ་ཡོད་ངེས་ལ།ང་ཅག་གི་བློ་ལ་ཤིན་སྦྱངས་ཐོབ་པའི་དཔྱད་གཞི་ཁུངས་འཕེར་པོ་ཞིག་གསལ་ཐང་ཐང་གིས་བརྡལ་ཡོད་པའང་ངེས་ཅན་ཡིན།དེ་བཞིན།དོ་ཞག་ང་ཚོས་ཆོས་ལུགས་པའི་ངོས་ནས་ཕྱོགས་སུ་མི་ལྷུང་རིས་སུ་མི་ཆད་པའི་གཟུར་གནས་ཆེན་པོ་ཞིག་གདམ་དགོས་ཚེ།དུས་རབས་ཉི་ཤུ་བའི་སྐབས་ཀྱི་དགེ་འདུན་ཆོས་འཕེལ་དང་།དུས་རབས་ཉེར་གཅིག་པའི་གོང་ས་མཆོག་གཉིས་ལས་མཆོག་ཅིག་མི་རྙེད།

དམེ་བོའི་མནོལ་གྲིབ་ཕོག་པའི་གླང་དར་མ།

ཆོས་ལུགས་པ་དཔའ་བོ་གཙུག་ལག་ཕྲེང་བའི༼ཆོས་འབྱུང་མཁས་པའི་དགའ་སྟོན[༡༥༦༤ལོར་མཛད]༽༼ཕ་རྒན༽བྱས་ཏེ༼བཙས༽པའི་དིང་རབས་ཀྱི་ལོ་རྒྱུས་དེབ་ཐེར་བྱིངས་ཀྱི་ནང་དུ།དེ་ནས་བོད་ཡུལ་འགྲོ་བའི་བསོད་ནམས་ནི།།སོས་ཀའི་ཆབ་རོམ་བཞིན་དུ་ཞུ་ཞིང་གཏོགས།།བདུད་ཀྱི་བྲན་གྱུར་བློན་པོ་དུ་མ་བྱུང་།།དགེ་བཅུའི་ཆོས་ཀྱི་ཁྲིམས་ཀྱིས་སྐྱོ་གྱུར་ཏེ།།ཆོས་ཁྲིམས་གཞིག་པར་ལྐོག་ཏུ་བགྲོས་ནས་ནི།།ལོག་པའི་ཐབས་དང་སྙན་ཕྲ་གསོལ་བ་ཡིས།།ཞེས་དང་།དར་མ་ཨུ་དུམ་བཙན་ལ་རྒྱལ་སྲིད་གཏད།།ལོ་གཉིས་དུས་ནས་ཐུགས་སུ་གདོན་གསོལ་ཏེ།།སངས་རྒྱས་བསྟན་པ་མ་ལུས་འཇིག་པར་བརྩམས།།ཞེས་དང་།ར་སའི་སྒོ་སྲུང་ཕྱག་རྡོག་གཞིག་པའི་ཕྱིར།།མགུལ་ལ་ཐག་པ་བཏགས་པས་འདོགས་མཁན་དེ།།ཁྲག་བསྐྱུགས་གུམ་པས་སྐྲག་སྟེ་འཇིག་འཕྲོ་བཅད།།་་་བསམ་ཡས་གཞིག་ཕྱིར་མཆོད་རྟེན་ཆུང་ངུ་ཞིག།བཤིག་པའི་མོད་ལ་ཐོག་བབ་འཇིག་མཁན་ཤི།སྐྲག་སྟེ་ལྷག་མ་མ་བཤིག་ལུས་པར་གྱུར།།ཞེས་དང་།སྒྲུབ་པ་མཛད་པ་ལྷ་ལུང་དཔལ་རྡོར་གྱིས།།སྙིང་རྗེ་ཆེན་པོས་བྱང་ཆུབ་ཐུགས་བསྐྱེད་དེ།།རྒྱལ་པོ་ངན་འགྲོའི་གནས་ལས་ལྡོག་ཕྱིར་དང་།།དམ་ཆོས་ལྷག་པ་གནས་པར་བྱ་བའི་ཕྱིར།།བདུད་ཀྱི་ཆས་ཞུགས་རྒྱལ་པོ་མཚོན་གྱིས་བཀུམ།།ལྷ་ཡི་ཆས་ཞུགས་བྲོས་པ་མ་ཟིན་སྟེ།།ཐ་དད་མཐོང་སྣང་སྤྲུལ་བ་རེ་རེ་བྱུང་།།ཞེས་པ་སོགས་ཚིགས་བཅད་ཀྱི་ལམ་ནས་ཇི་བཞིན་མ་བཤུས་པ་མ་གཏོགས།ཚིག་ལྷུག་ཏུ་ཕབ་སྟེ་ནང་དོན་འདི་རང་བྲིས་ཡོད་པ་འཁྲུལ་རྒྱུ་མེད།གཞན་རྒྱ་གར་བ་པདྨ་འབྱུང་གནས་ཟེར་བའི་སྔགས་པའམ་གྲུབ་ཐོབ་དེས་མ་འོངས་ལུང་བསྟན་པར་གྲགས་པའི༼བཀའ་ཐང་ལྡེ་ལྔ[དུས་རབས་བརྒྱད་པ་སྟེ་ཁྲི་སྲོང་ལྡེ་བཙན་སྐབས་སུ་མཛད་སྐད་ཀྱང་དཔྱད་དགོས་སོ]༽༼ཕ་རྒན༽བྱས་ཏེ༼བཙས༽པའི་ལོ་རྒྱུས་དེབ་ཐེར་དག་ཏུའང་།སུམ་ཅུ་སོ་དྲུག་བྱ་ལོ་ལ།།གཅུང་བོ་དར་མས་ལན་ཁར་བཀྲོངས་དེ་ནི་སྡིག་སྤྱོད་རྒྱལ་པོ་ཡིན།།སངས་རྒྱས་བསྟན་པ་ཉམས་པར་བྱས།།རྒྱལ་པོ་འཕུང་བའི་འཕུང་སྲི་ལྡང་།།་་་འཁྲུག་སྲི་མུན་སྲི་ནད་ཡངས་སྲི།།་་་རྒྱལ་སྲིད་ལོ་ནི་བཅུ་གསུམ་བཟུང་།།སུམ་ཅུ་སོ་གཉིས་སྟག་ལོ་ལ།།ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས།།ཞེས་པ་སོགས་ཚིག་ལྷུག་ཏུ་བསྒྱུར་ཏེ་གྲངས་མང་པོ་བྲིས་པ་མ་ཟད་མ་འོངས་ལུང་བསྟན་འཁྲུལ་མེད་ཡིན་སྐད་ཀྱི་དཔེ་ཆ་དེ་ལས་བདེན་པ་ཡིན་དགོས་པའི་ཁུངས་འདྲེན་ལུངས་འདྲེན་མང་པོ་བྱས་ཡོད་པ་རེད།གཞོལ་ནས༼མཁས་པའི་དགའ་སྟོན༽༼ཕ་རྒན༽བྱས་ཤིང་ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་གྱི༼རྒྱལ་རབས་གསལ་བའི་མེ་ལོང[དུས་རབས༡༤ནང་བརྩམས]༽༼ཕ་ཡར༽བྱས།༼བཀའ་ཐང་ལྡེ་ལྔ༽༼སྡོང་གྲོགས༽སུ་བོས་ཏེ་གྲུབ་པའི་དུས་རབས་ཉི་ཤུ་བའི་ནང་གི་ཅུང་གྲགས་ཆེ་བའི་བོད་ཀྱི་ལོ་རྒྱུས་སྨྲ་བ་བོ་ཕུན་ཚོགས་ཚེ་རིང་གིས་བརྩམས་པའི༼དེབ་ཐེར་ཀུན་གསལ་མེ་ལོང༽ཚབ་མཚོན་དུ་བཞག་སྟེ་བཤད་རྒྱུ་ཡིན།

དེབ་ཐེར་དེའི་ནང་དུ།བཙན་པོ་འདི་ནི་བ་གླང་གི་ཤ་ཚུགས་འདྲ་ཞིང་།མཁྱེན་པ་ཆུང་ལ་རྒྱུད་གྱོང་བས་འབངས་རྣམས་ཀྱིས་མཚན་དུ་གླང་དར་མ་ཞེས་བཏགས།བཙན་པོ་ཁྲི་དར་མ་གསེར་ཁྲིར་མངའ་གསོལ་རྗེས།བོད་ཀྱི་ཆབ་སྲིད་མངའ་ཐང་ཉམས་རྒུད་ཕྱིན་པ་དང་།སྤྱི་ཚོགས་ཀྱི་འགལ་བ་དང་།དབང་སྒྱུར་བ་ནང་ཁུལ་གྱི་འགལ་བ་མུ་མཐུད་དེ་ཛ་དྲག་རྣོ་ངར་དུ་གྱུར་ཅིང་།ཡ་རབས་དྲ་མའི་གནས་དང་བྲལ་ཞིང་།ཤེས་བྱ་དམན་ལ་དྲག་རྩུབ་ཆེ་བས་འབངས་ཀུན་གྱིས་ཡི་མི་རིངས།ཁོ་པས་སྲིད་དབང་འཛིན་པའི་དུས་དེར་བོད་ལ་སྔར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་མི་ནད་ཕྱུགས་ནད་དང་།སད་སེར།ཆུ་ལོག མུ་གེ་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་ཆེན་པོ་བྱུང་།ཁྲི་དར་མའི་རྒྱལ་སྲིད་ལའང་ཉེན་ཁ་ཆེ་བས་རྗེ་བློན་དེ་དག་གིས་སངས་རྒྱས་ཆོས་ལུགས་དར་བར་བསྙད་བཏགས་ཏེ་ཆོས་ལུགས་དེ་རིགས་བསྣུབ་དགོས་ཟེར་ཡང་དོན་དུ་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགྲ་ཁ་གཏད་རྣམས་བརླག་པའི་གྲོས་བཤམས།དེ་ནས་བཙན་པོ་ཁྲི་དར་མས་རང་ཉིད་ཀྱི་ཆབ་སྲིད་སྲ་བརྟན་ཡོང་ཆེད་དུ་སངས་རྒྱས་ཆོས་ལུགས་པ་སྟེ་ཁོ་པའི་ཆབ་སྲིད་ཀྱི་དགྲ་ཁ་གཏད་རྣམས་ལ་དྲག་གནོན་བྱེད་འགོ་ཚུགས།ཐོག་མར་རྒྱ་བཟས་བསྣམས་པའི་ཇོ་བོ་ཤཱཀྱ་མུ་ནེ་ཆུ་ལ་བསྐྱུར་དགོས་ཞེས་བཀའ་ཕབ་ཀྱང་བློན་འབངས་འགའ་ཞིག་གིས་ཇོ་བོ་ཤཱཀྱ་མུ་ནེ་བྱམས་པའི་སྐུ་རས་ཀྱིས་དྲིལ་འོ་ཐང་གི་མཚོ་འགྲམ་དུ་སྦས།ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་།རྒྱ་སྟག་ར་མོ་ཆེ།བསམ་ཡས་མི་འགྱུར་ལྷ་ཁང་སོགས་གནས་ཁྱད་པར་ཅན་གྱི་སྒོ་ཞལ་བ་བྱས།དེའི་ཐོག་བཙུན་པ་ཆང་འཐུང་བྱེད་པ་སོགས་ཀྱི་གཟུགས་བརྙན་བྲིས།རྨེ་རུ་མ་གཏོགས་ལྷ་ཁང་ཆུང་བ་མཐའ་དག་བཤིག བསྟན་བཅོས་གསུང་རབ་གླེགས་བམ་ལ་ལ་ཆུ་ལ་བསྐྱུར།ལ་ལ་མེ་ལ་བསྲེགས།ལ་ལ་གཏེར་དུ་སྦས།ལོ་པཎ་ཕལ་ཆེར་ཡུལ་ཕྱོགས་གཞན་དུ་བྲོས།བཙུན་པ་རྣམས་མཐོ་དམན་བར་དུ་དབྱེ།མཐོ་གྲས་རྨ་རིན་ཆེན་མཆོག་དང་མྱང་ཏིང་འཛིན་བཟང་པོ་སོགས་དམར་གསོད་བཏང་།བར་པ་རྣམས་རྔོན་པའམ་བཤན་པ་བྱེད་དུ་བཅུག ཐ་མ་རྣམས་བོན་གྱི་ཆོས་སུ་བཀུག ལོ་པཎ་བྲོས་མི་ཐར་བ་རྣམས་ལྷོ་ཕྱོགས་མོན་ཡུལ་དུ་བརྫངས་སོ།།

ཉིན་ཞིག་བྲག་ཡེར་པར་བཞུགས་པའི་བཙུན་པ་ལྷ་ལུང་དཔལ་གྱི་རྡོ་རྗེས་རྟ་དཀར་པོར་སོལ་བ་བྱུགས་ནས་ནག་པོ་བཟོས།བེར་ཕྱི་ནག་ནང་དཀར་ཞིག་གྱོན།གདོང་ལ་སོལ་སྣུམ་བྱུགས།ཕུ་ཐུང་དུ་མདའ་གཞུ་བཅུགརྟ་ནག་ལ་བཞོན་ཏེ།ལྷ་སའི་དབུས་སུ་འོངས།བོད་མེ་སྟག༼སྤྱི་ལོ༨༤༦༽ལོའི་ཉིན་ཞིག་བཙན་པོ་ཁྲི་དར་མ་ལྷ་ས་ཇོ་བོ་དབུ་སྐྲའི་རྡོ་རིང་ལ་ལྟ་བཞིན་བསྡད་ཡོད་པ་མཐོང་བ་དང་ཁོང་ཁྲོའི་མེ་ལྕེ་དགུང་དུ་འཕྱུར་ནས་སྐད་ཅིག་ཉིད་དུ་གསོད་དགོས་བསམས་ཀྱང་།རང་སེམས་རང་གིས་མནན།ཐབས་མཁས་ཀྱི་སྒོ་ནས་འདུལ་དགོས་པ་གལ་ཆེ་སྙམ་ནས་བཙན་པོ་ཁྲི་དར་མར་ཕྱག་འབུལ་བའི་ཚུལ་བྱས།ཕུ་ཐུང་གི་ནང་ནས་མདའ་གཞུ་བཏོན།ཕྱག་དང་པོར་མཐེབ་སྤྲད།གཉིས་པར་མདའ་བཀང་།གསུམ་པར་བཙན་པོའི་སྙིང་ཁར་མདའ་བརྒྱབ་ནས་བྲོས་སོང་།བཙན་པོས་ལག་གཉིས་སྙིང་ཁའི་མདའ་རུ་འཇུ་ཞིང་།ཡང་ན་ལོ་གསུམ་གསོད་པ་སྔས།ཡང་ན་ལོ་གསུམ་གསོད་པ་ཕྱི་ཟེར་སྨྲེ་སྔགས་འདོན་བཞིན་ཕྱི་མའི་ལྔ་ལམ་དུ་གྱུར་རོ།།ཞེས་དཔང་བོ་འདི་རེད་བྱས་རྟགས་དེ་ཡོད་སོགས་གང་ཡང་མེད་པར།སྔོན་མ་ཚོའི་ཟེར་སྒྲོས་རྐྱང་བའི་ཚིག་འགྲེལ་འབའ་ཞིག་ཏུ་སོང་བའི་ལོ་རྒྱུས་དེབ་ཐེར་དེ་ལྟ་བུ་འབྲི་སྒང་དེར།ཕུན་ཚོགས་ཚེ་རིང་སོགས་ཀྱིས་ཞེ་སྡང་གིས་སེམས་གཡོས།ཁོང་ཁྲོས་ཨམ་གཙིགས་བསྡམས་ཞོར་དུ་བྲིས་ལོས་ཡོད་བསམ་སྤྱད་ཅིག་འདུག

བོད་ཀྱི་ལོ་རྒྱུས་ལ་འགལ་འདུ་མང་མིན་ནི།གོང་གི་ཚིག་དུམ་དེའི་ནང་གིའང་གནད་མང་པོ་ཞིག་གི་ཐད་བཤད་སྟངས་ལྟ་སྟངས་སོགས་རྩ་བ་ནས་འདྲ་ཡི་མེད་དེ།བཙན་པོ་སྐུ་འཁྲུངས་འདས་ཀྱི་ལོ་ཚིགས་མི་འདྲ་བ་དང་གཅིག།བཙན་པོ་ཁོང་བདུད་ཀྱི་རྣམ་སྤྲུལ་དང་ལྷ་ལུང་ནི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཡིན་མིན་དང་གཉིས།སྐུའི་གཅུང་པོ་ཕྱག་ན་རྡོ་རྗེའི་སྤྲུལ་བ་ཡིན་སྐད་ཀྱི་ཁྲི་གཙུག་ལྡེ་བཙན་ནི་བཙན་ཁྲི་དར་མས་དབང་འདོད་ཧམ་ཤེད་ཀྱིས་ལྐོག་གཡོ་འཐེན་ཏེ་བཀྲོངས་པ་ཡིན་མིན་དང་གསུམ།བཙན་པོས་གཟིགས་མོ་གནང་གིན་པའི་རྡོ་རིང་མི་འདྲ་བ་དང་བཞི།རང་བྱུང་གི་གནོད་འཚེ་སོགས༼བསྟན་པ་བསྣུབས༽པས་རྐྱེན་གྱིས་བྱུང་བ་ཡིན་མིན་དང་ལྔ།གྲྭ་བ་མང་པོ་དམར་གསོད་བཏང་ཡོད་མེད་དང་དྲུག།ཆོས་ལུགས་རྩ་མེད་བཟོས་མིན་དང་བདུན།བཙན་པོའི་དབུ་ལ་རྭ་ཡོད་མེད་དང་བརྒྱད།ཤེས་རྨོངས་དང་རྩིང་གཤིས་མངའ་མིན་དང་།ཆུང་དུས་ནས་མཚན་ལ་གླང་དར་མ་ཞེས་གསོལ་མིན་དང་དགུབཙན་པོས་སྲིད་བཟུང་བའི་རིང་ཆབ་སྲིད་ཉམ་དམས་སུ་སོང་མིན་དང་བཅུ།ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་སྐུ་བཀྲོངས་སྟངས་མི་འདྲ་བ་དང་བཅུ་གཅིགལྷ་ལུང་དཔལ་རྡོར་བྲོས་སྟངས་མི་འདྲ་བ་དང་བཅུ་གཉིས།བཙན་པོས་དབང་བསྒྱུར་ཚད་ཀྱི་ནམ་དུས་མི་འདྲ་བ་སོགས་དང་བཅུ་གགསུམ་ལྷག་རྩི་རྒྱུ་རྙེད་ཡོང་།འདི་ལྟ་བུའི་འགལ་འདུའི་ཕུང་བོ་གཏོས་ཆེན་པོ་ཞིག་ལས་མང་པོ་ཞིག་ནི་རྫུན་དང་བཅོས་སྒྲིག་ཡིན་པ་ཐག་ཆོད།འགལ་འདུ་ཇི་ལྟར་མང་དེ་ལྟར་དུ་བདེན་ཤས་ཆུང་ཞིང་།འགལ་འདུས་གྲུབ་པའི་བསྡུས་གཟུགས་གང་ཉིད་ནི།རྫུན་དང་བློ་བཅོས།ཕྱོགས་རིས་འཐེན་འཁྱེར།འུར་བཤད་དང་དབྱིབས་ཚོད།ལན་བཟླས་དང་བྱུང་རྒྱལ་ཤ་སྟག་གིས་ཟིན་ཡོད་པ་ཐག་ཆོད་འགྲོ།

ཡང་ཕུན་ཚོགས་ཚེ་རིང་གི་དེབ་ཐེར་སོགས༼ཕ་རྒན༽བྱས་ཏེ་ཚོགས་གཉིས་རབ་རྒྱས་ཀྱིས་བརྩམས་པའི༼བོད་ཀྱི་ལོ་རྒྱུས་བློ་གསལ་འཇུག་པའི་འབབ་སྟེགས༽སོགས༼བཙས༽ཤིང་།༼བུ་ཕྲུག༽དེ་དག་གི་ནང་དུ་གོང་ལས་ཀྱང་ཁ་གསལ་དོན་གསལ་ཡོད་མདོག་གིས་ངན་ངན་ཐུ་ཐུ་ཞིག་བྲིས་ཡོད།ལོ་རྒྱུས་དེབ་ཐེར་དེ་དག་གི་འོག་ནས་རྣམ་དཔྱོད་ངོམ་ཞིང་གཤོག་འདབ་བསྐྱངས་བཞིན་འོང་པའི་ང་ཅག་ནི་འདི་ལྟའི་ཤོབ་དང་རྫུན།སྐུར་འདེབས་དང་ལད་བཟླས་ཀྱིས་བསླད་པའི་སྐད་ཆ་རྐྱང་རྐྱང་གིས་གསོས་ཤིང་ཡོང་དགོས་ཀྱི་ཡོད་དུས།ང་ཚོའི་རྒྱུད་དང་བག་ཆགས་སུ་མ་གཞི་ནས་གླང་དར་མས་མཚོན་པའི་ལོ་རྒྱུས་ཀྱི་བདེན་དོན་མང་པོ་ཞིག་གནག་པོ་སྟོང་ལྡན་གྱི་གཞི་མ་ཡིན་སྣང་གིས་ཁེབས་ཡོད།

བོད་ཀྱི་ལོ་རྒྱུས་དེབ་ཐེར་བརྒྱ་ཆ་དགུ་བཅུ་གོ་དགུའི་ནང་ཁྲི་དར་མའི་ལོ་རྒྱུས་འབྲི་སྐབས་གོང་གི་ཕུན་ཚེའི་དེབ་ཐེར་ལྟར་ཐུང་ཐུང་ཞིག་དང་ཉུང་ཉུང་ཞིག་གིས་འཚག་པ་བྱས་ཡོད།ཡང་ལ་ལར་ཤོག་གྲངས་འགའ་རེ་ལོངས་ཀྱང་ནང་དོན་ནི།ལྷ་སའི་བསྟན་སྲུང་དཔལ་ལྡན་ལྷ་མོའམ་མགོན་པོའམ་གང་དེས་ལུས་བསྟན་བྱུང་སྟེ།ད་ལྟ་བོད་ན་གྲུབ་ཐོབ་ཁྱེད་ལས་མི་འདུགརྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་ལ་བར་གཅོད་བྱས།རྒྱལ་པོ་སྡིག་པ་ཅན་གསོད་རན་ཁོ་མས་གྲོགས་བྱ་ཡིས།སྙིང་མ་ཆུང་ཅིག་ཟེར་རོ།ལྟ་བུའི་ལྷ་ལུང་ལ་ལུང་བསྟན་ཡོངས་ཚུལ་སོགས་ཡིད་ཆེས་དཀའ་བ་མ་ཟད།གཏད་ནས་སྲིད་པར་མི་དཔེ་བའི་སྐད་ཆ་ཉག་ཉོག་དག་གིས་བཀངས་ཡོད་པ་ཡིན།འོ་ན།ཁྲི་དར་མའི་སྐབས་ལྷ་ལུང་དཔལ་རྡོར་ཟེར་བ་དེར་དཔལ་ལྡན་ལྷ་མོ་སོགས་ཀྱིས་ལུང་བསྟན་ཅིང་སྡོང་གྲོགས་མཛད་ཟེར་བ་བདེན་ན།ངེས་པ་དོན་གྱིས་བསྟན་པ་བསྣུབས་པའི་དཔེ་གསོན་ཞིག་རིག་གནས་གསར་བརྗེ་ལས་ཡན་ཞིག་མི་རྙེད་ན་དེའི་སྐབས་སུ་སྐྱེས་བུ་སུ་ཞིག་ལ་ལུང་བསྟན་ཅིང་སྡོང་གྲོགས་བྱུང་མྱོང་།གཏད་ནས་བྱུང་མ་མྱོང་ངོ་།།བྱུང་མ་མྱོང་པ་མ་ཟད་རིག་གསར་གྱི་ལམ་ལུགས་སྤེལ་བའི་བྱེད་གཏེ་མོའོ་ཚེ་ཐུང་ནི་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་པར་ཐག་བཅད་འདུག།དེ་བདེན་ན་འཇམ་པའི་དབྱངས་ཟེར་བའི་སངས་རྒྱས་དེ་ནི་ཇི་འདྲའི་སྡིག་ལ་དགའ་ཞིང་སྙིང་རྗེ་མེད་པའི་སངས་རྒྱས་ལག་དམར་ཡ་མེད་ཅིག་རེད་ཨང་།དེ་ལྟར་གོང་དུའང་སོང་བའི་མཁས་པའི་དགའ་སྟོན་དུ།ར་སའི་སྒོ་སྲུང་ཕྱག་རྡོག་གཞིག་པའི་ཕྱིར།།མགུལ་ལ་ཐག་པ་བཏགས་པས་འདོགས་མཁན་དེ།།ཁྲག་བསྐྱུགས་གུམ་པས་སྐྲག་སྟེ་འཇིག་འཕྲོ་བཅད།།་་་བསམ་ཡས་གཞིག་ཕྱིར་མཆོད་རྟེན་ཆུང་ངུ་ཞིག།བཤིག་པའི་མོད་ལ་ཐོག་བབ་འཇིག་མཁན་ཤི།སྐྲག་སྟེ་ལྷག་མ་མ་བཤིག་ལུས་པར་གྱུར།།ཅེས་དང་།དེ་ཚེ་དཀར་ཕྱོགས་སྲུང་མ་ཀུན་ཁྲོས་ཏེ།།བོད་རྒྱའི་མཚམས་སུ་བོད་ཀྱི་བླ་རི་འགྱེལ།།ཀླུ་ཆུ་ཞལ་གསུམ་འཁྱིལ་ཆུ་ནང་ནས།།འོད་དང་སྒྲ་བྱུང་ཐོགས་བབ་ས་ཡང་གཡོས།།ཕྱོགས་ཚིག་སྐར་མདའ་སྣ་ཚོགས་འཁྲུག་ཅིང་ལྷུང་།།ཞེས་པ་སོགས་ནི་བདེན་ན།ང་བརྒྱད་ལོ་དང་རིག་གནས་གསར་བརྗེ།ས་བྱི་ལོ་སོགས་ཀྱི་སྐབས་ཆོས་དང་ཆོས་པ་གཉིས་ཀར་དམྱལ་བ་མནར་མེད་མངོན་སུམ་དུ་བསྟན་མྱོང་པ་ལ།དེ་དུས་མཐུ་ཆེན་བྱིན་ཆེན་དེ་དག་ལ་གྲག་འགུལ་ཨེན་ཙམ་ཡང་མེད་པར་སྔར་བཞིན་འཛུམ་དམུལ་ལེར་སྡོད་ཚུགས་པ་ནི་ཤིན་ཏུ་མཚར།དེ་དེ་བཞིན་དུ་བོད་ཀྱི་ཆོས་སྐྱོང་སྲུང་མ་ཟེར་བ་དང་བཀའ་གཏད་མཐུ་སྔགས་སོགས་ནི་ཕྱི་མི་ཐུབ་པའི་ནང་གཤེད་ཤ་སྟག་ལས་ཅི་ཡང་མིན་པ་ཤེས་སོ།།

བོད་ཀྱི་ལོ་རྒྱུས་སྨྲ་བ་བོ་མང་པོ་ཞིག་གིས་འདི་འདྲ་ཞིག་འདོད་ཀྱི་ཡོད་ཚོད།ཁྲི་དར་མས་ལས་འགུལ་དེ་ལྟ་བུ་ཞིག་སྤེལ་མེད་ན་ཅི་ཞིག་འགྲུབ་ཐུབ་བསམས་ཡོད་པ་རེད།འོན་ཀྱང་།དགེ་བཤེས་ལོ་རྒྱུས་སྨྲ་བ་བོ་ཁོང་ཚོས་སེམས་འཚེར་གནང་ས་དང་ཐུགས་འཁྲལ་བྱེད་ས་དེ་ཆོས་ལུགས་ཁོ་ན་ཡིན་པ་ལས་སྲིད་དོན་གྱི་བྱ་གཞག་དག་མིན་པས།ཁོང་ཚོའི་སེམས་སུ་ཁོང་ཚོའི་ལུགས་བཞིན་བྱུང་ན་ཆོས་ལུགས་འགྲུབ་བསམས་ཡོད་པ་རེད།ཁྲི་དར་མའི་སྐབས་ཁོང་ཚོའི་བསམ་ཚུལ་དང་ལྡོག་པས།བོད་ཀྱི་ཆོས་ལུགས་མི་སྣ་ལོ་རྒྱུས་སྨྲ་བ་བོ་ཁོང་ཚོས་ཆོས་ལུགས་གཙིགས་སུ་བཟུང་སྟེ་ཆོས་ལ་འཚེ་བའི་སྦྱོར་བ་རྩོམ་མཁན་གྱི་ཁྲི་དར་མ་སོགས་ལ་བདུད་འདྲེ་གདོན་གསོལ་ཞེས་དམོད་པ་བོར་བ་རེད།འོན་ཀྱང་།ཕྱོགས་གཞན་ཞིག་ནས་བསམས་ཚེ།ཆོས་ལུགས་པ་ཁོ་ཚོས་དེ་ལྟར་ཟེར་སྲིད་པ་དེར་ང་ཚོ་མི་སྐྱ་དག་ལ་གྲ་སྒྲིག་དང་དཀྱེལ་ཡངས་ཡོད་དགོས་པ་ཞིག་རེད།དེ་ལྟར་སྡིག་དམོད་བྱས་པ་ལ་སེམས་ཁུད་དུ་ཆུད་དགོས་དོན་མེད་པར།ཁོ་ཚོའི་དམིགས་ཡུལ་དང་རྒྱུ་མཚན་དག་ལ་བསམ་ཤེས་བྱ་འོས་པ་རེད།རྒྱུ་མཚན་ནི།ཁོང་ཚོའི་ཁེ་ཕན་ལ་གནོད་འཚེ་ཐེབས་ཡོད་པས་སོ།།ཡིན་ན་ཡང་།མི་སྐྱ་ལོ་རྒྱུས་སྨྲ་བ་བོ་དག་ཆོས་ལུགས་པའི་རྗེས་སུ་རྔ་མ་ལྡེམ་ལྡེམ་གྱིས་རྒྱུགས་ཏེ་གཅམ་གསག་དང་ལད་བཟླས་བྱས་པའི་སྤྱོད་ཚུལ་དེ་ནི།ལོ་རྒྱུས་ཀྱི་བདེན་པའི་ངོས་ནས་བློས་མི་བཟོད་པ་ཞིག་ཡིན།དེ་ནི་ཚེ་ཚེ་རབས་རབས་ལ་བརྗེད་མི་སྲིད་ཀྱི་ལོ་རྒྱུས་ཀྱི་ནག་ཉེས་ཞིག་ཏུའང་འགྱུར་ངེས།རྒྱུ་མཚན་ནི།ཆོས་ལུགས་པས་བྲིས་པའི་ལོ་རྒྱུས་ཁོ་ན་ཚད་མར་བཟུང་སྟེ།རང་གི་སྒལ་ཚིགས་མཁྲེགས་པོ་དང་རང་གི་རྐང་བ་ཟུང་ལ་བརྟེན་ནས།བདེན་པ་བདེན་ཐུབ་ཀྱི་སྲིད་དོན་ལོ་རྒྱུས་ཀྱི་གཟུང་ཤིང་སྔོག་མ་ཐུབ་པར།མི་ཁ་དང་དད་མོས་ལ་སྐྱབས་བཅོལ་ཏེ་ལོ་རྒྱུས་འཁྱོག་བརྗོད་ཀྱིས་བྲིས་ཡོད་པས་སོ།།

བོད་ཀྱི་ལོ་རྒྱུས་སྨྲ་བ་བོ་ཚོའི་མིག་དབང་དེ་བྱེ་བྲག་ཆུང་ཆུང་ཆོས་ལུགས་ཀྱི་དར་རྒུད་ལ་ཤོར་དྲགས་ཏེ་རྒྱལ་སྲིད་ཀྱི་དོན་མ་མཐོང་བ་ཡིན་འདུག།དེ་ཡིན་དུས།ཁོ་ཚོའི་ཀུན་སློང་ཡང་ང་ཚོས་ངོས་ལེན་བྱ་ཐབས་མེད་དེ།བོད་དོན་གཙོ་བོ་ནི་སྲིད་དོན་ཡིན་པ་ལས།ཆོས་དོན་གྱིས་བོད་དོན་མི་འཁྱོལ་བ་གསལ་བས་སོ།།མ་ཟད་བོད་ཀྱི་ལོ་རྒྱུས་ནི་ཆོས་འབྱུང་ལོ་རྒྱུས་འདྲ་འདྲ་ཤ་སྟག་ཏུ་སོང་གཤིས།དེའི་ནང་ཆོས་ཀྱི་དགོངས་དོན་དང་འགལ་བའི་སྲིད་ཀྱི་བྱ་བ་ལ་དགག་བཞག་བསྐྱོན་པ་ནི་ཆོས་ལུགས་ཀྱི་དགོངས་པ་སྲུང་བའི་ཕྱིར་ཡིན་པ་རེད།འོན་ཀྱང་།དེ་དག་གི་རྗེས་སུ་འཇིག་རྟེན་མི་སྐྱ་ལོ་རྒྱུས་འབྲི་བ་བོ་དག་གཡམ་རྒྱུགས་བྱས་ཏེ་འཇིག་རྟེན་སྲིད་དོན་དགག་ཁུལ་སྡིག་ཁུལ་བྱེད་པ་དེ་ནོར་འཁྲུལ་ཞིག་ཡིན་སོང་བས།ད་སྐབས་ང་ཚོས་ལོ་རྒྱུས་བསླད་སྐྱོན་མེད་པའི་ཁུངས་ལྡན་གཙང་དག་ཅིག་ལ་བལྟ་ཐུབ་ཀྱི་མེད་པའི་འབྲས་བུ་དེ་བྱུང་བ་རེད།བོད་མི་ཆོས་ལུགས་པ་ལོ་རྒྱུས་སྨྲ་བ་བོ་དག་གིས་བོད་ཀྱི་སྲིད་དོན་ལོ་རྒྱུས་འཁྱོག་བརྗོད་བྱས་པ་དང་།རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་དང་རྡོ་རིང་འགངས་ཆེན་དག་བཅོས་བསྒྱུར་བྱས་པ་གཉིས་ངོ་བོ་གཅིག་པ་རེད།བསམ་བཞིན་གནས་ཚུལ་དངོས་སྦས་ཏེ་རང་གི་འདོད་ཚུལ་དང་མཐུན་པའི་བཤད་སྟངས་མང་པོ་བརྩམས་ཏེ་རང་གི་ཁེ་ཕན་འབའ་ཞིག་སྲུང་གི་ཡོད་པ་ནི་གཅིག་ལས་གཅིག་སྐྱེས་པ་ལྟར་འདྲ་ཆེ་སྟེ།ཆོས་ལུགས་པས་ཆོས་ལུགས་དར་སྤེལ་གྱི་ཆེད་དུ་བཅོས་པ་རེད་ལ།རྒྱ་ནག་གིས་སྲིད་དབང་བརྟན་ཆགས་ཀྱི་ཆེད་དུ་བཅོས་པ་རེད།འོན་ཀྱང་།ཆེས་ནག་ཉེས་ལྗིད་པོ་ཅན་དེ་ཆོས་ལུགས་པ་དང་རྒྱ་ནག་གཉིས་གང་ཡང་མིན་པར་དེ་གཉིས་ཀྱི་རྗེས་སུ་གཡམ་རྒྱུགས་བྱས་ཏེ་ལོ་རྒྱུས་འཁྱོག་བརྗོད་བྱེད་རོགས་གནང་མཁན་གྱི་མི་སྐྱ་ལོ་རྒྱུས་སྨྲ་བ་བོ་དག་རེད་ཏོ།།

བོད་ཀྱི་ལོ་རྒྱུས་སྨྲ་བ་བོ་དག་གིས་ལོ་རྒྱུས་འབྲི་དུས་སུ།ལོ་རྒྱུས་ཀྱི་ཡིག་ཆ་མང་པོ་འགྲམ་དུ་བརྩིགས།རྒྱུ་ཆ་མང་པོ་སྔུན་ལ་སྤུངས་ནས་ཡིག་ཆ་དག་གི་ཚིག་རྐང་ཐུང་ངུ་རྣམས་རྒྱས་པ་རེ་བཟོ་བཞིན་བཟོ་བཞིན་ལྟ་ཞོར་འབྲི་ཞོར་བྱས་ཏེ་བྲིས་པ་ཞིག་ཡིན་འགྲོ།མིན་ན་ལོ་རྒྱུས་ཀྱི་གལ་གནད་ཅན་དང་ཉོག་དྲ་ཅན་དག་གི་ཐད་མི་སྨྲ་བའི་བརྟུལ་ཞུགས་དང་མཐུན་ཐབས་རྐྱང་རྐྱང་སྨྲས་ཏེ་མཇུག་རྫོགས་པའི་དེབ་ཐེར་ཟོག་པོ་ཤ་སྟག་བོད་ཀྱི་མི་རབས་གསར་བ་མང་པོ་མང་པོ་ཞིག་གི་བཀླག་བྱར་ལེགས་སུ་ཕུལ་ག་ལ་ཕོད།མ་ཟད་ཅིག་གི་དེབ་ཐེར་ནང་ཅིག་ཟེར།ཉིག་གི་ཆོས་འབྱུང་ནང་ཉིག་ཟེར་ཡོད་ཅེས་ལུང་ཚིག་གིས་སྒྲུབ་སྟེ་གྲུབ་པའི་དེབ་ཐེར་དག་ནི་དེབ་ཐེར་རང་དབང་ལྡན་པ་ཞིག་མིན།ཡག་ཉེས་གང་ཡང་ཡོད་པའི་ལུང་ཚིག་དེ་དག་གིས་ཚད་བཀག་ཐེབས་ཏེ།ཕྱི་རོལ་དངོས་ཡོད་འཚོལ་ཞིབ་ཀྱི་ལས་གལ་པོ་ཆེ་དེ་རྩིས་མེད་དུ་བཏང་ཡོད་པས།ཡིག་ཆ་མང་པོའི་གསེབ་ན་གནས་པའི་རྩོམ་པ་པོ་དང་ཡིག་ཆ་མང་པོའི་གསེབ་ནས་གྲུབ་པའི་བརྩམས་ཆོས་གཉིས་ནི་ཤིན་ཏུ་ཚད་བཅས་ཤིག་ཡིན་པ་མ་ཟད་ཉེན་ཁའི་ཕུང་པོ་ཞིག་ཀྱང་ཡིན་ཏེ།ལུང་ཚིག་དག་ནུས་མེད་རྩིས་མེད་དུ་སོང་བ་ན་ལུང་དེ་དག་གིས་གྲུབ་པའི་བརྩམས་ཆོས་ཀྱང་ལུང་དེ་དག་དང་འགྲོགས་ཏེ་ནུས་མེད་རྩིས་མེད་དུ་འགྱུར་སྲིད་པ་རེད།ཡང་གལ་ཏེ་བོད་ཀྱི་ལོ་རྒྱུས་སྨྲ་བ་བོ་ཡོད་དོ་ཅོག་གནས་གཅིག་དུས་གཅིག་ཏུ་ཞལ་འཛོམས་པའི་དབང་དུ་བཏང་སྟེ།ཞབས་བཏགས་པའི་རྩོམ་པ་པོ་དང་གཙུག་ལག་ཕྲེང་བ་སོགས་ལོ་རྒྱུས་སྨྲ་བ་སྔ་མ་སྔ་མ་ཚོས་ངོས་ལེན་དང་བཅས་ཏེ་ང་ཚོ་ནོར་འདུག་ཟེར་རྒྱུ་ན།ཕུན་ཚོགས་ཚེ་རིང་སོགས་ལོ་རྒྱུས་སྨྲ་བ་བོ་ཕྱི་མ་ཕྱི་མ་ཚོ་ངོ་ཚ་དྲགས་ཏེ་དེ་མ་ཐག་ནས་གང་ཞིག་ཏུ་བྲོས་བྱིན་ཏེ་གྲུ་ཟུར་ག་ཤེད་ཅིག་ཏུ་གཞའ་ཞོར་ཡིབ་ཞོར་གྱིས་འཚོ་སྲིད་ནོ་ཁོ་ཐག།ང་ནི་བོད་ཀྱི་ལོ་རྒྱུས་ཏེ་དད་པའི་བློ་དང་ཕྱག་རྒྱའི་ལག་པས་བྲིས་པའི་ལོ་རྒྱུས་དེབ་ཐེར་མང་པོ་ཞིག་ལ་བརྒྱ་ཆ་ལྔ་ཅུ་ཙམ་ལས་ཆ་འཇོག་མེད།རྒྱུ་མཚན་ནི།དེ་ཚོར་དད་པ་དག་སྣང་ཞེས་གཅིག་སྣོན་རྒྱུ་ཞིག་འདུགཆེ་བསྟོད་ངན་དམད་ཅེས་གཅིག་སྣོན་རྒྱུ་ཞིག་འདུགཐལ་བཤད་བཟློག་བཤད་ཅེས་གཅིག་སྣོན་རྒྱུ་ཞིག་འདུགཕྱོགས་རིས་འཐེན་འཁྱེར་ཞེས་གཅིག་སྣོན་རྒྱུ་ཞིག་འདུགཡང་སྤྲུལ་རྣམ་སྤྲུལ་ཞེས་གཅིག་སྣོན་རྒྱུ་ཞིག་འདུག་པས།ཤུལ་ན་དངོས་དོན་བརྒྱ་ཆ་ལྔ་བཅུ་ཙམ་ལས་མི་ལྷག།བརྒྱ་ཆ་ལྔ་བཅུ་བོ་དེ་བརྒྱ་ཆ་བརྒྱ་རུ་གཏོང་བའི་སྤོབས་སེམས་མངའ་བའི་ཁོང་ཚོར།བརྒྱ་ཆ་བརྒྱ་བོ་བདེན་པར་རློམ་བའི་དད་འབངས་ཡོད་པ་ཡང་ཨ་ལས་ཆ་རེ་འགྲིག

དེ་བས་ན། རྒན་འཁོགས་བགྲེས་པོ་སུ་དང་བྱིས་པ་ལོ་བརྒྱད་ཡན་ཆོད་སུ་ལ་དྲིས་ཀྱང་གླང་དར་མ་དང་ལྷ་ལུང་དཔལ་རྡོར་གཉིས་ནི་གོ་མྱོང་བ་མ་ཟད་གླང་དར་མ་ནི་འདྲེ་དང་ལྷ་ལུང་ནི་ལྷ་ཡིན་སྣང་རྒྱུན་འབྱམས་སུ་ཆགས་ཡོད་པ་ཁྲུན་ཐག་ཡིན།མ་ཟད་དོ་ཞག་ཁ་སྩང་གི་རྒན་རྒོན་ཚོས་ཁོ་ཚོའི་མིག་ནང་གི་མི་བྱ་ལས་ལོག་པ་ཅན་དག་ལ་སྡིག་དམོད་གནང་དུས།ཁྱོད་གླང་དར་མ་རེད་ལེ།ཟེར་གྱི་ཡོད།འོ་ན།རྒན་རྒོན་དེ་ཚོས་དོན་ངོ་མར་གླང་དར་མ་ཞེས་པ་ནི་དེ་འདྲའི་ཡ་རབས་དྲ་མའི་ལུགས་དང་བྲལ་བ་ཞིག་ཡིན་མིན་ཤེས་སམ་ཟེར་ན།མི་ཤེས་ཏེ།བསམ་ཚུལ་དེ་འདྲ་ནི་ཆོས་ལུགས་པས་ལྐོག་གཡོ་ངན་ཇུས་ཀྱིས་བཞག་པའི་བག་ཆགས་ཟེར་ཡའང་མཐར་དེད་ན་དེ་འདྲ་ལས་མེད་དོ།།

ང་རང་ལ་མཚོན་ན།སློབ་གྲྭར་མ་སོང་བའི་སྐབས་ནས་གླང་དར་མ་དང་ལྷ་ལུང་དཔལ་རྡོ་ཟེར་བ་གཉིས་གོ་མྱོང་བ་མ་ཟད།དེ་གཉིས་ཀྱི་ལོ་རྒྱུས་ཀྱང་ཤེས་ཀྱི་ཡོད།ལོ་རྒྱུས་དེ་ནི་དམངས་ཁྲོད་གཏམ་རྒྱུད་ཅིག་སྟེ།སྔོན་ཆད་ལྷ་ལུང་གིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པའི་སྐབས་སུ།ཇོ་ཁང་གི་ས་དེ་ར་མ་ཞིག་དང་གླང་རྒན་ཞིག་ལ་ཁལ་བཀལ་བ་རེད།དེ་ཉིན་གསུམ་རིང་ཡོངས་གྲུབ་བྱུང་སྟེ།ལྷ་ལུང་གིས་ད་ནི་སྨོན་ལམ་འདེབས་ཀྱི་ཡིན་ཞེས།ར་མ་དང་གླང་རྒན་གཉིས་ཀྱི་ཚབ་བྱས་ནས་སྨོན་ལམ་བཏབ་དུས།སྔོན་ལ་ར་མའི་ཚབ་ཏུ་སྨོན་ལམ་བཏང་པས་གླང་རྒན་མ་མགུ་སྟེ་ང་གཉིས་འདྲ་འདྲ་བྱས་ཏེ་ལས་དཀའ་ལས་ཡོད་ཀྱང་ངོ་ཁྱད་དེ་འདྲ་ལྟ་ན།རྗེས་སུ་ང་རང་གཙུག་ལག་ཁང་འདིའི་བསྟན་པ་སྣུབ་མཁན་ཞིག་ཏུ་འགྱུར་བར་ཤོག་ཅེས་སྨོན་ལམ་ལོག་པར་བཏབ་པ་ལྷ་ལུང་གིས་མཁྱེན་ནས་རང་གིས་ཀྱང་།ཕྱིས་ཀྱི་འདིའི་བསྟན་པ་སྣུབ་མཁན་གྱི་གླང་རྒན་འདི་འདུལ་མཁན་ང་རང་ཡིན་པར་ཤོག་ཅེས་སྨོན་ལམ་བཏབ་པས་དེ་ལྟར་བྱུང་ཞིང་།ར་མ་དེ་ནི་དིང་གི་ཇོ་བོ་ར་མ་རྒྱ་མོ་ཞེས་པ་དེ་ཡིན་ཞིང་།གླང་རྒན་དེ་ནི་རྒྱལ་པོ་གླང་དར་མ་རེད་ཟེར་གྱི་ཡོད།གཏམ་རྒྱུད་དེའང་གཏམ་རྒྱུད་གཞན་དག་དང་འདྲ་བར་མགོ་མཇུག་བར་གསུམ་ཧ་ཅང་འགལ་འདུས་གྲུབ་ཡོད་ཀྱང་།གཏམ་རྒྱུད་དེ་ནི་བོད་མི་མང་དམངས་ཚོགས་ཀྱིས་ཁོང་མི་གཉིས་པོར་བཞག་པའི་གདེང་འཇོག་དང་སྟངས་འཛིན་བྱེད་སྟངས་དྲ་མ་ཞིག་རེད།དེ་ལྟར་འགལ་འདུས་གྲུབ་པའི་གཏམ་རྒྱུད་ལ་ཡིད་རྟོན་འཕེར་ཞིང་རྟེན་འབྲེལ་ཉེས་པའི་ཟེར་སྒྲོས་ལ་དད་པ་བཅོལ་བའི་མི་རིགས་དེའི་བསམ་བློའང་།དེ་ལྟར་གོ་རིམ་འཁྲུགས་ཤིང་གསོག་གསོབ་ཅན་ཡིན་པ་དང་།བདེན་པས་མ་གྲུབ་པ་དང་ཟོག་རྫུ་ཆེ་བ།འཐུས་མི་ཚང་ཞིང་ཚགས་མི་དམ་པ།རང་རྐྱ་འཕེར་བའི་ཁེར་ཚུགས་མེད་ཅིང་གང་ཡིན་ཡིན་ལ་གློ་བ་རིངས་སླ་བ།མཁྲེགས་འཛིན་དང་ཨུ་ཚུགས་ཆེ་བ།སྒྱིད་ལུད་ཀྱི་རང་གཤིས་མངའ་བ།འོས་མེད་མགོ་འདོགས་དང་གཉོམ་ཆུང་མཐུན་ཐབས་ཀྱི་གོམས་གཤིས་ཆགས་པ།རྨོངས་གཤེས་ཆེ་བ།ནང་དམེ་ཆེ་ཞིང་མཐུན་སྒྲིལ་མི་ཤེས་པའི་གདོད་མིའི་རྡོ་ཆས་དུས་སྐབས་ཀྱི་མིའི་བསམ་བློ་དང་འདྲ་ཉེ་མཚུངས་ཉེ་ཞིག་ཡོད་པ་ཁ་རི་ཁ་ཐུག་གིས་ཤེས་འགྲོ།

བཤད་རྒྱུན་དེ་ཆུང་དུས་ནས་རྣ་བར་བག་ཆགས་སུ་གྲུབ་པས་ཕལ་ཆེར་དིང་སང་ཙམ་ལ་གླང་དར་མ་ནི་མི་ངན་ཁྱི་འདྲ་འདྲ་ཞིག་ཡིན་སྣང་དང་།ལྷ་ལུང་དཔལ་རྡོར་ནི་ལྷ་ཡི་རྣམ་སྤྲུལ་ཞིག་ཡིན་སྣང་གིས་བུད་ཡོངས།འོན་ཀྱང་།དཔེ་ཀློག་གི་རྒྱ་ཐག་བཅད་དེ་དཔྱོད་ཤེས་ཀྱི་དབང་བོ་སྒུལ་པའི་སྐབས་གང་ནས་བཟུང་།ལང་ཚོའི་ངར་ཤུགས་ཟེར་བ་ཡིན་ནམ་མིན།གང་ལྟར་མིག་ལམ་སྒྲིབ་ཅིང་ཡིད་ཁམས་རླམ་བྱེད་ཀྱི་ཤེས་བྱ་སྐོར་ཞིག་ནི་འགལ་འདུ་མང་ཞིང་གཏན་ཚིགས་ཀྱིས་མ་གྲུབ་པ།དཔང་བོ་མེད་ཀྱང་ཁ་ཕོས་གཏམས་པ་འབའ་ཞིག་ཡིན་སྣང་སྐྱེས་ཏེ་སྡོད་མི་ཚུགས་པ་ཞིག་འབྱུང་གི་འདུག

མི་དབང་དྲན་ཤེས་ཅན་དག་ཆེས་འཇུག་མི་སྤྲོ་ཞིང་ཞེད་སྣང་ཆེ་བའི་ལས་ནི་ལོ་རྒྱུས་འབྲི་བ་འདི་ཡིན་སྲིད།འོན་ཀྱང་།ང་ཅག་བོད་པའི་ལོ་རྒྱུས་སྨྲ་བ་དག་ནི་དེ་འདྲ་ཡིན་ས་མེད་ཚོད་དེ།འགན་འཁྲི་མེད་ཅིང་དྲང་བདེན་མི་སྲུང་བ།གཟུ་བོར་མི་གནས་ཤིང་གསོང་བོར་མི་སྨྲ་བ།ཕྱོགས་རིས་འཐེན་འཁྱེར་ཆེ་ཞིང་ཞེ་སྡང་ཚ་བོ་ལྡན་པ།སྐྱེས་ཕོ་ཤར་གྱི་ལ་རྒྱ་མེད་ཅིང་སྐྱིད་སྡུག་མི་འཁུར་བ།དངོས་དོན་དྲང་བརྗོད་ཀྱི་སྙིང་སྟོབས་མེད་པ།གཏན་ཚིགས་ཀྱིས་དབུལ་ཞིང་གནས་ལུགས་ཀྱིས་སྟོངས་པ།ཟེར་སྒྲོས་ཀྱིས་གཏམས་ཤིང་བྱུང་རྒྱལ་གྱིས་བཀངས་པ་ཞིག་གོ།

འཇིགས་སྐྲག་དང་ཐེ་ཚམ་བྲལ་བའི་བོད་ཀྱི་ལོ་རྒྱུས་སྨྲ་བ་སྐོར་ཞིག་གིས་དབྱིབས་ཚོད་རྐྱང་རྐྱང་དང་གཅིག་གིས་གཅིག་གི་རྗེས་སུ་ཀེམ་ཀེམ་གྱིས་འབྲངས་ཏེ་ཕན་ཚན་ཡིན་འཇོག་དང་བདེན་ཁ་སྟེར་རེས་གྱིས་ཟེར་སྒྲོས་རྐྱང་བ་བཏུ་རེས་བྱས་ཏེ་བྲིས་པ་ཞིག་ཡིན་པ་ལས།དཔང་ཡིག་འདི་དང་དེ་ཡོད་ཅེས་ཁ་ཚང་དོན་འགྲིག་པ་ཞིག་ཁ་ཁར་བསྟན་རྒྱུ་ནི་རྦད་དེ་རྙེད་ཀྱི་མེད།ཡང་བཤད་ན་ཟེར་སྒྲོས་རྒུམ་རེས་ཀྱི་ཁོར་ཡུག་གམ་རྒྱ་རྙི་གོར་གོར་ཞིག་རང་ནས་ལོ་རྒྱུས་སྨྲ་ཡི་ཡིན་ཞེས་མགོ་མཐོ་མཐོ་བྱེད་ཀྱིན་བྱེད་ཀྱིན་ཡོངས་ཏེ།ཕྱོགས་མང་པོ་དང་ཟུར་མི་འདྲ།གུད་མི་གཅིག་པའི་གནས་སོ་སོ་ནས་མནོ་བསམ་བདར་མ་ཐུབ་པས།ལོ་རྒྱུས་དངོས་ཀྱི་དཔང་བོ་དང་ལོ་རྒྱུས་གཙང་མ་འབྲི་ཞིང་སྨྲ་བའི་སྙིང་སྟོབས་དང་དབང་ཤེས་རྣོན་པོ་ཞིག་གཏད་ནས་ཡོད་མི་སྲིད་པས་ཡིན་ཟེར་འདོད་བྱུང་།བདག་གིས་བོད་ཀྱི་ལོ་རྒྱུས་ཀློག་གིན་འགྲོ་བའི་སྒང་དག་ཏུ།སྐབས་སྐབས་སུ་སུན་སྣང་བྲེང་ངེ་བ་ཞིག་ཐུན་ཐུན་པོར་སྐྱེས་ཡོང་།མཚམས་མཚམས་སུ་མིག་ལམ་དང་ཡིད་ཁམས་སུ་གསེར་གྱི་ཁང་བ་བརྒྱབ་ཅིང་རིན་པོ་ཆེ་སྣ་མ་སྣ་ཚོགས་དྲ་བ་དྲ་ཕྱེད་ཀྱིས་འཐེན་ཞིང་བྲེས་པའི་ལྷ་ཡུལ་ཀླུ་ཡུལ་ཡིན་སྣང་འདྲ་ཞིག་ཀྱང་བསྟུད་བསྟུད་དུ་ཤར་ཡོང་།རྒྱུ་མཚན་ནི་ལོ་རྒྱུ་མི་སྣ་སྐོར་ཞིག་ནི་སྐྱེས་ནས་ཤི་བའི་བར་དུ་བདུད་ཀྱི་རྣམ་སྤྲུལ་དུ་བཀོད་དེ་ངན་དམོད་མཚང་འབྲི་སྐྱོན་འདོགས་བརྣག་དཀའ་བ་རེ་བྲིས་པ་ནི་གཏོར་ཡིག་བསྔོ་ཡི་ཡོད་པ་འདྲ་འདྲ་ཞིག་ཡོད་ཅིང་།སྐོར་ཞིག་ནི་སྐྱེས་མ་ཐག་ནས་རྣམ་པ་གྲོལ་ཏེ་ལྷ་གཟུགས་འབའ་ཞིག་ལས་མི་གཟུགས་མཐའ་གཅིག་ཏུ་གཏིབས་བཞག་པ་དང་།དེའི་ཕོ་བྲང་།བཙུན་མོ།འཁོར་གཡོགབཞུགས་ཁྲི།བཞུགས་སྟངས་འགྲོ་སྟངས་སོགས་ཚུན་ཆད་ནས་ཡག་ཡག་སྙན་སྙན་ཞིག་གིས་མགོ་མཇུག་བར་གསུམ་རྫོགས་ཏེ་འཇམ་དཔལ་མཚན་བརྗོད་འདོན་གྱི་ཡོད་པ་འདྲ་འདྲ་ཞིག་བྲིས་འདུག་པས།བོད་ཀྱི་ལོ་རྒྱུས་སྨྲ་བ་བོ་དག་གིས་བྲིས་ཡོད་ལོ་རྒྱུས་ཡི་གེ་དེ་དག་བཀླགས་ན།ལྷ་སྒྲུང་རིང་མོ་ཞིག་ཀློག་གིན་པའི་ཚོར་སྣང་ཏག་ཏག་གིས་ཁྲིད་དེ་ཡས་མིན་མས་མིན་ཞིག་ཏུ་ཕྱིན་འགྲོ་སྟབས།མི་རིགས་འདིའི་མེས་པོའི་ལོ་རྒྱུས་ཀློག་གིན་པའི་སེམས་ཚོར་རྦད་དེ་སྒྲིབ་འཇོག་གི་ཡོད།དེའི་སྟབས་ཀྱིས་བར་སྐབས་རེར་དཔེ་དེབ་ཀྱི་ཁ་བསུམས་ཏེ་ཀློག་མཚམས་བཞག་ནས་གཉིད་ཡུར་བའང་མང་།

མ་ཟད་བོད་ཀྱི་ལོ་རྒྱུས་སྨྲ་བ་བོ་དག་ཕན་ཚུན་བར་ལྟ་བ་ཆེས་མི་མཐུན་ས་དང་བློ་གྲོས་ཞེ་དྲག་འདོན་ཁུལ་གྱིས་རྩོད་པ་འཕེན་ཐུབ་ས་ཉག་གཅིག་པོ་ནི།ལོ་རྒྱུས་ཀྱི་བྱུང་བོ་དངོས་བསྐྱུར་ཏེ་དེ་འབྱུང་དུས་ཀྱི་ལོ་ཚུགས་ཐད་འགལ་རྩོད་རྒྱུན་འབྱམས་བཟོ་ཞིང་སྨྱུག་ཁ་གསར་བའང་དེའི་ཕྱོགས་རང་ལ་སྐོར་བ་ལས།ལོ་རྒྱུས་ཀྱི་ལྟ་གྲུབ་དེའི་སྲོག་ཤིང་ལ་གཡོ་སྐྱོམ་བཟོ་ནུས་པ་ལྟ་བུའི་ཐ་དད་སྨྲ་མཁན་ནམ་ལོ་རྒྱུས་ཀྱི་དཔང་བོ་བཙལ་ཏེ་ལོ་རྒྱུས་དངོས་མ་འཚོལ་མཁན་མེད་ཟེར་ཆོག་གོ།ཡོད་ན་ཚང་མ་ལོ་ཚུགས་རྐྱང་བར་མགོ་རྨོངས་ཁུལ་གྱིས་བསྡད་དེ་བྱུང་དོན་འབྲི་སྐབས་གཅིག་ནི་གཅིག་གི་ཟིན་བྲིས་ལྟ་བུ་དང་འདི་ནི་དེའི་ཟུར་བརྒྱན་ཡིན་པ་ལྟ་བུ་ཤ་སྟག་ག་ལ་འབྱུང་།ཞར་ལ་ཁྱེད་ཅག་གིས་ཨ་ལག་ཚེ་ཏན་ཞབས་དྲུང་གིས་མཛད་པའི་བསྟན་རྩིས་ཀུན་བཏུས་དང་དེའི་ཟུར་རྒྱན་ཉེས་རྡུལ་སྤྲུགས་པའི་རྔ་ཡབ་ལའང་གཟུགས་རོགས་ཞེས་སྐུལ་ལོ།།

ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་ན།ལོ་རྒྱུས་ཀྱི་བྱུང་བ་དངོས་དང་བྱུང་བ་དེ་འབྱུང་དུས་ཀྱི་དུས་ཚོད་གཉིས་ལས་འགངས་ཆེ་ཞིང་གཙིགས་འོས་པ་ནི་བྱུང་བ་དངོས་གཙོ་བོ་བྱས་ཏེ་འབྲི་རྒྱུ་དེ་ཡིན་པར་འདོད།ཕྱོགས་རིས་དང་ཆགས་སྡང་གི་དབང་དུ་མ་ཤོར་བའི་སྒོ་ནས།ལོ་རྒྱུས་ཀྱི་བྱུང་བ་དངོས་གྲལ་དག་འཐུས་ཚང་ཞིག་ཨེ་འཁྱོང་བལྟ་རྒྱུ་གཙོ་བོ་ཡིན་པར་འདོད།མ་ཟད་ལོ་རྒྱུས་ཟེར་ཡ་དེ་ནུབ་ཕྱོགས་མཚན་ཉིད་རིག་པ་བ་གྲགས་ཅན་གྱི་ལོ་རྒྱུས་དང་འཛམ་གླིང་གི་ཆབ་སྲིད་མི་སྣ་གྲགས་ཅན་གྱི་ལོ་རྒྱུས།འཛམ་གླིང་གི་གཡུལ་འཁྲུག་གྲགས་ཅན་གྱི་ལོ་རྒྱུས།འཛམ་གླིང་གནའ་རབས་དང་ཉེ་རབས།དེང་རབས་ལོ་རྒྱུས།འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ལོ་རྒྱུས།འཛམ་གླིང་གི་ལོ་ངོ་སྟོང་ཕྲག་ལྔའི་ཡན་གྱི་ལོ་རྒྱུས་ལྟ་བུའི་ཀློག་སྤྲོ་ལ་བོགས་ཐོན་པ།བདེན་ཤས་ཆེ་ལ་བློ་སྐྱེད་མང་བ།གཏན་ཚིགས་ལྡན་ལ་ཞིབ་ཚགས་ཆུད་པ།ཞིམ་མངར་ལྡན་ལ་རྒྱུ་མཚན་གསལ་བ་ཞིག་ཡིན་ན་འོས་སོ།།

དེ་ལྟར་ལོ་རྒྱུས་གཡོལ་ཐབས་ཀྱིས་འབྲི་ལ་རྐྱེན་གཉིས་ལས་བགྲང་རྒྱུ་མེད།གཅིག་ནི་ཕྱོགས་རིས་འཐེན་འཁྱེར་གྱིས་ཏེ་མི་གཟུར་གནས་པ་དང་དྲང་བོ་ཞིག་མིན་པས་ལན།གཅིག་ནི་ཆབ་སྲིད་དམ་དྲག་ལ་གཡོལ་ཕྱིར་བྲིས་པ་ཏེ།འོས་མེད་མགོ་འདོགས་དང་ཕྱི་སྡུག་ནང་ལ་སྐོར་མཁན་ཞིག་ཡིན་པས་ལན།ལར་ཆབ་སྲིད་དམ་དྲག་གི་བཀག་རྒྱ་དེ་རིགས་ལ་སྐྲག་སྟེ་དངོས་དོན་སྨྲ་བ་ལ་ངག་མི་ཁྲོལ་བའི་སྡར་མ་དེ་འདྲ་ཡིན་ན།མ་གཞི་ནས་ལོ་རྒྱུས་སྨྲ་བ་ཟེར་བའི་ཁུར་ཆེན་ཞིག་ཕྲག་སྟེང་དུ་མ་བླངས་ན་འགྲིག་ཡོད།འོན་ཀྱང་།ང་ཚོས་ཀློག་གིན་པའི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བྲིས་པའི་ལོ་རྒྱུས་སྐོར་ཏེ།རིགས་གཅིག་ནི་ཕྱོགས་རིས་ཀྱིས་བསླད་པའི་ལོ་རྒྱུས་དེབ་ཐེར་དང་།རིགས་གཅིག་ནི་ཆབ་སྲིད་ཀྱིས་བསླད་པའི་ལོ་རྒྱུས་ཏེ་ལོ་རྒྱུས་རིགས་འདི་གཉིས་ལས་ལོ་རྒྱུས་དངོས་མ་དམར་བྲིས་བྱས་པའི་ལོ་རྒྱུས་དེབ་ཐེར་ཞིག་ཕལ་ཆེར་ཀློག་ཐུབ་ཀྱི་མེད་ལ།ཕྱོགས་གཅིག་ནས་ལག་ལ་འོང་གི་ཡང་མེད།དེ་མེད་པའི་རྐྱེན་གྱིས་བོད་ཀྱི་ལོ་རྒྱུས་སྨྲ་བ་བོ་ཕྱོགས་རིས་ཅན་དང་རྒྱུ་དགའ་སྡར་མ་སྐོར་ཞིག་གིས་རང་གི་བྱས་ཉེས་ལ་ངོས་ལེན་དང་དམ་བཅའ་འཇོག་རྒྱུ་ཕར་ཞོག།མི་རུས་པ་ཅན་དང་གཟུར་གནས་པ།དངོས་བྱུང་གཙུག་ཏུ་བཀུར་བའི་ལོ་རྒྱུས་སྨྲ་བ་བོ་དང་།དེའི་བྲིས་པའི་ལོ་རྒྱུས་སོགས་ནི་ཟོག་པོ་དང་གཡོ་བཅོས་ཁོ་ནར་སྒྲུབ་ཀྱི་ཡོད་དེ།དཔེར་ན།ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ལྟ་བུ་ནི་འཁྱོག་བཟོ་དང་ཁུངས་ལུང་མེད་པའི་ཡིག་ཉོག་ཡིན་ཟེར་ནས་ག་ཞ་སྒྲོག་གི་ཡོད་པ་མ་ཟད།སྟོད་ཆ་དང་སྨད་ཆ་དེབ་གཉིས་ཀྱིས་གྲུབ་པའི་ལོ་རྒྱུས་ཡིག་ཆ་འགངས་པོ་ཆེ་དེར།དབུས་གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་མཐུན་པའི་བཟོ་བཅོས་མང་པོ་བརྒྱབ་སྟེ།༼ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་དང་བོད་ཀྱི་ལོ་རྒྱུས་དངོས༽ཞེས་ཤོག་གྲངས་སུམ་བརྒྱ་ཡང་མི་ལོངས་པའི་དེབ་ཆུང་གཅིག་ཏུ་དྲིལ་ནས་བཀྲམས་ཡོད་པ་དང་།ལོ་རྒྱུས་སྨྲ་བ་བོ་གོང་གི་རིགས་གཉིས་པོ་དེའི་སྐྱེད་འབྲས་སུ་སོང་བའི་ང་ཅག་གིས་བག་ཆགས་ཀྱི་དབང་གིས་ཁོ་ཚོའི་ཁ་འོག་ལག་འོག་བརྒྱུད་དེ་ཐོན་པའི་དེབ་ཆུང་དེ་རིགས་བདེན་པར་བཟུང་མྱོང་ཞིང་།ད་དུང་ཡང་བོད་མི་མང་མང་གིས་བདེན་པར་འཛིན་ངེས་རེད།དེ་ཐད་ལ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཀྱང་ལག་རོགས་མཛད་ཡོད་འདུག་ལ།དེ་རུ།༼ཀྲུང་གོའི་བོད་ས་གནས་ཀྱི་ལོ་རྒྱུས་ཡིག་ཚང་ཕྱོགས་བཏུས༽སོགས་ལས་ལུང་མང་པོ་དྲངས་ཏེ་སྲིད་དོན་རྒྱལ་རབས་ས་དགག་རྡོ་དགག་བྱས་ཡོད།

བསྟན་པ་བསྣུབས་ཟེར་བ་ནི་ཅི་འདྲ་ཞིག་ཡིན།

སྤྱིར་བཏང་།ཁྲི་དར་མ་ལ་གླང་དར་མ་ཞེས་འདོགས་དོན་ནི་བསྟན་པ་བསྣུབས་སོང་ཞེས་པའི་ཁག་འགེལ་ཧ་ལས་པ་དེ་ལས་བྱུང་བ་ཞིག་རེད་འདུག་མ་གཏོགས།སྲིད་དོན་བསྣུབས་སོང་ཞེས་དོ་སྣང་བྱེད་མི་སྲིད་ལ་སེམས་ཁྲལ་ཡང་བྱེད་མི་སྲིད་ཅིང་།དེ་འདྲ་སྨྲ་བའི་གླགས་བདེ་བོ་ནི་མ་རྙེད་སྟབས།ཆོས་རྐྱང་རྐྱང་གི་ངོས་ནས་གླང་དར་མ་ཞེས་བསམ་བཞིན་བཏགས་བཞག་པ་ཞིག་རེད།བཙན་པོ་ཁྲི་དར་མར་བསྟན་པ་བསྣུབས་དགོས་ཀྱི་ཀུན་སློང་དང་གྲ་སྒྲིག་ཡེ་ནས་མེད་པ་ནི་ཏུན་ཧོང་ཡིག་རྙིང་ལས་བྱུང་ལ།མ་ཟད།༼བསྣུབས༽ཟེར་བ་དེ་ནི་རབ་བཏགས་ལ་གོམས་པའི་ཆོས་ལུགས་པས་ཆུང་ངུ་ལ་ཆེན་པོ་དང་ཉུང་ངུ་ལ་མང་པོ་བསྣན་ནས་སྒྲོག་སྲིད་པའི་ཤོབ་རྫུན་བཤད་སྟངས་རྒྱུན་འབྱམས་ཤིག་ཡིན་པ་ལས།གལ་ཏེ་ཆོས་ལུགས་ཟེར་ཡ་དེ་བསྣུབས་ནས་མེད་པར་བཏང་ཟིན་པ་ཞིག་ཡིན་ན།བསྟན་པ་ཕྱི་དར་སོགས་ཡོང་མི་སྲིད་དེ་ཆོས་ལུགས་རྩ་བ་ནས་ནུབ་སྟེ་མིང་གི་ལྷག་མ་ཙམ་དུ་གྱུར་ཚར་པས་ཕྱིར་རོ།།ཆོས་ལུགས་ཟེར་བ་ཞིག་མེད་པར་དུ་གྱུར་སོང་བ་ཡིན་སྟབས་ཆོས་ལུགས་མི་སྣ་དག་ཀྱང་གནས་ཐབས་མེད་དེ།དཔེར་ན།ང་ཚོར་སྲིད་དོན་རིག་གནས་གྱ་ནོམ་པ་ཞིག་མེད་པར་ཆགས་སོང་བས།སྲིད་དོན་པའང་མེད་པར་གྱུར་ཏེ་སྐྱ་མིན་སེར་མིན་ཞིག་བྱས་ཏེ་གནས་ཡོད་པའི་ཚུལ་འདི་འདྲ་ཆགས་སྲིད།དེ་ཡིན་དུས།ལྷ་ལུང་དཔལ་རྡོར་སོགས་ཞེས་ཏེ་གཅིག་འཕྲོར་གཅིག་མཐུད་དེ་ཚར་རྒྱུ་མེད་པའི་མང་པོ་ཞིག་ཡོངས་རྒྱུ་གཞར་ཡང་མེད་དགོས།དེ་བཞིན་དུ།ཆོས་ལུགས་བསྣུབས་པ་ཙམ་གྱིས་མེད་ཐག་སེ་ནུབ་འགྲོ་བའི་ཆུ་ཚད་དུ་ཡོད་ན།མི་དང་དངོས་པོ་གང་ཆ་ནས་ཆོས་ལུགས་དར་ཁྱབ་དང་ངེས་རྟོགས་ཀྱི་ཆུ་ཚད་དེ་ཆོས་ལུགས་ད་གཟོད་ནང་འདྲེན་བྱེད་ཀྱིན་པའི་སྐབས་ཀྱི་ཆུ་ཚད་ཙམ་ལས་ཟབ་ཞུགས་བྱས་མེད་པ་དང་གཅིག།ཆོས་ལུགས་རང་ཉིད་ཀྱི་ནུས་པའི་སྟེང་གི་ཞན་ཆ་ཞིག་གིས་རྐྱེན་ཏེ་ནུབ་སོང་བ་ཞིག་ཡིན་དགོས་པ་དང་གཉིས།ཆོས་ལུགས་ཀྱི་རྗེས་འཇུག་པ་དག་གི་ངོས་ནས་ནུབ་སྲིད་པའི་ཆ་རྐྱེན་ཞིག་བསྐྲུན་བཞག་ཡོད་པ་ཡིན་དགོས་པ་དང་གསུམ།ཆོས་དད་པ་ཡོད་དོ་ཅོག་དམར་གསོད་གཏོང་བ་དང་བཞི་ལས་གང་ཚང་ན་རྦད་དེ་ནུབ་པའི་ཉེན་ཁ་ཡོད་སྲིད་པ་ལས།བོད་མི་མང་གི་ལུས་སེམས་གཉིས་ཀ་ཕྱི་ཟིན་ནང་ཟིན་དུ་ཁྱབ་ཅིང་ས་དར་རྡོ་དར་དུ་གྱུར་བའི་རིག་གནས་དེའི་སྙིང་སྟོབས་དང་དེའི་རྗེས་སུ་འགྲོ་ལྡོག་བྱེད་ཀྱིན་ཡོད་པའི་མིའི་འདུ་ཤེས་གཉིས་ནི།གང་བྱས་བསྣུབས་ཀྱང་ནུབ་མི་སྲིད་པ་ཞིག་ཡིན་པ་ནི་ལོ་རབས་བདུན་ཅུ་བའི་རིག་གསར་གྱིས་ར་འཕྲོད་ཡོད།རིག་གསར་སྐབས་སུ་བྲོས་ནས་ཐར་ས་མེད་ལ་སྦེད་ནས་སྐུང་སའང་མི་རྙེད་པའི་ཚད་དུ་ཡོད་ཀྱང་།ཁྲི་དར་མའི་སྐབས་སུ་བྲོས་ནས་ཐར་ཐུབ་ལ་སྦེད་ནའང་གསང་ཐུབ་པ་ཞིག་ཡིན་པས།སྐབས་དེའི་ལུས་འགུལ་ལྷོད་གཡེང་ཅན་དེ་ལ༼བསྣུབས༽ཞེས་ཚད་ལས་འགོངས་པ་ཞིག་སྦྱར་བ་ནི་རྡོ་ཆག་བཙན་སྒྲིག་མ་རེད་དམ།

ལོ་རྒྱུས་ཡིག་ཚང་དུ།མེས་པོ་ཁྲི་སྲོང་ལྡེ་བཙན་དང་རལ་བ་ཅན་གྱི་སྐབས་བོད་འབངས་མང་པོ་རབ་བྱུང་བྱེད་དུ་བཅུག་པས་བོད་ཀྱི་མི་རྒྱུད་གོང་འཕེལ་ལ་གནོད་སྐྱོན་ཆེན་པོ་བྱུང་བ་ཡིན།ཞེས་བཙན་པོ་ཁྲི་དར་མས་བཀའ་གནང་སྐད་ལ།དེར་གཞིགས་ན།བཙན་པོས་རབ་བྱུང་བ་སྐྱ་སར་ཕབ་རྒྱུ་ཡིན་ན་ཁྲིག་ཁྲིག་མེད་མོད།གསོད་རྡུང་སྤྱུགས་གསུམ་བྱས་པ་ནི་འགལ་ཏེ།བཙན་པོས་ཐུགས་ཁྲལ་གནང་ས་ནི་མི་གྲངས་ཡིན་ལ།རབ་བྱུང་བ་མང་པོ་བསད་པ་དང་།རྡུང་ནས་བྲན་གཡོག་ལྟར་བཀོལ་བ།སྤྱུགས་ནས་བདག་མེད་དུ་གཏོང་བ་སོགས་བྱས་ན་ལྷག་ཏུ་མི་གྲངས་ཇེ་ཉུང་དུ་འགྲོ་བ་ལས་འོས་མེད་པས་མི་སྲིད་དོ།།དགེ་རྒན་ཆེན་མོ་ཐུན་བསྟན་ཕུན་ཚོགས་ཀྱིས་བྲིས་པའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་གི་ནང་ན།ཁྲི་དར་མས་སྲིད་སྐྱོང་ལམ་ལུགས་བཅོས་བསྒྱུར་བྱས་ཏེ་གྲྭ་བཙུན་རྣམས་ཀྱི་འཚོ་བ་རང་ཁ་རང་གསོ་བྱེད་དགོས་པའི་བཀའ་ལུང་བསྒྲགས་ཞེས་འཁོད་འདུག་ནི།བཙན་པོ་ཁྲི་དར་མ་སྐུ་དངོས་ཀྱི་ཞལ་དང་མཐུན་པའི་གཏམ་ཡིན་ཏེ།གྲྭ་བ་མང་པོ་ཞིག་སྐྱ་སར་ཕབས་པ་དང་སྐོར་ཞིག་དབང་ཆ་བླངས་པ་ལས་རང་སོར་བཞག་ཡོད་པ་གསལ་ལ།ཁྲི་དར་མས་ཆོས་བསྣུབས་ཏེ་བོད་ཁམས་ཡོངས་ཀྱི་གྲྭ་བ་མང་པོ་རིམ་པ་དབྱེ་སྟེ་བསད་པ་དང་རྟགས་ཕྲལ་བ་སོགས་གང་བྱུང་བྱུང་དུ་བྱས་ཟེར་བ་དེ་མི་བདེན་པའང་གསལ།དེ་ནི་སྐབས་དེའི་ཆབ་སྲིད་དམ་སྤྱི་ཚོགས་ཀྱི་གནས་བབ་ལ་རྔོ་ཐོགས་པའི་སྲིད་ཇུས་ཤིག་ཡིན།

གལ་ཏེ་རབ་བྱུང་བ་མང་པོ་བསད་པ་དེ་བདེན་ཟེར་ན།གཅིག་ན།བཙན་པའི་གསུང་དང་མི་མཐུན།གཉིས་ན་རིམ་པ་མཐོ་ཤོས་མིན་ཡང་བར་མ་ཡིན་སྲིད་པའི་ལྷ་ལུང་དཔལ་རྡོར་ཞེས་པའི་གྲགས་པ་ཅན་དེ་གཅིག་པུ་ལག་ལ་མ་བརྒྱབ་པ་དེ་ཡང་མཚར།རི་ཁྲོད་པ་དམར་གཡོ་གཙང་གསུམ་པོའང་བྲོས་དགོས་བྱུང་ན།ལྷ་ལུང་དཔལ་རྡོར་གཅིག་པུ་དལ་བརྟེན་ནེར་ལུས་སོང་བ་ནི་འགལ་བ་ཞིག་རེད།ཆོས་ལུགས་པ་མང་པོ་བཟུང་།ལ་ལ་བྲོས་འགྲོ་བའི་སྐབས་སུ།ལྷ་ལུང་གཅིག་པུ་འབྲོ་ཡང་མ་དགོས་གཞའ་ཡང་མ་དགོས་པར་གཞུག་ཏུ་ཁྲི་དར་མ་གསོད་མཁན་དུ་ལྷག་ཡོད་པ་ནི།རྒྱ་ནག་གི་གློག་བརྙན་དག་དང་འདྲ་བར་ཇི་འདྲའི་བཙན་ཚུགས་ཐལ་ཆེ་ཞིང་སྟེས་དབང་དགོད་བྲོ་བོ་ཨང་།

ལྷ་སྐུ་དང་ཆོས་དཔེ་སོགས་བཤིག་པ་དང་བསྐྱུར་བ།བསྲེགས་པ་སོགས་བྱས་ཟེར་ནས།སྐོར་ཞིག་བློན་པོ་ཚོས་ཆུ་ཁར་སྦེད།ཉལ་ཁྲིའི་རྐུབ་ཏུ་སྦེད།རས་ཀྱིས་གབ་ཐུབ་པ་བྱུང་པ་དེ་ཡང་དགོད་བྲོ་བ་ལ།དེ་ཡིན་ན་ཆོས་བློན་དེ་དག་ཀྱང་འཛིན་བཟུང་དང་གསོད་རྨས་སོགས་ཅིས་ཕྱིར་མ་བྱས།གཞན་ཡང་ཆོས་ལ་བློ་དཀར་བའི་བློན་ཆེན་མི་སྐྱའི་རིགས་དག་དང་གཅིགཆོས་བློན་ཚོ་སྟེ་རབ་བྱུང་བའི་རིགས་དང་གཉིས་ཏེ་ཁོང་ཚོར་དེ་འདྲའི་སྦེད་ཐུབ་པའི་སྤོབས་པ་ལྡན་པ་དང་།སྦེད་ཡོད་པ་བཙན་པོའི་ཕྱོགས་གཏོགས་དག་ལ་གཅིག་ཀྱང་ཤེས་སུ་མི་འཇུག་པའི་ནུས་པ་མངའ་བའི་ཁར་མི་མང་གི་རྒྱབ་སྐྱོར་ཀྱང་དེ་ཙམ་གྱིས་ཐོབ་ཀྱི་ཡོད་ན།ཁྲི་དར་མ་དང་ཁོང་ལ་བློ་དཀར་བའི་བློན་ཆེན་གཉིས་གསུམ་ཞིག་གིས་དེ་འདྲའི་ཕུ་དཀྲུག་མདའ་དཀྲུག་ཅིག་མི་ནུས་པ་བསྙོན་དུ་མེད་པས་འགལ་ལོ།།ཉང་ཉི་མ་འོད་ཟེར་གྱི་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད་ཅེས་པ་སོགས་ཀྱི་ནང་དུ།བློན་པོ་སྡིན་པ་ཅན་སྐོར་ཞིག་ནང་བློན་དུ་བསྐོས་ཤིང་ཁོ་ཚོ་ཆོས་ལ་གནག་པས་བཙན་པོའི་བློ་བསྒྱུར་ཏེ་ཆོས་བསྣུབས་ཅེས་བཤད་ཡོད་པ་རེད།དེ་ཡིན་དགོས་ན་ཡང་སྐྱོན་དུ་འགྲོ་སྟེ།ཆོས་བློན་བན་དེ་བྲན་ཀ་དཔལ་ཡོན་སོགས་གཙོ་བྱས་ཏེ་བཤད་པས་སྲིད་བློན་དག་གི་ལོ་རྒྱུས་དངོས་བསྒྲིབས་བཞག་པ་རེད་མ་གཏོགས།བློན་པོ་དབའ་སྟག་སྣ་དང་ཁྲི་གསུམ་རྗེ་སོགས་ཁྲི་རལ་བ་ཅན་གྱི་སྐབས་ནས་སྲིད་སྟེགས་སྟེང་གི་བློན་པོ་ཡིན་པ་ནི།ཡིག་ཚང་རྙིང་བ་དང་དབོན་ཞང་རྡོ་རིང་གི་བཀའ་གཙིགས་ཡི་གེར་གསལ་བ་མ་ཟད།དབའི་རུས་རྒྱུད་ཀྱིས་སྔོན་རབས་བཙན་པོ་མང་པོའི་སྲིད་བློན་བྱས་ཏེ་སོ་སོར་རྒྱལ་སྲིད་ཀྱི་བྱས་རྗེས་འཇོག་རོགས་གནང་མཁན་གྱི་ཁྱིམ་རྒྱུད་རྙིང་བ་ཞིག་ཡིན་ཞེས་མཁར་རྨེའུ་ལགས་ཀྱིས་བཞེད་འདུག།དེ་ཡིན་དུས།དབང་སྟག་སྣ་སོགས་ངེས་པ་དོན་གྱིས་དམ་ཆོས་ལ་ཤིན་ཏུ་གནག་ཅིང་མཐའ་གཅིག་ཏུ་སྡང་སྟེ་ཆོས་ཞེས་པ་རིག་པས་ཀྱང་བཟོད་མི་ཐུབ་པའི་སྡུག་བསྔལ་སྟེར་ས་ཞིག་ཡིན་ན།ཁྲི་རལ་བ་ཅན་གྱི་སྐབས་ནས་ཆོས་བསྣུབས་འོས་མོད་དེ་དུས་བསྣུབས་རྒྱུ་ཕར་ཞོག།ཁྲི་དར་མའི་སྐབས་སུའང་དེ་མ་ཐག་ནས་མདའ་རྒྱག་མདུང་རྒྱག་བྱས་མེད་པ་ཚང་མས་མཐོང་ཡོད་རྒྱུ་རེད།དེའི་སྟབས་ཀྱིས་ཆོས་ལུགས་པའི་ཁ་ནང་མིག་ནང་གི་བདུད་འདྲེ་རུ་གྱུར་བའི་ཁྲི་དར་མ་རྒྱལ་བློན་དེ་དག་ནི་མ་ཉེས་ཁག་གཡོགས་ཀྱིས་བཞུད་སོང་བ་ལས།དོན་དམ་པར་ཆོས་ལུགས་ལ་གཏིང་ནས་གནག་སྟེ་རྒྱུ་མེད་རྐྱེན་མེད་དང་འོས་མེད་ལུགས་མེད་དུ་ཕོག་ཐུག་བཏང་བ་ཞིག་མིན་པ་ཧ་མི་གོ་ས་མེད།

གཞན་ད་དུང་ཁྲི་དར་མ་བཀྲོངས་རྗེས་ཀྱི་ལོ་རྒྱུས་ཡིག་ཚང་ཁྲོད་གསལ་བའི་བྲིས་ཡིག་ཅིག་གིས་ང་ཚོར་བདེན་དཔང་བྱེད་ཡོང་སྟེ།ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་ཁྲི་དར་མ་བཀྲོངས་ནས་བྲོས་ཕྱིན་ཏེ་ཐར་སོང་པ་མ་ཡིན་པར་བསམ་བཞིན་མ་བཟུང་པ་རེད།བཙན་པོར་མདའ་བརྒྱབ་ནས་བཀྲོངས་རྗེས་དེར་ར་མདའ་མང་པོ་བོས་ནས་ཕྱོགས་བཞིར་རྒྱུགས་ཀྱང་རྒྱལ་པོ་གསོད་པའི་ལག་དམར་མ་རྙེད།༼རྒྱལ་རབས་གསལ་མེ༽སོགས་ལས་ལྷ་ལུང་དཔལ་རྡོར་ཡིན་པ་སྙིང་ཁར་རེག་པས་ཤེས་ཀྱང་སྦེད་གསང་གནང་བར་བཤད་འདུག།གང་ལྟར་ཕྱོགས་བཞི་མཚམས་བརྒྱད་དུ་གནས་སྡོད་བྱས་ཏེ་ཡོད་པའི་རྒྱལ་ཁབ་ཀྱི་དམག་མི་དེ་འདྲའི་མང་པོ་ཞིག་དང་།ར་མདའ་དེ་འདྲ་མང་པོ་ཞིག་གིས་གཞོངས་ཁོག་ཆེ་བའི་བོད་ཆེན་པོའི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱི་དཀྱིལ།ཇོ་ཁང་གི་མདུན་ནས་བཙན་པོ་ཁྲི་དར་མ་བཀྲོངས་ཏེ་བྲོས་པའི་སྐྱ་མི་ཞིག་ཀྱང་ལག་ལ་རྙེད་པའི་དཔུང་སྟོབས་དང་ཐབས་ཇུས་མེད་ན།ལོ་ངོ་འགའི་སྔ་རོལ་ཏག་ཏག་ལ་བྱུང་པའི་སུམ་ཉིས་སུ་ཡི་དཀྱིལ་འཁོར་བཟུང་སྟེ་ཕྱི་ཕྱོགས་རྒྱ་བསྐྱེད་མྱོང་པའི་སྟོབས་ཤུགས་བསྒྲུན་ཟླ་བྲལ་བ་དེ་འདྲ་སྐབས་དེར་ཅིའི་ཕྱིར་མེད་སོང་བ་ཡིན་ནམ།དེ་ལྟར་ལྷ་ལུང་བྲོས་ཕྱིན་པ་མཐོང་མཁན་མེད་པ་དང་རྙེད་མཁན་མེད་པ་སོགས་ཀྱིས་ལྷག་ཏུ་སྐབས་དེའི་རྒྱལ་པོ་ཁྲི་དར་མ་ནི་དཔུང་མེད་ཁེར་རྐྱང་ཡིན་པ་གསལ་ལ།བཙན་པོ་ཁོང་ལ་ཞབས་འབྲིང་ཙམ་ཡང་མེད་ཚོད་འདུག །

ལར་ཡིན་ན་ཁྲི་དར་མ་བཀྲོངས་ཚར་བས་ངོ་ཆེན་སུ་ཡི་ཞལ་སྒོ་སྲུང་དགོས་མེད་སྟབས་ར་མདའ་སོགས་མ་རྒྱུགས་ཀྱང་ཆོག་མོད།ཕྱིའི་རྣམ་པ་ཙམ་སྟོན་ཆེད་དུ་ར་མདར་རྒྱུགས་པ་རེད།ར་མདར་རྒྱུགས་པ་དེ་ལས་རྟོགས་ཐུབ་པ་ནི།ར་མདར་རྒྱུགས་མཁན་དག་ནི་དབའ་རྒྱལ་ཏོ་རེ་སྟག་གཉའ་སོགས་བཙན་པོར་བློ་དཀར་པའི་བློན་ཆེན་སོགས་ཡིན་པ་དཔོག་ནུས་མོད།བཙན་པོ་ཁོང་དང་ལྷན་དུ་ཤི་གསོན་མཉམ་གནས་ཀྱིས་དཀའ་སྡུག་མང་པོར་གདོང་གཏད་མྱོང་བའི་བློན་ཆེན་དེ་ཚོས་ཀྱང་།བཙན་པོ་སྐུ་བཀྲོངས་བའི་ལག་དམར་དེ་ཉིད་ས་སྲོས་ཏེ་མ་རྙེད་ཟེར་བའི་སྐད་ཆ་ཐབས་རྡུགས་ཤིག་གིས་བཙན་པོ་ཁོང་ལ་འདས་མཆོད་བསྒྲུབས་ཏེ་ཡོད་ཚད་མཇུག་རྫོགས་པར་བྱས་སོ།།དེའི་རྒྱུ་མཚན་གང་ཡིན་སྲིད་པར་རྗེས་སུ་དཔགས་ན།ཁྲི་དར་མའི་སྐབས་སུ་ཆོས་བློན་སོ་སོའི་དབང་ཤུགས་ཆེས་ཆེར་རྒྱས་ཏེ་དབའ་རྒྱལ་ཏོ་རེ་སྟག་གཉའ་སོགས་སྲིད་གྱི་བློན་ཆེན་ཚོའི་ནུས་ཤུགས་དང་དཔུང་ཤེད་ཉམས་ཞན་དུ་གནས་ཡོད་པ་གསལ་བཤད་བྱས་ཡོད།དེ་གང་གིས་ཤེས་ཟེར་ན།

གཅིག་ནས་བཙན་པོ་སྐུ་བཀྲོངས་པ་དེས་དབའ་རྒྱལ་ཏོ་རེ་སྟག་གཉའ་སོགས་ནང་བློན་ཆེན་པོ་ཚོའི་སེམས་ཁོང་དུ་ཞེ་སྡང་དང་ན་ཟུག་ཧ་ལས་པ་ཞིག་ཡོད་སྲིད་ཀྱང་།ལག་དམར་གང་དེ་མཐའ་གཅིག་ཏུ་བརྩད་བཅད་ནས་ཁྲིམས་སྒོར་ཕབ་རྒྱུ་མ་རྙེད་པ་དེ།མ་རྙེད་པ་ཁོ་ན་ཞིག་མིན་པར་ལག་དམར་དེའི་ལྟག་རྒྱབ་ན་སྟོབས་དང་ལྡན་པའི་ལག་དམར་དེའི་དཔུང་ཁག་ཅིག་ཡོད་པ་བསྟན།དེ་མིན་ན།རི་དྭགས་ཤྭ་བ་སོགས་བསད་ནའང་ཁྲིམས་ཆད་ཕོག་པའི་སྐབས་དེ་དག་ཏུ།རྒྱལ་ཁབ་ཅིག་གི་རྒྱལ་པོ་བསད་ན་ནི་སྨོས་ག་ལ་དགོས་མོད།ལག་དམར་དེ་ཕྱི་དྲོ་ཞིག་གི་དུས་ཚོད་ཐུང་ངུ་ཙམ་ལས་བརྩད་མ་བཅད་པར་ཤིན་ཏུ༼བདེ་འཇགས༽ལྡན་པའི་སྒོ་ནས་བསྐྱུར་བཞག་པ་ནི།ནམ་ཞིག་ཁོ་ཚོའང་བཙན་པོ་ནང་བཞིན་གྱི་ཉེན་ཁར་ཐུག་འགྲོ་པས་རེད།ནམ་ཞིག་གཤེད་མའི་འཁོར་གསུམ་ལུས་ལ་བགོས་པའི་ཆོས་ལུགས་པ་དེ་ཚོའི་ལག་འོག་ནས།སྲིད་དོན་དུ་བྱ་བ་བྱེད་མཁན་ཚོར་ཚེ་དུས་མ་ཡིན་པའི་ཚེ་དུས་གཞན་ཞིག་བྱ་རྒྱུ་མགོ་ཐོག་ཏུ་འབབ་སྲིད་པས་རེད།

གཉིས་ནས་བཙན་པོ་བཀྲོངས་ཟིན་རྗེས་ནང་བློན་ཆེན་མོ་དབའ་རྒྱལ་ཏོ་རེ་སྟག་གཉའ་སོགས་ཀྱིས་སྲིད་སྐྱོང་འོས་པའི༼སྐབས་དེར་འོད་སྲུངས་ད་དུང་བཙས་མ་ཐག་ཙང་ཡིན་འདུག༽ལམ་ལུགས་ནི་སྔོན་ཆད་ནས་ཡོད་མྱོང་མོད།དེ་ལྟའི་རླུང་རྟ་འཕེར་པོ་མེད་ཅིང་བྱ་བ་ལམ་འགྲོ་མ་བྱུང་བར་སོ་སོར་གྱེས་ཏེ་སིལ་བུར་འཐོར་སོང་བ་དེས་ཀྱང་།ཁྲི་དར་མའི་ནང་བློན་ཆེན་མོ་དབའ་རྒྱལ་ཏོ་རེ་སོགས་ལ་དབང་ཆ་དང་སྟོབས་ཤུགས་མེད་པ་མངོན་པར་བསྟན།དེའི་ཕྱིར་དེ་ལྟ་བུའི་སྤྱི་ཚོགས་མགོ་རྒྱལ་ཞིག་གི་ཁྲོད་དུ་དེ་ལྟ་བུའི་རྒྱལ་བློན་གཉོམ་ཆུང་སྐོར་ཞིག་གིས་དེ་ལྟ་བུའི་ས་ལོག་ཆུ་ལོག་རྒྱུག་པ་ལྟ་བུའི་ཡས་དཀྲུག་མས་དཀྲུག་ཐུ་མོ་ཞིག་བྱས་སོང་ཟེར་བ་ཨེ་བདེན་ནམ།ཆོས་ལུགས་ཀྱི་ཆེད་དུ་རྒྱལ་ཁབ་ཀྱི་སྲིད་དོན་པ་ཚོར་དེ་འདྲའི་ཉེན་ཁ་ཆེན་པོ་ཞིག་བསླངས་མཁན་ནི་ཆོས་བློན་ཚོ་གཙོས་པའི་གླེན་རྨོངས་དང་གཡམ་རྒྱུགས་ཆེ་བའི་མི་དམངས་ཡིན་ལ།སྲིད་དོན་གྱི་ཆེད་དུ་ཆོས་ལུགས་པའི་བསླངས་པའི་ཉེན་ཁའམ་སྐྱོར་གར་དེའི་གདོང་གཏད་དུ་འགྲེང་མཁན་ནི་དཔུང་དང་སྟོབས་ཆུང་ཞིང་།གཟུ་བོར་གནས་ལ་སྒལ་ཚུགས་མཁྲེགས་པའི་རྒྱལ་བློན་དཔྱོད་ཤེས་ཅན་སྐོར་ཞིག་ཡིན་ནོ།།

མ་ཟད་གླང་དར་མས་བསྟན་པ་བསྣུབས་ཞེས་པ་དོན་དམ་པར་ཅི་ལྟ་བུ་ཞིག་ཡིན་པ་ནི།ཇི་སྐད་དུ།གཟུར་གནས་མཁས་དབང་མཁར་རྨེའུ་ལགས་ཀྱི་མདའ་དང་འཕང་གི་ནང་དུ།དེར་བརྟེན་བཙན་པོ་ཁྲི་དར་མ་དང་སྲིད་ཀྱི་བློན་པོ་དབའ་རྒྱལ་ཏོ་རེ་སྟག་གཉའ་གཉིས་ཀྱིས་སྤྱི་ལོ༨༣༡ཙམ་ལ་གོང་དུ་སྨོས་པའི་གཙུག་ལག་ཁང་རྣམས་དང་དེར་ཡོད་པའི་དགེ་འདུན་གྱི་འཚོ་རྟེན་རྒྱལ་པོའི་བླ་མཛོད་ནས་སྦྱར་བའི་རྒྱུན་བཅད།མཆོད་གཞིས་རྣམས་ཕྱིར་ཕྲོགབླ་འབངས་སམ་གཙུག་ལག་ཁང་གི་མི་སེར་རྣམས་གློད་དཀྲོལ་བྱས།མི་གཞོན་དམག་ཁྲལ་ལ་འགྲོ་དགོས་པའི་རྐྱེན་གྱིས་མི་གཞོན་རབ་ཏུ་བྱུང་བ་བཀགམི་མང་རབ་ཏུ་བྱུང་ན་བོད་ཀྱི་མི་འབོར་ལ་གནོད་འཚེ་ཆེན་པོ་ཡོད་པའི་རྐྱེན་གྱིས་སྔར་ཡོད་གྲྭ་བ་འགའ་ཤས་ཁྱིམ་དུ་ཕབས།སངས་རྒྱས་ཆོས་ལུགས་ཀྱི་གྲྭ་བའི་འཚོ་རྟེན་གཞན་ལ་བརྟེན་པའི་ལམ་ལུགས་ལ་བཀག་འགོག་ཤུགས་ཆེར་བྱས་པ་བཅས་སོ།།ཞེས་གསུངས་འདུག་པ་དེ་འདྲ་བ་ལ།དོན་གྱིས་ཆོས་ལུགས་པའི་བསྟན་པ་བསྣུབས་ཞེས་ཆེ་འདོགས་བྱས་པ་ཞིག་ལས་དོན་དངོས་སུ་དེ་འདྲ་ཞིག་ཡིན་སྲིད་པའི་ཤེས་བྱེད་མི་རྙེད།གཞན་ཡང་།བཙན་པོ་རིམ་བྱོན་གྱི་ནང་ནས་ཁ་ཤས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་སྦྱིན་བདག་མཛད་པ་ལ་སངས་རྒྱས་ཆོས་ལུགས་མི་སྣས་རྟག་པར༼ཆོས་རྒྱལ༽དང༼བྱང་ཆུབ་སེམས་དཔའ༽སོགས་ཀྱི་སྒོ་ནས་གཟེངས་བསྟོད་ཧ་ཅང་བྱས།ཞེས་གསུངས་འདུག་པ་དང་།ཁྲི་དར་མ་ནི་སྐྱེ་བོ་བླུན་པོ་ཞིག་གི་རྣམ་པར་བསྟན་པ་དང༼ཐུགས་སུ་གདོན་གསོལ༽ཟེར་བ་དང་བློན་ཆེན་ཚོ་ནི་ཇག་རྐུན་སྡེ་བའི་རྣམ་པར་བསྟན་པ་རྣམས་ནི་ཕྱིས་སུ་བྱུང་བའི་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་མཁན་གྱིས་ལོ་རྒྱུས་གསར་པ་བཟོས་པ་ཡིན་པར་སྙམ།ཞེས་དོགས་པ་འཕངས་འདུག་པ་ལྟར།སྒེར་གཅོད་ཆེ་ལ་དཀྱེལ་ཡངས་མེད་པ།བཙན་དྲག་ཆེ་ལ་ཧམ་ཤེད་ཚ་བོ་བདོག་པའི་ཆོས་ལུགས་པ་དེ་དག་གིས།ཆོས་ཞེས་པ་ཁོ་ན་འགེབ་སྲུང་བྱས་པ་ཞིག་ཀྱང་མ་ལགས་ཏེ།རང་གི་གྲུབ་མཐའ་དང་རང་གི་དད་མོས་བྱ་ཡུལ་གྱི་ནང་བསྟན་ཆོས་ལུགས་ཁོ་ན་གཅེས་པར་བཟུང་སྟེ་བོན་ཆོས་སོགས་གད་སྙིགས་ལྟར་ཅི་མ་ཡིན་གྱིས་གཡུགས་ནས་ལོ་རྒྱུས་བྲིས་འདུག་པ་མངོན་སུམ་དུ་མཐོང་རྒྱུ་འདུག་ལ།རང་གི་དད་མོས་དང་མཐུན་པའི་བྱ་བ་བྱེད་མཁན་དང་ཕན་ཁེ་སྐྲུན་མཁན་དག་འབའ་ཞིག་འུར་བསྟོད་དང་རྒྱས་བཤད་བྱས་ཏེ་ལོ་རྒྱུས་འབྲི་བཞིན་འབྲི་བཞིན་སོང་ཡོད་པ་ནི་ཐལ་ཆེ་བ་ཞིག་ཡོད།དེའི་ཕྱིར།ལྟ་ལོག་པ་དང་བསྟན་བཤིག་ཅེས་གཡས་འབོད་གཡོན་འབོད་བྱེད་རྒྱུར་གོམས་པའི་ནང་བསྟན་པ་ཁོ་ཚོ་ཡང་།དྲང་བདེན་དང་བོན་ཆོས་ཀྱི་ངོས་ནས་བལྟས་ན།ལྟ་ལོག་པ་དང་བསྟན་བཤིག་མཁན་ངོ་མ་ཞིག་ཆགས་བསྡད་ཡོད།

དེ་ལྟར་ན།བཙན་པོ་ཁྲི་དར་མའི་མི་ཚེའི་ལྟ་སྟངས་ལ་མི་འདོད་བཞིན་དུ་འགྱུར་ལྡོག་དེ་འདྲ་ཞིག་གཏོང་དགོས་པའམ།ངོ་བོ་མི་འདྲ་བའི་དབང་བསྒྱུར་སྲིད་ཇུས་གཉིས་སྤེལ་དགོས་བྱུང་བ་དེ་དང་གཅིག།བཙན་པོ་བཀྲོངས་པའི་ལག་དམར་མ་རྙེད་པ་དང་གཉིས་པོ་ནི།སྐྱོན་ཀྱིས་བསླད་པའི་ལོ་རྒྱུས་ཀྱི་ཧྲག་བར་ནས་ལོ་རྒྱུས་ཀྱི་བདེན་པར་བལྟ་བྱེད་ཀྱི་གསང་མིག་གཉིས་རེད་འདུགདེ་མ་གཏོགས་ཆོས་ལུགས་པ་ལོ་རྒྱུས་སྨྲ་བ་བོ་དག་གི་འདོད་པ་ལྟར།ཐུགས་སུ་གདོན་གསོལ་ཏེ་ཅི་བྱུང་གང་བྱུང་དང་སྨྱོ་རྟགས་གཟའ་རྟགས་བསྟན་པའི་ལས་ཞིག་རྩ་བ་ཉིད་ནས་མིན་པ་མ་ཟད།མུག་སྐད་དེ་དག་ནི་ཡིད་རྟོན་དང་ཆ་འཇོག་རྡུལ་ཕྲན་ཙམ་ཡང་མེད་པའི་ཞེ་སྡང་གི་གཏམ་ཁོ་ན་ཞིག་ཡིན་པ་གསལ་ལོ།།མུག་སྐད་དེ་དག་ནི་མི་རིགས་ཀྱི་མདུན་ལམ་རྩ་བ་ནས་བོར་ཞིང་མི་རིགས་ཀྱི་སྐྱིད་སྡུག་ཐང་ལ་གཡུགས་ཏེ་ཆོས་ལུགས་ཀྱི་དར་རྒུད་ཁོ་ན་པང་ལ་བཟུང་བའི་དཀྱལ་གཏམ་ཆ་མེད་ཅིག་ཡིན་པ་གསལ་ལོ།།

ཏུན་ཧོང་ཡིག་རྙིང་གསེབ་ཀྱི་ཁྲི་དར་མ།

སྦ་བཞེད་ཞབས་བཏགས་མ་དང་དེའི༼གཅེས་ཕྲུག༽དག་གིས།བདེན་ཅོག་ཅོག་བྱེད་བཞིན།འཛེམ་དོགས་གང་ཡང་མེད་ཅིང་སྣང་བ་མཐོ་མཐོའི་སྒོ་ནས།གླང་དར་མ་ནི་ཆུང་དུས་ནས་སྡིག་ལ་དགའ་ཞིག་ཆོས་ལ་གནག་པ།རྨོངས་རྟུལ་ཆེ་བ་སོགས་མང་དུ་བརྗོད་མོད།ཡང་དེ་དག་ལས་བྱུང་བའི་ཁྲི་དར་མའི་གསུང་ཚིག་འགའ་ཞིག་ལ་བལྟས་ན།ཁྲི་དར་མའང་སྲོང་བཙན་དང་།ཁྲི་སྲོང་ལྡེ་བཙན།རལ་བ་ཅན་ལྟར་དུ་ཆོས་ལ་ཤིན་ཏུ་མཁས་ཤིང་དུས་གསུམ་མཁྱེན་པའི་བླ་མ་དགེ་བཤེས་ལྟ་བུ་ཞིག་ཡིན་པའི་བཟོ་ཡང་ཐད་ཀར་མཐོང་རྒྱུ་འདུག་སྟེ།དཔེར་ན།གནོད་སྦྱིན་གྱི་ལྷ་ལྟ་བུ།རི་རབ་ཀྱི་རྩེ་མོ་ལྟ་བུ།ལྷ་འཁྲུག་པ་ལྟ་བུ་དང་།གཞན་དབུ་རྒྱལ་དང་།མ་ག་ཏར།རྒྱ་ནག་ཕུང་བར་བྱས།དེ་ནས་བོད་ཡུལ་འོངས་ནས་སོགས་རིམ་བཞིན་སྐྱེ་བ་སྔ་ཕྱིའི་ལས་རིམ་བསྟན་ཡོད་པ་སོགས་ལས་གསལ།འོན་ཀྱང་།ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་བསྔོ་ཡིག་དག་དང་འདི་གཉིས་ནི་རྩ་བ་ནས་འདྲ་ཐབས་མེད་མོད།གལ་ཏེ་འདི་བདེན་དགོས་ན།གླང་དར་མ་ནི་ཆོས་མི་ཤེས་པའི་རྨོངས་རྟུལ་ཞིག་ཡིན་ཟེར་བ་སོགས་དང་རོ་རྒྱབ་ཁུར་དུ་སོང་ཡོད་དོ།།

གནའ་བོའི་ཡིག་རྙིང་ཁྲོད་ན་ཁྲི་དར་མའི་མཚན་འདོགས་ལ་གླང་དར་མ་ཞེས་མེད་པར་བཙན་པོ་འུའི་དུམ་བརྟན་ནམ་དུམ་བརྟན་དང་ལྷ་སྲས་དར་མར་འབོད་ཅེས་བློ་གཟུ་བོར་གནས་པའི་མཁས་དབང་མཁར་རྨེའུ་ལགས་ཀྱིས་བདེན་པ་ཁུངས་སྐྱེལ་བྱས་ཡོད་ལ།གཤིས་རྒྱུད་རྩུབ་ཅིང་ཤེས་རྨོངས་པ་སོགས་མདོར་ན་གོང་གི་ཆོས་འབྱུང་དག་དང་ཕུན་ཚོགས་ཚེ་རིང་སོགས་ཀྱིས་བྲིས་པའི་ལོ་རྒྱུས་ལྟར་ཡོད་པ་ཞིག་རྩ་བ་ནས་མིན་པ་ནི།མཁར་རྨེའུ་ལགས་ཀྱིས༡༩༧༦ལོར་ཏུན་ཧོང་ཡིག་རྙིང་གི་གྲས་ནས་རྙེད་པའི་ཡིག་ཆ་ཁུངས་ལྡན་ཞིག་གིས་བདེན་དཔང་བྱས་ཡོད།དེའི་ནང་གི་ཕྱི་དུམ་འགའ་བཀོད་ན།བོད་ཁམས་ཀུན་ཀྱང་བདེ་ཞིང་སྐྱིད།ལྷ་སྲས་དར་མ་མན་ཅད༼ཆད༽དང་།།འོད་སྲུང་དབོན་སྲས་མན༼ཡན༽ཆད་དུ།།སྤྱི་ནི་དར་ཞིང་རྒྱས་ཅེས༼ཆེས༽པས།།མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད།ཅེས་པ་སོགས་སོ།།ལོ་རྒྱུས་འདི་དུས་སྐབས་དེ་རང་དུ་བྲིས་པས་ད་བར་ལོ་ཆིག་སྟོང་ཉིས་བརྒྱ་ལོན་པ་དང་དེ་ནི་ཕྱིས་སུ་བྱུང་བའི་ལོ་རྒྱུས་མཁན་གྱིས་ཕྱོགས་ཞེན་གྱིས་མ་བསླད་པའི་ཡིག་ཆ་ཁུངས་ལྡན་ཞིག་ཡིན།ཞེས་མཁས་དབང་ཁོང་གིས་གདེང་སྤོབས་ལྡན་པའི་སྒོ་ནས་གསུངས་ཤིང་།དེ་སྔོན་མཁས་པ་སུ་གང་གིས་གཟིགས་མི་འདུག་པས་བོད་ཀྱི་ལོ་རྒྱུས་མཁན་ཚོར་ལེགས་སྐྱེས་སུ་འབུལ།ཞེས་བྲིས་གནང་ཡོད་དོ།།

ད་དུང་།ཁྲི་དར་མ་ཁྲི་ལ་མངའ་གསོལ་བ་ནས་བཟུང་།ཆབ་སྲིད་ཀྱི་མངའ་ཐང་ཉམས་རྒུད་དུ་ཕྱིན་པ་དང་འབངས་རྣམས་བཙན་པོར་ཡི་མི་རིངས་པ་དང་བསྟན་པ་བསྣུབས་ཟེར་བ་སོགས་ནི་གཞི་མི་གྲུབ་པའི་བྱུང་རྒྱལ་གྱི་དཀྱལ་ངག་རང་ཡིན་འདུག་སྟེ།མཁར་རྨེའུ་དང་།རྒྱལ་མོ་འབྲུག་པ།གཉའ་གོང་དཀོན་མཆོག་ཚེ་བརྟན།འབྲི་གུང་སྐྱབས་མགོན་ཚང་སོགས་སོ་སོས་ཏུན་ཧོང་ཡིག་རྙིང་བཀོད་དེ་ཆབ་སྲིད་དར་བ་དང་།རབ་བྱུང་བའི་དབང་ཤེད་ལ་ཚོད་འཛིན་ཙམ་བྱས་པ་ལས་སངས་རྒྱས་ཆོས་ལུགས་རང་རྩ་མེད་བཟོས་པ་མིན་པ།བཙན་པོའི་མངའ་འབངས་རྣམས་ཀྱང་ཁྲི་དར་མ་ལ་དད་གུས་ཡོད་པའི་ལོ་རྒྱུས་ཀྱི་དཔང་བོ་རུ་བཞག་ཡོད་པ་འདི་ལྟར།

མཁར་རྨེའུ་བསམ་གཏན་གྱི་མདའ་དང་འཕང་གི་ལྡེབ་གྲངས༡༣དང༡༤ངོས་སུ།ཁྲིད་དར་མས་རྒྱ་ཤ་ཅུ་དང་འཛམ་གླིང་ཤར་དཀྱིལ་གྱི་དར་ལམ་ཁུལ་དུ་ཡོད་པའི་བོད་ཀྱི་མངའ་རིས་ལ་སྔར་བཞིན་ཆབ་སྲིད་ཀྱི་དབང་བསྒྱུར་བ་དང་དེ་དག་ཏུ་ཡོད་པའི་མི་རིགས་བོད་ཀྱི་མངའ་འབངས་སུ་གཏོགས་པ་ཚོས་བོད་བཙན་པོའི་རྒྱལ་ཁབ་ལ་བདེ་འཇགས་ཡོང་བ་དང་རྒྱལ་པོ་ཆེན་པོའི་སྐུ་ཚེ་རིང་བ་དང་མངའ་ཐང་རྒྱས་པའི་ཆེད་དུ་སྨོན་ལམ་ཞུས་པ་འདི་ལྟར་འདུག༼བཙན་པོ་ལྷ་སྲས་འུའི་དུམ་བརྟན་གྱི་སྐུ་ཡོན་དུ་བསྔོ་བའི་སྨོན་ལམ་དུ་གསོལ་པ།ཆགས༼ཆབ༽འོག་གི་འབངས་ལས་མཆོག་པའི་གནས་སུ་གནང་སྟེ།རང་དབང་བསྐུར་ནས་མྱི་མང་པོ་ཐར་པར་བཀྱེ་ཡང་གྲོལ།ཐར་པའི་སྣོད་དུ་འགྱུར་ཞིང་འགྲོ་བ་མང་པོ་ལ་ཕན་པ་དང་།བདེ་བའི་དོན་བྱེད་པར་གྱུར་ཅིགབར་ཆད་ཀྱི་བགེགས་དང་བྲལ་ཏེ།ཚེ་ལ་དབང་ཐོབ་པར་སྨོན་ནོ།།གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོམ་ཡང་ལྷ་དང་མྱིའི་མཆོད་པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་ཏུ་དམ་པའི་ཆོས་མྱི་འཇིག་ཅིང་གནས་པར་གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་ཀྱི་གཞིར་གྱུར་ཅིགཕྱོགས་བརྒྱད་ཀྱི་རྒྱལ་པོ་ཐམས་ཅད་ཀྱང་བཀའ་འོག་ཏུ་འདུས་པ་དང་།ད་ལྟར་བཞུགས་པའི་སྐུ་འདི་ལ་ལྟས་ངན་པ་སྟོན་པ་དང་།འགེགས་དང་ཕས་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་ཤིང་སྐུ་ཚེ་གཡུང་དྲུང་དུ་བཞུགས་པར་སྨོན་ནོ།[ཏུན་ཧོང་ཡིག་རྙིང་།མེ་ཁོ་དོ་ནེལ།ཨེ་མེ་ད།༡༩༧༨.Vo1.PI.155]༽ཞེས་དང་།

སྐུ་ཞབས་རྒྱལ་མོ་འབྲུག་གི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་གྱི་ལྡེབ་གྲངས༡༤༣ངོས་སུ།༼ཏུན་ཧོང་གཏེར་ཡིག༽ལས༼འུའྀ་དུམ་བརྟན་གྱི་བསྔོ་ཡིག༽ཅེས་པའི་ཤོག་དྲིལ་དུ།༼བཙན་པོ་འུའྀ་དུམ་བརྟན་གྱི་ཞ་སྔ་ནས་ཀྱང་།ཚེའི་བར་ཆད་ཀྱྀ་བགེགས་དང་བྲལ་ཏེ།ཚེ་ལ་དབང་ཐོབ་པར་སྨོན་ནོ།།གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩྀགས་ཤིང་རྙིང་བཅོས་པ་ཡང་ལྷ་དང་མྱྀའྀ་མཆོད་པའྀ་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་དམ་པའི་ཆོས་མྱྀ་འཇྀག་ཅིང་གནས་པར་ཅེས་གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་ཀྱྀ་གཞྀར་གྱུར་ཅིག༽དང་།ཡང༼དམ་པའི་ཆོས་བསྲུང་བ་དང་།རྒྱལ་ཁམས་བྱྀན་ཆེན་པོའི་སྲིད་བཅའ་བའྀ་དོན་དང་།རྒྱལ་པོ་ཆེན་པོའྀ་དབང་དང་མཐུ་སྟོབས་ཀྱྀས་དགྲར་གྱུར་བའྀ་སེམས་ཅན་གཞན།སྲོག་སྲིད་ལ་ཕབ་པ་མན་ཅད།གནོད་པའྀ་ཕྱོགས་སུ་གྱུར་ཏེ།ཕྱོགས་བརྒྱད་ཀྱི་རྒྱལ་པོ་ཐམས་ཅད་ཀྱང་།བཀའ་འོག་ཏུ་འདུས་པ་དང་།ད་ལྟར་བཞུགས་པའི་སྐུ་འདི་ལ་ལྟས་ངན་པར་སྟོན་པ་དང་།བགེགས་དང་ཕས་ཀྱིས་རྒོལ་བ་ཐམས་ཅད་ཀྱིས་མྱྀ་ཚུགས་ཤིང་སྐུ་ཚེ་གཡུང་དྲུང་དུ་བཞུགས་པར་སྨོན་ནོ།[ཏུན་ཧོང་ཡི་གེའི་ཤོག་དྲིལ་ཨངP.T134པ་ཡིན]༽ཞེས་གསལ་ཐང་ཐང་དུ་བཀོད་དེ་ལྗན་ལྗིན་ཟོག་པོའི་རྫས་རིགས་ཡུལ་དུ་སྤྱུགས་ཤིང་ཤིན་གསལ་བདེན་པ་རྒྱལ་པོ་མདུན་ལ་བསུས་ཡོད་པ་ལ་དཔགས་ན་གོང་གི་ཕྱོགས་སུ་ཆད་པའི་དེབ་རྒན་རྙིང་བ་སོགས་སུ་གསལ་བའི་མུག་སྐད་དེ་རིགས་ནི་བློ་བཅོས་དང་རྫུན་བཟོ་ཐལ་དྲགས་པ་ཞིག་ཡིན་པ་ཤེས་སླའོ།།ང་རང་ལྟར་ན་བཙན་པོའི་སྐབས་ཀྱི་ཚིག་ཟིན་ཇི་བཞིན་རང་སོར་གནས་ཤིང་མིའུ་ཆུང་སུ་གང་གིས་ལག་དུག་གིས་མ༼མནོལ༽བའི་གནའ་ཡིག་དེ་དག་ལ་ཆ་འཇོག་ཆེས་ཆེར་འཕེར།རྒྱུ་མཚན་ནི།དེ་ལ་དད་ཅན་ལོ་རྒྱུས་སྨྲ་བ་བོ་ཕྱོགས་རིས་ཅན་དག་གི༼བསེ་གྲིབ༽ཀྱིས་མ་གུས་ཤིང་།ཆབ་སྲིད་དམ་དྲག་གི་འཇིགས་པས་ཞིམ་པའི་ལོ་རྒྱུས་སྨྲ་བ་བོ་སྡར་མ་དག་གི༼དམེ་བཙོག༽གིས་མ་བརླམས་པས་ཡིན་ནོ།།

འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་བསྒྲིགས་པའི༼བཙན་པོའི་རྒྱལ་རབས༽སུ།ཏུན་ཧོང་ལས་བྱུང་བའི་བཙན་པོ་འུའི་དུམ་བརྟན་གྱི་སྨོན་ལམ་གྱི་མ་ཡིག་ཞིབ་པར་འཁོད་ཡོད་དེ།ཆ་ཚང་བཀོད་ན་ཉོག་སྲིད་པས་ལེ་ཚན་རེ་རེ་ལས་ཚབ་མཚོན་ཙམ་དྲངས་ན།སྐྱབས་སུ་འགྲོ་བའི་ལེ་ཚན་དུ།བཙན་པོ་འུའི་དུམ་བརྟན་གྱི་ཞལ་སྔ་ནས།བདག་ཅག་རྣམས་ལུས་དང་།ངག་དང་།ཡིད་དང་བས་གུས་པར་ཕྱག་འཚལ་ལོ།།ཞེས་དང་།མཆོད་པ་འབུལ་བའི་ལེ་ཚན་དུ།གཞན་ཡང་བླ་ན་མེད་པའི་མཆོད་པ་དམ་པ་ཁྱད་པར་ཅན་ཐམས་ཅད།ཡིད་ཀྱིས་དམིགས་ནས་མཆོད་ཅིང་དབུལ་ལོ།།ཞེས་དང་།སྡིག་པ་བཤགས་པའི་ལེ་ཚན་དུ།ཚེ་འདི་དང་ཕྱི་མའི་བར་ཆད་ཀྱི་སྒྲིབ་པར་མི་འགྱུར་བར།འཐོལ་ཞིང་བཤགས་སོ།།ཞེས་དང་།རྗེས་སུ་ཡི་རང་བའི་ལེ་ཚན་དུ།བཙན་པོ་འུའི་དུམ་བརྟན་གྱི་ཞལ་སྔ་ནས་དང་།བདག་ཅག་རྣམས་ཀྱང་དགེ་བའི་ཕྱོགས་ཐམས་ཅད་ལ་མོས་པ་ཆེན་པོས་རྗེས་སུ་ཡིད་རང་ངོ་།།ཞེས་དང་།ཆོས་འཁོར་བསྐོར་བ་གསོལ་བའི་ལེ་ཚན་དུ།ཆོས་འཁོར་བསྐོར་བར་བསྐུལ་ཞིང་གསོལ་ལོ།མྱ་ངན་ལས་མི་འདའ་ཞིང་འཇིག་རྟེན་ན་བཞུགས་པར་གསོལ་ལོ།བྱང་ཆུབ་མཆོག་གི་སེམས་བསྐྱེད་པར་བགྱིའོ།།ཞེས་དང་།སྨོན་ལམ་དངོས་གཞིའི་ལེ་ཚན་དུ།བཙན་པོ་འུའི་དུམ་བརྟན་གྱི་ཞལ་སྔ་ནས་ཀྱང་།འགྲོ་བའི་བླ་མ་མང་པོས་བཀུར་བའི་གནས་ཐོབ་པར་སྨོན་ནོ།དཀོན་མཆོག་གསུམ་ལ་མར་མེ་ཁ་མང་པོ་ཕུལ་བ་ཡང་།ཀོང་བུ་ནི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར།མར་ནི་མཚོ་ཙམ་དུ་གྱུར།སྙིང་བོ་ནི་རི་ཙམ་གྱུར་ལ།འོད་ཀྱིས་སྲིད་པའི་རྩེ་མོ་མན་ཅད་སྣང་བར་གྱུར་པས།འཕགས་པ་ཐམས་ཅད་ལ་མཆོད་པར་གྱུར་ཅིག་ཅེས་སོགས་ཀྱིས་མཚོན་པའི་ལེ་ཚན་དྲུག་པོ་མ་ཡིག་ལྟར་འདྲ་བཤུས་གནང་འདུག་པ་ནི།གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི༼བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ༽གྱི་ལེ་ཚན༼བསྔོ་ཡིག་ཚན་པ་གཉིས༽ཞེས་པའི་ནང་གི་བཙན་པོ་ཁྲི་དར་མའི་བསྔོ་ཡིག་ཏུ་དེ་ལྟར་ལེ་ཚན་སོ་སོར་མ་ཕྱེས་ཀྱང་ཚིག་གི་གོང་འོག་ཙམ་མ་གཏོགས་ཨ་ན་མ་ན་ཞིག་འཁོད་འདུག་གོ།

ས་མོ་གླང་ལ་ཁེང་ལོག་བྱུང་།མེ་མོ་བྱ་ལ་བང་སོ་བྲུས།

ཆོས་འབྱུང་དེ་དག་ཏུ།ཁྲི་དར་མས་བསྟན་པ་བསྣུབས་པས་རྐྱེན་བྱས་ཏེ་མུ་ཏིག་བཙན་པོ་དང་ཁྲི་རལ་བ་ཅན་གྱི་བློན་ཆེན་གཙོ་བོ་སྟེ།བན་ཏེ་བྲན་ཀ་དཔལ་ཡོན་དང་བན་དེ་མྱང་ཙང་སྐུ་སོགས་དམར་གསོད་བཏང་སྟེ་བཀྲོངས་སྐད་དང་།ལྷ་སྲས་གཙང་མ་ཡུལ་སྤྱུགས་བཏང་པ།བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་བཟང་ནི་མ་ཉེས་ཁག་གཡོགས་ཐེབས་ཏེ་རང་སྲོག་གཅོད་དགོས་བྱུང་སྐད་ཀྱི་ནད་རྙིང་དང་ཤ་འཁོན་ལ་བརྟེན་ནས་འབངས་གྱེན་ལོག་བྱུང་པ་དང་།བཙན་པོའི་བང་སོ་བྲུས་པའི་ལས་འགུལ་ཡང་དེ་འཕྲལ་དུ་བྱུང་བ་འདྲ་བོ་ཞིག་བྲིས་འདུག་ཀྱང་།དེ་ནི་མ་དགའ་བའམ་ཕྱོགས་ལྷུང་ཆགས་སྡང་གི་དབང་དུ་ཤོར་བའི་ལབ་བརྡོལ་འབའ་ཞིག་ལས་མ་འདས་ཏེ།ས་མོ་གླང་ལ་ཁེང་ལོག་བྱུང་།མེ་མོ་བྱ་ལ་བང་སོ་བྲུས་ཞེས་ཐུན་མོང་གིས་འདོད་པ་ལྟར།འབངས་གྱེན་ལོག་བྱུང་དུས་ཀྱི་ལོ་ཚིགས་ནི།མངའ་བདག་འོད་སྲུངས་དགུང་ལོ་ཉེར་དྲུག་པ་སྤྱི་ལོ༨༦༩ས་མོ་གླང་ལ་ཁེང་ལོག་བྱུང་པ་དང་།དེ་ནས་ལོ་བརྒྱད་སོང་རྗེས་འོད་སྲུངས་དགུང་ལོ་སུམ་ཅུ་སོ་བཞི་པ་སྤྱི་ལོ༨༧༧མེ་མོ་བྱ་ལོར་བཙན་པོའི་བང་སོ་འབྲུ་བའི་བྱ་བ་བྱུང་བའི་འགོ་ཚུགས་པར་མངོན།ཞེས་ལོ་རྒྱུས་གཡུ་ཕྲེང་དུ་གསལ་ལ།བསྟན་པ་བསྣུབས་ལོ་དང་ཁྲི་དར་མ་འདས་ལོ་སྟེ་སྤྱི་ལོ༨༤༢ལ་བྱས་ཚེ།ཁེང་ལོག་དང་བསྟན་བསྣུབས་གཉིས་ཀྱི་བར་དུ་ལོ་གྲངས༢༧གྱི་བར་ཐག་ཡོད་ཅིང་།བང་སོ་འབྲུ་བའི་ལས་འགུལ་དེའང་ཁེང་ལོག་དང་དུས་མཉམ་དུ་བྱུང་བ་ཞིག་མིན་པར།ཁེང་ལོག་བྱུང་ནས་ལོ་ངོ༨གྱི་བར་ཐག་ཡོད་ལ།བསྟན་པ་བསྣུབས་ལོ་དང་བང་སོ་བྲུས་པའི་བར་ལོ་གྲངས༣༥ཡི་བར་ཐག་ཡོད་པས།ཆོས་འབྱུང་དག་གི་འདོད་ལུགས་ལྟར་བྱས་ན།འབངས་མི་སེར་གྱི་མིག་ནང་གི་ཚེར་མར་གྱུར་ཅིང་ངན་དགུ་ཚང་བ།གདུག་རྩུབ་ཆེ་བ།སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ལྡོག་པའི་ལམ་ལུགས་སྤེལ་མཁན་གྱི་སྐྱེ་བོ་ཀླ་ཀློས་དེ་ཉིད་དང་དེ་ཉིད་ཀྱི་ལམ་ལུགས་ལ་ཟླ་ངོགས་འགའ་ཡི་རླུང་རྟའང་མ་དར་བར་སྐུ་བཀྲོངས་པར་གྱུར།སྐུ་བཀྲོངས་ནས་ལོ་ངོ་ཉི་ཤུ་ལྷག་འགོར་བའི་སྐབས་དེ་ཤེད་ཙམ་དུའང་།ད་དུང་མི་སེར་གྱིས་ཁེང་ལོག་ཆེན་པོ་དེ་འདྲ་བྱུང་ན་ནི།ཁྲི་དར་མའི་བྱས་ཉེས་ཀྱིས་མ་ཡིན་པ་མ་ཟད།ཁྲི་དར་མའི་བྱས་པ་དེར་བདེན་ཁ་སྟེར་བའི་ལོ་རྒྱུས་ཀྱི་རྟིང་ནོན་ཞིག་ཏུ་གྱུར་བ་རེད་དེ།ཁྲི་དར་མ་སྐུ་བཀྲོངས་པ་ནས་བོད་ལ་གཅིག་གྱུར་གྱི་རྒྱལ་པོ་མ་བྱུང་སྟབས།གཡུས་རུ་དང་།གཡོན་རུ།དབུ་རུ།རུ་ལག་སོགས་ཀྱིས་མཚོན་པའི་ཆོས་བློན་གོ་ཐབ་ཅན་དག་གིས་རང་རང་ས་ནས་དཔུང་སྒར་བཙུགས་ཏེ།བེ་སང་ལ་ཐལ་དྲགས་པའི་བཤུ་གཞོག་དང་གཉའ་གནོན་བྱས་ཤིང་།བོད་ཆེན་པོའི་རྒྱལ་ཁབ་གོང་བུ་གཅིག་སྒྲིལ་ལ་བློ་མ་འཁོར་བར་བོད་འབངས་ལ་ཡ་ང་བའི་མི་སེར་སྤེལ་ཏེ།ཁྲལ་དང་འུ་ལག་རྒྱུགས་པ་སོགས་ཚད་མིན་པའི་དྲག་སྤྱོད་ལོག་སྤྱོད་དེ་འདྲ་སྤེལ་བའི་སྐྱེད་འབྲས་མིན་ན།ཁྲི་དར་མས་གཏོར་བཤིག་དེ་འདྲ་ཆེན་པོ་ཡང་བྱེད་མ་ཐུབ་པར་སྐུ་བཀྲོངས་ཤིང་།སྐུ་བཀྲོངས་ནས་ཀྱང་ལོ་ངོ་ཉི་ཤུ་སུམ་ཅུ་ལྷག་འགོར་གྱི་ཡོད་དུས་ད་དུང་བོད་ཀྱི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་ཁེང་ལོ་ཆེན་པོ་དེ་འདྲ་འབྱུང་སྲིད་པ་དེས།ཆོས་ལུགས་པའི་ཧམ་ཟ་དང་རུལ་སུངས་ཀྱི་ཚད་ནི།མི་སེར་རྣམས་འུ་ཐུག་ཐབས་ཟད་གྱུར་ཏེ།སྨྲེ་ངག་དྲག་པོས་འོ་དོད་བཏོན་ཞིང་སྲོག་ལ་བབས་ཀྱང་མཐའ་གཅིག་ཏུ་ངོ་རྒོལ་དང་གྱེན་ལོག་བྱེད་དགོས་པར་ཐུག་པ་དེ་འདྲའི་ཚད་དུ་བསླེབས་ཡོད་པ་མངོན་སུམ་དུ་བསྟན་བཞག་པ་རེད།གཞན་བཙན་པོ་ཚོའི་བང་སོ་བྲུས་ཏེ་རིན་པོ་ཆེ་མང་པོ་ཧབ་ཐོབ་བརྒྱབ་པའི་ལས་འགུལ་དེ་ལས་མཐོང་བ་ནི།ཆོས་བློན་ཚོ་གཙོས་པའི་བྲན་གཡོག་བདག་པོའམ་དབང་སྒྱུར་གྲལ་རིམ་དག་གིས་མི་དམངས་ཀྱི་ལག་ནས་རྒྱུ་ནོར་ཧམ་འཕྲོག་ཧ་ལས་པ་བྱས་ཏེ།མཐར་མི་དམངས་ཀྱི་སྲོག་དང་བསྡོས་ནས་བྲན་བདག་དེ་དག་ལ་ངོ་རྒོལ་བྱས་ཏེ་འུ་ཐུག་ནས་བཙན་པོ་ཚོའི་བང་སོ་རུ་སྦས་པའི་རྒྱུ་ནོར་རྣམས་བྲུས་ནས་འཚོ་ཐབས་མི་བྱེད་ག་མེད་དུ་གྱུར་བ་གསལ་བོར་མཚོན་ཐུབ།

གཞན་དུ་ན། དུང་དཀར་ཚིག་མཛོད་ཀྱི་ནང་དུ། ཁྲི་རལ་བ་ཅན་གྱི་སྐབས་སུ། དགེ་འདུག་ལ་་་་་་ཚད་ལས་འདས་པའི་གུས་བཀུར་གནང་བར་བརྟེན།རྗེས་སུ་འབངས་གྱེན་ལོག་འབྱུང་རྒྱུའི་རྨང་གཞི་བཏིང་བ་ལྟ་བུ་ཞིག་ཏུ་གྱུར། ཞེས་འབྱུང་བ་ལྟར། འབངས་གྱེན་ལོག་འབྱུང་བའི་རྨང་གཞི་ནི་ཁྲི་དར་མའི་མེས་པོ་སྟེ།ཆོས་ལུགས་པས་ཆོས་རྒྱལ་དུ་འབོད་པ་དག་གི་སྐབས་ནས་བསྐྲུན་བཞག་ཡོད་པ་དང་། འབངས་གྱེན་ལོག་གི་འབྱུང་རྐྱེན་ནི་ཆོས་ལུགས་པའི་ཚད་ལས་བརྒལ་བའི་རུལ་སུངས་ཀྱི་སྤྱོད་པས་ངམ་ངམ་ཤུགས་ཤུགས་སུ་བསྐྲུན་པ་ཞིག་ཡིན་པ་ནི།མཁས་དབང་ཁོང་དང་ང་ཅག་གི་བསམ་བློ་གཞི་གཅིག་ཏུ་འཐིམས་འདུག་སྟབས། ཐ་དད་དག་བྲང་ཁོག་འཁྱག་ཤུར་ཤུར་དུ་བཞུགས་རོགས་གྱིས།དེ་ལྟར་ལས་འགུལ་དེ་གཉིས་ཀྱི་ཁྱབ་རྒྱ་དང་ཤུགས་རྐྱེན་གང་ལ་བལྟས་ནའང་།སྐབས་དེའི་ཆོས་བློན་གཙོ་བོ་ཡིན་པའི་དབང་སྒྱུར་གྲལ་རིམ་དག་གིས་སྤྲད་པའི་གནོན་ཤུགས་བཟོད་མི་ཐུབ་པའི་མི་དམངས་ནི།སྐོར་ཁག་ཅིག་གམ་ཕྱོགས་ཁག་ཙམ་མ་ཡིན་པར་བོད་ཁམས་ཡོངས་སུ་ཁྱབ་ནས་ཡོད་པ་དེ་ལས།ཆོས་བློན་ཚོ་གཙོས་པའི་དབང་སྒྱུར་གྲལ་རིམ་དག་གི་སྤྱོད་པ་ནི་ཤིན་ཏུ་སྐྱུག་བྲོ་བ་ཞིག་ཡིན་པ་རྟོགས་ནུས་ཤིང་།ཁྲི་དར་མ་ནི་རུལ་སུངས་སུ་གྱུར་བའི་ཆོས་བློན་གཡོ་ཅན་དྲེད་པོ་དེ་དག་གི་གདུག་རྩུབ་དང་གཡོ་ཇུས་འོག་སྐུ་སྲོག་ཤོར་བ་ཞིག་ཡིན་པ་ནི་ཨ་ལས་གསལ་ལོ།།

རིག་པ་ཐོལ་སྐྱེས་ཀློང་གི་ཁྲི་དར་མ།

གཅིག བརྟན་ཞིང་བརླིང་བའི་རྒྱབ་གཟུགས་ཤིག

ངས་བསམས་ཡག་ཅིག་ལ།ཁྲི་དར་མའི་མཛད་རྗེས་གཙོ་བོའི་ནང་གི་གཙོ་བོ་གཅིག་ནི།ཆོས་ལུགས་མི་སྣའི་ཚད་ལས་འགོངས་པའི་བྱ་སྤྱོད་མཐའ་དག་ལ་བཀག་སྡོམ་དང་བཀའ་རྒྱ་བསྒྲགས་པ་འདི་འཇོག་གི་ཡིན།རྒྱལ་སྲིད་ལ་མཚོན་ན་ཆོས་ལུགས་ནི་བྱ་བ་ཕྲན་ཚེགས་ཤིག་རེད།རྒྱལ་སྲིད་ཆོས་པས་དབང་བསྒྱུར་འོག་ཉམས་རྒུད་དུ་འགྲོ་བཞིན་པ་དང་།ཆོས་ལུགས་པའི་བྱ་སྤྱོད་དང་དབང་ཆ།དཔལ་འབྱོར་སོགས་སྔོན་རབས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ནས་ཆོས་ལུགས་ཆེས་ཆེར་སྤེལ་ཏེ་ལྷ་ཁང་མཆོད་རྟེན་སོགས་མང་པོ་གསར་བཞེངས་གནང་བ་སོགས་ལ་འགྲོ་གྲོན་མང་པོ་བཏང་ཡོད་པ་དང་གཏོང་དགོས་པ།མ་ཟད་གྲྭ་བས་དམིགས་བསལ་གྱི་དབང་ཆ་སྤྱད་དེ་ལོངས་སྤྱོད་རྒྱས་སྤྲོས་ཀྱིས་སྤྱི་ཚོགས་དཔལ་འབྱོར་ལ་ལྗིད་ཤུགས་བསྐྲུན་ཞིང་དཀའ་ཁག་ཆེན་པོ་ཐེབས་ཀྱི་ཡོད་སྟབས།ཁྲི་དར་མའི་སྐབས་དེ་རིགས་ངེས་པར་བཀག་སྡོམ་བྱེད་དགོས་པའི་ཚད་ལ་བསླེབས་ཡོད་མེད་ཀྱི་སྣང་ཚུལ་ནི་འདི་ལྟ་སྟེ།

དུང་དཀར་ཚིག་མཛོད་ཀྱི་ནང་དུ།ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ནི།མདོ་སྔགས་རིག་གནས་དང་བཅས་པའི་གསུང་རབ་མང་པོ་བོད་སྐད་དུ་བསྒྱུར་ཞིང་།ལོ་ཙཱ་བ་རེ་ལ་བཙན་པོའི་སྐུ་སྲུང་དམག་མི་སུམ་ཅུ་སོ་གསུམ་གྱི་ཕོགས་ཐོབ་དང་འདྲ་བའི་འཚོ་བའི་མཐུན་རྐྱེན་སྦྱར།ཞེས་གཟུར་གནས་མཁས་པའི་བྲིས་ཡིག་ཏུ་གསལ་ལ།གཞན་མཁས་དབང་ཁོང་གི༼བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ༽ཞེས་པའི་ནང་བཀོད་པའི་ཆོས་ལུགས་མི་སྣ་ཚོའི་ཡོང་འབབ་ནི།དབང་འདོད་རྒྱུ་འདོད་དག་རྔམ་པ་འཕེར་སྤྱད་ཅིག་འདུག་ལ།དེའི་ནང་ཆོས་ལུགས་པའི་ཡོང་སྒོ་དང་རྒྱབ་ཁབ་ཀྱི་གཏོང་སྒོ་ཅི་འདྲ་ཞིག་ཡིན་པ་ནི་ཧ་ལས་པ་ཞིག་འདུག་སྟེ།ཁྲི་སྲོང་ལྡེ་བཙན་གྱི༼སྐབས་དེར་གྲྭ་པ་དང་ཆོས་བདག་བསྡོམས་པའི་མི་གྲངས་སུམ་བརྒྱ་ལྷག་ཙམ་ཡོད་པ་དེས་བོད་ཡོངས་ཀྱི་མི་འབོར་གྱི་ཐད་ནས་བཤད་ན་ཧ་ཅང་ཉུང་ཉུང་ཡིན་ཀྱང་ཁོ་ཚོར་དབང་བའི་བྲན་གཡོག་གི་གྲངས་འབོར་ཐེམ་དུད་ཆིག་སྟོང་བརྒྱ་མེད་དྲུག་ཅུ་ཙམ་ཡོད་པ་དེར་ཐེམ་དུད་རེར་ཆ་སྙོམས་ཀྱི་མི་གྲངས་བཞི་རེ་བརྩིས་པའི་མི་གྲངས་བཞི་སྟོང་ཉིས་བརྒྱ་དྲུག་ཅུ་ཙམ་ཡོད་པ་དེ་ཚོ་ཚང་མས་རྒྱལ་པོར་དཔྱ་ཁྲལ་དང་དམག་ཁྲལ་འཇལ་མི་དགོས་པ་རེད།ཁོ་ཚོར་རང་བདག་གི་ས་གཞི་དང་།འབྲོག་ར།ནོར་ཕྱུགས་མེད་ཀྱང་ཁོ་ཚོས་ལོ་གཅིག་ལ་རྒྱལ་པོའི་མཛོད་ནས་ཕོགས་བླངས་པའི་འབྲུ་རིགས་ཀྱི་བསྡོམས་འབོར་ནི་ཁལ་ལྔ་སྟོང་བཞི་བརྒྱ་ཉི་ཤུ་རྩ་བརྒྱད་ཟིན་པ་དེས།ཞིང་པ་མི་གྲངས་ལྔ་བརྒྱ་བཞི་བཅུ་ཞེ་གཉིས་ཀྱི་ལོ་གཅིག་ལྡང་བའི་ཟ་འབྲུའི་འབོར་གྲངས་དང་མཉམ་གྱི་ཡོད་པ་རེད།དེ་དང་འདྲ་བར་ཆོས་བདག་དང་།སྒོམ་ཆེན།སློབ་གྲྭའི་དགེ་རྒན་བཅས་བསྡོམས་པའི་མི་གྲངས་སུམ་ཅུ་སོ་དགུ་ཡོད་པ་དེ་ཚོས་ལོ་གཅིག་ལ་མར་ཕོགས་བླངས་པའི་བསྡོམས་འབོར་དེས་མར་སྲང་སུམ་ཁྲི་ཆིག་སྟོང་ལྔ་བརྒྱ་ཐམ་པ་ཟིན་པ་དེ་ཞིང་པ་མི་རེར་ལོ་རེ་རྒྱ་མ་བཅོ་བརྒྱད་ཐོབ་པར་ཆ་བཞག་ན་ཞིང་པ་མི་གྲངས་བརྒྱ་དང་བརྒྱད་ཅུ་གྱ་གཅིག་གིས་ལོ་གཅིག་ལྡང་བའི་མར་འབབ་དང་མཉམ་གྱི་ཡོད་པ་རེད།གྲྭ་བའི་མི་གྲངས་ཉུང་ཉུང་ཞིག་ལས་མེད་ཀྱང་།ཚང་མ་བྲན་གཡོག་བདག་པོ་ཤ་སྟག་ཡིན་པ་དང་།ཁོ་ཚོ་ནི་ཁྲལ་དང་འུ་ལག་ལ་རྒྱུགས་མི་དགོས་པའི་དམིགས་བསལ་དབང་ཆ་ཆེན་པོ་ཡོད་པའི་རིམ་གྲས་ཤིག་ཏུ་གྱུར།ཞེས་ཨ་གསལ་ཞིང་ཨོཾ་དག་པ་ཞིག་གསུངས་འདུག་ལ།ཁྲི་སྲོང་ལྡེ་བཙན་གྱིས་བཟོ་པའི་གཏན་འབེབས་དེ་མུ་ནེ་བཙན་པོ་དང་མུ་ཏིག་བཙན་པོ་གཉིས་ཀྱིས་ཀྱང་རྒྱུན་འཁྱོངས་མཛད་དེ་འགྱུར་ལྡོག་གསར་པ་གང་ཡང་བྱུང་མི་འདུག་པ་ཡིན་སྐད་སོགས་མང་པོ་གསུང་འདུག་པ་ལ།ཤེས་འདོད་དག་གིས་ཁོང་གི་གསུང་པོད་དངོས་མ་རུ་བལྟ་རོགས་ཞུ་ཞིང་།མུ་ནེ་བཙན་པོའི་སྐབས་ཀྱི་གནས་སྟངས་ནི༼ཟས་གཏད་ཀྱི་ལོ་རྒྱུས༽དང༼བེེ་རོ་ཙ་ནའི་འདྲ་འབག༽སོགས་སུ་བལྟ་རོགས་ཞུ།

དེའི་འཕྲོའི་བཙན་པོ་ཁྲི་རལ་བ་ཅན་གྱིས་ནི་ཁྲི་སྲོང་ལྡེ་བཙན་གྱི་གཏན་འབེབས་ལས་ཀྱས་ཆེས་ཆེར་འགོངས་ཏེ་ནང་ཆོས་དང་རབ་བྱུང་བ་རྒྱ་ཆེར་མཆོད་ཅིང་བཀུར་པ་ཡིན་འདུག་པ༼སྦ་བཞེད་ཞབས་བཏགས་མ༽རུ།སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་ཆོས་ལུགས་བཟང་པོར་མཛད།ཐ་ན་བྲེ་དང་སྲང་དང་ཞོ་ལ་སོགས་པ་ཐམས་ཆད་ཀྱང་རྒྱ་གར་དང་བསྟུན་ནས།སྐྱིད་ཤོད་ཤོང་མ་རར་གཏན་ལ་ཕབ།བཙན་པོ་དད་པ་ཆེ་བས་མདུན་པ་ཆེ་བས་མདུན་པ་ཆུང་ངུར་རབ་ཏུ་བྱུང་བ་ལ་ཕུལ་བས།ལོ་ཙཱ་བའི་ཞལ་ནས་བོད་འབངས་གདུལ་དཀའ་བས་ཆད་པ་ལ་རྟེན་ནས་སྐྱོང་དགོས་པས།ངེད་རབ་ཏུ་བྱུང་བ་སྟོན་པའི་བཀའ་བཞིན་དུ་བགྱིད་འཚལ་བས།ཆད་པའི་ལས་བགྱིད་མི་རུང་ཞེས་གསོལ་བས།གསུང་བཞིན་མི་བགྱིད་པ་ལ་ངས་ཞང་བློན་རྣམས་བགྱིད་དུ་བསྩལ།ཆབ་སྲིད་བཞེས་པར་ཞུ་ཞེས་ཕུལ།རྗེའི་ལ་ཐོད་ཕུད་ཅིང་རབ་ཏུ་བྱུང་བའི་གདན་དུ་འདིང་།རབ་ཏུ་བྱུང་མ་ཐག་གཅིག་གིའང་ཞབས་སྤྱི་བོར་ལེན།གོས་སེར་པོའི་ལྷན་པ་སྐྱེ་བོའི་ལུས་ལ་འདུག་པ་མཐོང་ཡང་དེ་ལ་རྒྱལ་བོས་ཕྱག་མཛད།ཞང་བློན་གང་གིས་རྟེན་ཕུལ་ནས་སྔུན་ཕྱག་ཉི་ཤུ་རྩ་གཅིག་ཕུལ་ཡང་ཕྱག་ལན་མི་གནང་།བོད་ཡོངས་རྗེའི་གསང་བཅའ་བསྡུས་ཏེ།བླའི་དགེ་འདུན་ལ་འཚོ་བ་ཕུལ།རབ་བྱུང་བ་རེ་རེ་ལ་ཡང་འབངས་མི་ཁྱིམ་བདུན་བདུན་ལྷ་རིས་སུ་ཆད་པ་ཕུལ་ནས་ཟས་དང་ན་བཟའ་སྦྱོར།རབ་བྱུང་གི་གོས་ལྷན་པ་ཅན་གཟིགས་ན་དྲིས་ནས་དེའི་ལྷ་རིས་བཀའ་དྲག་ཏུ་གསོལ།སྐྱེ་བོ་ཁྱིམ་པའི་ཚིས་ཀུན་རབ་ཏུ་བྱུང་བའི་མདུན་པ་ཆུང་ངུ་བཞིན་ཆོས་དང་བསྟུན་ནས་ཤིན་ཏུ་བདེ་སྐྱིད་ལྡན་པར་མཛད་པས་རྗེ་བཀའ་དྲིན་ཆེ།ཞེས་སོགས་མང་དུ་འཁོད་པ་དག་ལ་གཞིགས་ན།ཁྲི་དར་མའི་སྐབས་ཕྱི་ཕྱོགས་རྒྱ་བསྐྱེད་ཀྱི་དམག་འཁྲུག་ནི་ང་རྒྱལ་སྐྱེས་འོངས་སྤྱད་བརྒྱབ་མྱོང་མོད།ཟུར་གཞན་ཞིག་ནས་དེའི་སྐབས་སུ་བོད་བཙན་པོའི་རྒྱལ་ཁབ་ཆེན་མོའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་ག་འདྲ་ཞིག་ཏུ་ལྷུང་འགྲོ་ཡི་ཡོད་མིན་ནི་གསལ་བོར་ཤེས་ནུས།

ཡང་།༼རྒྱལ་རབས་གསལ་མེ༽རུ།སྐུའི་གཅུང་བོ་ཁྲི་གཙུག་ལྡེ་བཙན་སྐབས་སུ།དབང་དགེ་འདུན་ལ་གཏད།ཆོས་ཁྲིམས་དང་།རྒྱལ་ཁྲིམས་གཉིས་གཏན་ལ་ཕབ།་་་བློན་འབངས་ཆོས་ལ་མི་དགའ་བ་ཐམས་ཅད་སྤྱོད་པ་ཤིན་ཏུ་དོག་པར་གྱུར་ཏོ།།་་་ངའི་རབ་ཏུ་བྱུང་བ་རྣམས་ལ་སྡིགས་མཛུབ་གཏད་ནས་མིག་ངན་བལྟ་བར་མི་རིགས་པས།ད་ཕྱིས་སུས་བྱས་ནའང་མིག་ཕྱུང་ལ་མཛུབ་མོ་ཆོད་ཅིག་གསུངས་སོ།།ཞེས་གསལ་ཏེ།སྲིད་སྐྱོང་མཁན་ཞིག་སྲིད་སྟེགས་སུ་འཛེགས་ཏེ་མུ་མཐུད་དུ་མེས་པོ་གོང་མའི་བླ་སྲུང་ནས་དབང་བསྒྱུར་རྒྱུ་ཡིན་ན་ནི།ཁྲི་དར་མའི་སྐབས་ཀྱི་སྤྱི་ཚོགས་ཀྱི་ཆེས་ཐུ་བའི་གནད་དོན་ནི་ཆོས་ལུགས་པའི་བྱ་སྤྱོད་ཀྱི་གནད་དོན་དེ་ཡིན་པ་སུས་མི་རྟོགས།དེར་བརྟེན་ཁྲི་དར་མའི་ནུ་བོ་ཁྲི་རལ་བ་ཅན།ཨ་ཕ་མུ་ཏིག་བཙན་པོ།ཨ་ཁུ་མུ་ནེ་བཙན་པོ།ཨ་མྱེས་ཁྲི་སྲོང་ལྡེ་བཙན་སོགས་ཀྱིས་རིམ་བཞིན་བཙན་པོ་ཁོང་གི་ཕྲག་སྟེང་ལ་འགན་འཁྲི་ལྗིད་པོའམ་ཉེན་ཁ་ཆེ་བའི་སྲིད་དོན་མ་བསྒྲུབ་ཐབས་མེད་ཅིག་ངམ་ངམ་ཤུགས་ཀྱིས་བཞག་འདུག།དེ་ནི་བཙན་པོ་སྔ་མ་ཁོང་ཚོའི་སྐབས་ཕྱིས་འབྱུང་གི་ལེགས་ཉེས་ལ་ཐུགས་ཀ་མ་འཁོར་བའི་སྒོ་ནས་ཅི་བྱུང་གང་བྱུང་གིས་ཆོས་ལུགས་དར་སྤེལ་ལ་རྒྱབ་སྐྱོར་དང་ཁྲིམས་རྒྱ་བཀོད་དེ་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མི་མཐུན་ཞིང་སྤྱི་ཚོགས་དཔལ་འབྱོར་གྱི་ཆུ་ཚད་ལ་ལྟོས་པ་མེད་པའི་སྒོ་ནས་ཆོས་གཞིས་སོགས་དངོས་པོའི་རིགས་ལ་འགྲོ་གྲོན་ཧ་ལས་པ་བཏང་ཡོད་པ་དང་།གྲྭ་བ་དག་ལ་དམིགས་བསལ་གྱི་དབང་ཆ་དང་དད་འབངས་ཕུལ་བ་སོགས་ཚད་ལས་འདས་པའི་རིམ་པ་ཞིག་ཏུ་ཕྱིན་སོང་བ་དེ་སྙོམ་སྒྲིག་དང་ཚོད་འཛིན་མི་བྱེད་ཐུ་མེད་ཅིག་ཏུ་ཆགས་ཡོད་པ་དང་།དེ་སྙོམ་སྒྲིག་དང་ཚོད་འཛིན་བྱེད་རྒྱུ་ནི།ཚེ་སྲོག་གིས་འགན་འཁུར་དགོས་པའི་ཚད་དུ་སླེབ་ཡོད་པའི་གནས་བབ་ཛ་དྲག་ཆེན་པོ་ཞིག་གི་ཁ་གཏད་དུ།ཁྲི་དར་མ་བསླངས་བཞག་པ་དེ་རེད།

མཆོད་གཞིས་ཏེ་མཆོད་རྟེན།ལྷ་ཁང་།རྟེན་ཁང་།ཡིག་བསྒྱུར་ཁང་སོགས་ལ་རྒྱུ་དངོས་འབོར་ཆེན་བཏང་སྟེ་གསར་བཞེངས་ཚད་ལས་འདས་པ་བྱས་པ་དེས།རྒྱལ་པོའི་བང་མཛོད་དམ་རྒྱལ་ཁབ་ཀྱི་ནོར་སྲིད་ཡོང་འབབ་དོ་མི་མཉམ་པ་བཟོས་ཏེ།ཡོང་འབབ་ལས་འགྲོ་གྲོན་མང་བའི་དཔལ་འབྱོར་ཉེན་ཚབས་ཆེན་པོ་ཞིག་བསྐྲུན་ཡོད།མདོ་སྔགས་ཡིག་བསྒྱུར་པ་དང་རབ་བྱུང་བ་མཐའ་དག་ལ་རྒྱལ་པོའི་བང་མཛོད་ནས་འཚོ་རྟེན་སྦྱར་བ་དང་།དེའི་ཁར་ད་དུང་དད་འབངས་དང་ས་ཞིང་གནང་བ་དེ་སོགས་ཀྱིས།གོང་གི་ནོར་སྲིད་ཡོང་འབབ་དོ་མི་མཉམ་པའི་གནས་ཚུལ་དེ་ལྷག་ཏུ་བརྟན་འཇགས་མེད་པ་དང་སྙོམ་སྒྲིག་ཡོང་ཐབས་མེད་པ་ཞིག་ཏུ་བཏང་སྟེ།རྒྱལ་དམངས་དཔལ་འབྱོར་ལ་དེ་ལས་ལྷག་པའི་ཁུར་ཆེན་ཞིག་དང་ཉེན་ཚབས་ཆེན་པོ་ཞིག་བསྐྲུན་ཡོད།དད་འབངས་དེ་དག་གིས་རྒྱལ་པོར་དཔྱ་ཁྲལ་དང་འུ་ལག་རྒྱུགས་མི་དགོས་པར་རབ་བྱུང་བ་དག་ལ་ཞབས་ཏོག་ཞུས་ཏེ་བསྡད་པས་ཆོག་པ་དེ་དང་།རབ་བྱུང་བར་དབང་གཏད་པ་དང་ཆབ་སྲིད་ཀྱི་གྲོས་ཚོགས་སོགས་གནང་བ་དེ་དག་གིས།རྒྱལ་ཁབ་ནང་ཁུལ་དུ་རྒྱལ་ཕྲན་གྱི་རྣམ་པའི་སྟོབས་ཤུགས་གཞན་ཞིག་ཆགས་པའི་རྒྱུ་བསྐྲུན་ཏེ་སྲིད་དབང་སིལ་བུར་བགོ་བའི་ཉེན་ཚབས་ཆེན་པོ་ཞིག་བསྐྲུན་ཡོད།ཆོས་ལུགས་རྐྱང་རྐྱང་སྦྱངས་ཤིང་ཆོས་ལུགས་རྐྱང་རྐྱང་སློབ་གཉེར་བྱེད་སའི་ཆོས་གཞིས་བསྐྲུན་པ་དང་།རབ་བྱུང་བར་དེ་འདྲའི་གོ་ཐོབ་དང་མཐོང་ཆེན་གནང་བ་སོགས་ཀྱིས་མི་མང་པོས་ཆོས་ལུགས་པའི་དབང་ཤེད་དང་ལོངས་སྤྱོད་ལ་ཁ་ཧང་ཞིང་འདོད་རྔམ་རྒྱས་ཏེ།སྲིད་ཕྱོགས་རིག་གནས་དོ་སྣང་མེད་པ་དང་སྦྱང་མོས་མེད་པ་ཞིག་ཏུ་བཏང་བས།སྲིད་དོན་རིག་གནས་ལྷོད་ཡེངས་སུ་ཤོར་བའི་ཉེན་ཚབས་ཆེན་པོ་ཞིག་བསྐྲུན་ཡོད་པ་སོགས་དེ་འདྲའི་ཉེན་ཚབས་མང་པོ་ཞིག་རྒྱུན་འབྱམས་སུ་སོང་ན།ནམ་ཞིག་ཆོས་བློན་ཚོས་དབང་ཆ་འབའ་ཞིག་བཟུང་སྟེ།བོད་ཀྱི་བཙན་པོ་ནི་ཁྲི་ཐོག་ན་བཞུགས་མཁན་ཙམ་ཡིན་སྲིད།

དེ་ལ་མཁས་དབང་མཁར་རྨེའུ་ལགས་ཀྱིས་མདའ་དང་འཕང་གི་ནང་དུ་འདི་ལྟར་དཔྱད་བརྗོད་སྤེལ་ཡོད།གཙུག་ལག་ཁང་རྣམས་སུ་ཡོད་པའི་གྲྭ་པ་ལ་རྒྱལ་པོའི་བླ་མཛོད་ནས་འཚོ་རྟེན་མུ་མཐུད་ནས་སྦྱར་བ་དང་གཅིགགྲྭ་པ་ཚོར་དབང་བའི་མི་སེར་གྱིས་དཔྱ་ཁྲལ་འཇལ་བ་དང་དམག་ཁྲལ་རྒྱུགས་མི་དགོས་པ་དང་གཉིས།ཕྱི་རོལ་དུ་བོད་ཀྱི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་དང་བོད་རྒྱའི་ས་མཚམས་སུ་བོད་ཀྱི་དམག་དཔུང་ཆེན་པོ་ཕྱོགས་ཐ་དད་དུ་མུ་མཐུད་ནས་ཉར་དགོས་པ་གསུམ་བཅས་མདོར་ན་རྒྱལ་པོ་ཁྲི་དར་མའི་སྲིད་གཞུང་དང་མི་དམངས་ལ་དཔལ་འབྱོར་ཐོག་དཀའ་ཚེགས་ཆེན་པོ་བྱུང་ཡོད་པ་མངོན་དུ་གསལ།སྔོན་བྱོན་བཙན་པོ་རྣམས་ཀྱི་སྐུ་རིང་ལ་དྲག་ཤུགས་ཀྱི་དམག་དོན་གཙོ་ཆེར་བྱས་ཡོད་ཀྱང་རྒྱལ་པོ་ཁྲི་དར་མའི་རིང་དུ་སངས་རྒྱས་ཆོས་ལུགས་དར་བས་ཆོས་ཀྱི་མཐུན་རྐྱེན་དང་དམག་དོན་གྱི་འགྲོ་གྲོན་གཉིས་ཕལ་ཆེར་མགོ་མཉམ་ལྟ་བུར་ཆགས།་་་དཔལ་འབྱོར་གྱི་ཐོག་དཀའ་ངལ་ཆེ་བ་མ་ཟད་མི་འབོར་གྱི་ཐོག་ནས་ཀྱང་དཀའ་ངལ་བྱུང་ཡོད།ཅེས་གསུངས་པ་ནི་ཤིན་ཏུ་བདེན་ནོ།།

དེབ་ཐེར་ལ་ལར།གླང་དར་མས་རང་ཉིད་ཀྱི་དབང་ཤུགས་བརྟན་ཆེད་དུ།ཞེས་སོགས་བྲིས་ཡོད་པ་བདེན་ས་ཡང་འདུག་སྟེ།བོད་ཆེན་པོའི་སྲིད་དབང་བརྟན་ཆགས་ཡོང་ཕྱིར་དུ་སྐུ་སྲོག་དབེན་ལ་བཞག་སྟེ་སྙིང་སྟོབས་ལྡན་པའི་སྒོ་ནས།ཡབ་མེས་དམ་པར་ལེ་བདའ་དང་ཁག་འགེལ་མེད་པར་གོལ་ལམ་དེ་རིགས་སླར་གསོ་དང་ལེགས་བཅོས་གང་ལ་གང་འཚམ་གནང་ཆེད།རང་ཉིད་བཙན་པོ་ཡིན་བཞིན་མུན་ཁུལ་གྱིས་མ་བསྡད་པར་ཡབ་ཆེན་ཚོས་སྤྲད་པའི་གསེར་གྱི་ཁྲི་བོ་ཆེ་དེ།རྔམ་བརྗིད་ལྡན་ཞིང་བློ་གྲོས་རྣོ་ལ།སྙིང་རྩུད་མཐུག་ཅིང་མིག་རྒྱང་རིང་བའི་སྒོ་ནས་ཞབས་ཀྱིས་མནན་པ་དེ་ནི་ཨེ་མ་རྨད་དུ་བྱུང་།།

གལ་ཏེ་བཙན་པོ་ཁྲི་དར་མས་ཆོས་ལུགས་པའི་བྱ་སྤྱོད་དམ་གོང་གི་རྣམ་གྲངས་དེ་དག་ལ་དག་ཐེར་དང་ཚོད་འཛིན་མ་བྱས་པར།ཆོས་ལུགས་པ་གཡོ་ཅན་དེ་ཚོའི་ངག་རྗེས་འབྲངས་ཏེ་དད་དད་གུས་གུས་ཀྱིས་བཙན་པོ་སྔོན་མ་དག་དང་འདྲ་བར་མཆོད་རྟེན་སོགས་ཚད་ལས་འདས་པ་བཞེངས།རབ་བྱུང་བ་གྲངས་མང་པོ་སྤེལ།དད་འབངས་སྔར་སྲོལ་ལྟར་ཕུལ།འཚོ་རྟེན་སྔར་ལྟར་སྦྱར།དབང་ཐོབ་སྔར་ལྟར་གནང་ཡོད་ན།བོད་ལ་ཆག་འཇིག་དེ་འདྲ་ཡོང་གི་མ་རེད་ཅེས་སུ་ཞིག་གིས་གདེང་སྤོབས་ལྡན་པའི་སྒོ་ནས་བཤད་ཕོད།གལ་ཏེ་བཙན་པོ་ཁྲི་དར་མས་དེ་ལྟར་བྱས་ཡོད་པའི་དབང་དུ་བཏང་ནས་མནོ་བསམ་བཏང་ན།ཟུར་གཅིག་ནས་ང་ཚོས་སྤོབས་པ་ལྡན་པའི་སྒོ་ནས་བློ་ཐག་ཆོད་པ་ཞིག་ནི།ཁྲི་དར་མ་ནི་ཁྲི་རལ་བ་ཅན་ལྟ་བུ་ཞིག་ཡིན་ཚེ་ཆབ་སྲིད་ཀྱི་ཁ་ལོ་ཆོས་ལུགས་པས་ཡོངས་སུ་འཛིན་པའི་དུས་ཚོད་དེ་རྒྱལ་རབས་གཅིག་གིས་ཇེ་སྔ་རུ་བཏང་བ་རེད།ཁྲི་དར་མའི་སྐབས་ཀྱི་ལས་འགུལ་དེ་དག་བྱུང་མེད་པ་ཡིན་ན།ད་སྐབས་ང་ཚོས་ཁྲི་དར་མའི་སྐབས་ཀྱི་ལོ་རྒྱུས་ཀློག་དུས་བན་དེ་བྲན་ཀ་དཔལ་ཡོན་དང་བཙུན་པ་ལྷ་ལུང་དཔལ་རྡོར་སོགས་ཀྱིས་སྲིད་ཀྱི་དབང་བཟུང་སྟེ་རྒྱལ་པོ་ཁོང་ཉིད་ཁྲི་ཟུར་ཞིག་ཏུ་འགྲེང་ནས་ཆོས་ལུགས་མི་སྣ་དེ་དག་གིས་ཅི་བཤད་ཅི་བགོ་ལ་མཉན་དགོས་པའི་སྐོར་གྱི་ལོ་རྒྱུས་ཤིག་ཡིན་ཤས་ཀྱང་ཆེ།དེ་ཡིན་དུས།བྲན་ཀ་དང་ལྷ་ལུང་སོགས་ཀྱིས་དབང་རྩིས་ལེན་ཐུབ་དུས་བན་ལོག་བྱས་ཏེ་སྲིད་བསྐྱང་རྒྱུ་ཡིན་ནམ།སྲིད་དོན་རྦད་དེ་བསྐྱུར་ནས་ཆོས་འབའ་ཞིག་སྤེལ་རྒྱུ་ཡིན་མིན་སོགས་ནི་སུས་ཀྱང་ཁ་ཚོན་མི་ཆོད།ཐ་ན་མ་འོངས་ལུང་བསྟན་གི་ཡིན་ཟེར་བའི་ཨོ་རྒྱན་དེས་ཀྱང་མི་ཤེས།དེ་ནི་གནད་དོན་རེད།ཆོས་ལུགས་པའི་དབང་ཤུགས་དང་སྙིང་སྟོབས་ཇེ་ཆེར་སོང་སྟེ་རྒྱལ་པོ་ཆེན་པོའི་སྐུ་སྲོག་ཀྱང་འཕྲོག་ཐུབ་པ་ནི་དྲང་ངེས་ལྡེམ་དགོངས་ཀྱི་ཐུགས་ཀ་ཅི་ཞིག་ཡིན་སྲིད་དམ།

ཡང་ཟུར་ངོས་གཞན་ཞིག་ནས་བསམས་ན།སྐབས་དེའི་བོད་ཀྱི་མི་གྲངས་ནི་དོ་ཞག་ལས་མང་བར་བཤད།སྐབས་དེར་བོད་ཀྱི་མི་གྲངས་ས་ཡ་བརྒྱད་ཡིན་པའི་དབང་དུ་བྱས་ཤིང་མི་བདུན་རེ་དུད་ཁྱིམ་གཅིག་ཡིན་པ་བྱས་ན།དེའི་ནང་གི་ས་ཡ་གཅིག་རབ་ཏུ་བྱུང་བ་ཡིན་ཚེ།ལྷག་མའི་ས་ཡ་བདུན་པོ་ནི་རབ་བྱུང་བ་སོ་སོར་དུད་ཁྱིམ་བདུན་རེ་བདུན་རེ་བགོ་དགོས་པས་བཙན་པོར་མངའ་འབངས་མེད་པར་འགྱུར།གནས་སྟངས་དེ་ལྟ་བུ་བྱུང་དུས།བཙན་པོ་ནི་མིང་གི་ལྷག་མ་ཙམ་ཡིན་པས་ནུས་མེད་ཁེར་རྐྱང་ཡིན་ལ།ངེས་དོན་གྱི་དབང་བསྒྱུར་བ་ནི་རབ་བྱུང་བ་ས་ཡ་གཅིག་པོ་དེ་ཡིན་འགྲོ་བས།བོད་ཀྱི་རྒྱལ་ཁམས་སུ་དབང་ཆ་དང་གོ་ཐོབ་ཆེས་མཐོ་བའི་དབང་བསྒྱུར་བ་ས་ཡ་གཅིག་ཡོད་པར་འགྱུར་ཏེ།ཕན་ཚུན་བར་ཇི་འདྲའི་བསམ་དཀའ་བའི་ནང་དམེ་དང་དམ་སེལ་འཇགས་ཐབས་བྲལ་བ་ཞིག་བྱེད་མི་སྲིད་ཨང་།།གནས་བབ་དེ་འདྲར་ལྷུང་ཡོད་དུས་བཙན་པོའི་སྐབས་ནས་འགྲོ་འོང་དང་འབྲེལ་བ་ཆེ་བའི་རྒྱ་ནག་སོགས་གྲུང་བོ་དག་གིས་ཅི་མྱུར་གང་མགྱོགས་སྒོས་ཕྱོགས་དེ་དང་གན་སོགས་ལ་རྒྱབ་དཔུང་བྱེད་ཁུལ་གྱིས་རིམ་བཞིན་རིམ་བཞིན་ཟླ་སྒྲིལ་ཏེ༼མེ་སྟག་གིས་སྤང་ལྗོངས་བསྲེག་ཐུབ[མོའོ་ཚེ་ཐུང་གི་སྐད་ཆ]༽པའི་དམག་ཇུས་བཤམས་ཏེ་དཔུང་ཤུགས་རྒྱ་བསྐྱེད་སྲིད་ལ།ཡིན་རྟོན་འཕེར་སླ་བའི་བོད་མི་ཚོས་དྲིན་ཆེ་སྙམ་བཞིན་ངོ་སོ་དང་བཅས་ཏེ་ཁོ་ཚོའི་དབང་དུ་བྱེད་པ་ཞིག་ཆགས་ངེས།དཔེར་ན།འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་བསྒྲིགས་པའི༼ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བཙན་པོའི་རྒྱལ་རབས༽སུ།ཐང་ཡིག་གསར་མ་ལས་ལུང་དྲངས་ཏེ།༼ཤར་ཕྱོགས་དང་བྱང་ཕྱོགས་སུ་བོད་ཀྱི་དཔུང་དམག་རྣམས།ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུར་གྱུར་སྟབས།དམག་དཔོན་ལ་ལས་ནི།ཐང་ལ་མགོ་བཏགས་ཞུས་པ་དང་།ལ་ལས་ནི་ཕན་ཚུན་ནང་འཁྲུགས་བརྒྱབ་མཐར།ཐོར་ཞིག་ཏུ་གྱུར༽ཞེས་འཁོད་པ་དང་།༼བློན་ཆེན་ཚོས་རྒྱ་རྗེའི་སྙན་དུ་གསོལ་པ།རྗེ་བོ་ཁྱེད་ཀྱིས་མཛད་རྗེས་འདྲ་འཇོག་འདོད་ན།ཕྱི་རབས་པའི་མི་རྣམས་ངོམས་སུ་ཆོག་པའི་མཛད་རྟགས་ཤིག་ཅེས་ཀྱང་དགོས།དེང་ངེད་ཀྱིས་བོད་ལ་དམག་མི་གཅིག་ཀྱང་མ་བཏང་ལ།ཆུ་གྲི་གཅིག་ལའང་ཁྲག་མ་འགོས་པར།རྨ་ཆུ་དང་དང་ཙོང་ཆུའི་ས་ཆ་དག་བདག་གིར་བླངས་པས།རྒྱ་རྗེ་ལ་མཚན་གསོལ་ཞིག་ཆོག་པར་ཞུ༽ཞེས་སོགས་བྱུང་ཟེར་བའི་ལོ་རྒྱུས་མཐོང་རྒྱུ་འདུག་གོ།དེ་འདྲ་བྱུང་དུས།འོད་སྲུངས་དང་ཡུམ་བརྟན་གྱི་གཞུག་གི་རྒྱལ་ཕྲན་དེ་དག་དང་།ས་ཕག་རིན་གཙང་།རྒྱལ་དབང་སྐུ་ཕྲེང་སོགས་ཀྱི་ལོ་རྒྱུས་ནི་རྩ་བ་ནས་འབྱུང་ཐབས་མེད་པ་མ་ཟད།ལོ་རྒྱུས་དེ་དག་འབྱུང་སའི་གཞི་རང་རྩ་གཏོར་དུ་བཏང་སྟེ་ལོ་རྒྱུས་ཀྱི་དྲན་ཤིང་དེ་དག་གི་མྱུ་གུ་འབུ་རུ་འཇུག་མི་སྲིད་པ་རེད།རྒྱུ་མཚན་ནི་ཆབ་སྲིད་ཀྱི་དགོས་མཁོ་དང་ཆབ་སྲིད་ཀྱི་དབང་བསྒྱུར་ཞེས་པའི་ངོ་བོ་དེ་འདྲ་ཞིག་ཡིན་སོང་བས་རེད།དེ་ལྟ་ན་བོད་ཡིག་འདི་དག་གནའ་སྔ་མོ་ཞིག་ནས་རྩ་བསྣུབས་བྱས་ཏེ་ད་ལྟ་གོ་ཐོས་ཙམ་ཡང་མེད་ངེས་ལ།ལོ་རྒྱུས་ཀྱི་བདེན་དཔང་ཆེན་མོ་ལྷ་ས་གྲོང་ཁྱེར་དང་དེར་གནས་པའི་ཕོ་ཏ་ལ་སོགས་ནི་ཐང་སྙོམས་པོར་བཟོས་ཏེ་གནམ་གྲུ་འགྲོ་འོང་བྱེད་ས་ཞིག་ཡིན་ཀྱང་སྲིད།དིང་སང་གསེར་ཞལ་བཞུགས་པའི་གོང་ས་མཆོག་ཀྱང་།ཡང་མིན་ན་རྒྱ་མ་བོད་ཙམ་ཞིག་ཡིན་ངེས་ལ།ཡང་མིན་ན་དགོངས་པའང་རྫོགས་ཚར་ཡོད་ངེས།ཡང་མིན་ན་མི་རིགས་མཉམ་འདྲེས་ཀྱི་ལུགས་སྲོལ་སྤེལ་ཏེ་ང་ཚོ་མི་རིགས་ཆུང་ངུ་དག་མི་རིགས་ཆེན་པོ་རྒྱ་རིགས་དང་ངོ་བོ་དབྱེར་མེད་དུ་འཐིམས་ཏེ།སྐྱེས་མཆོག་ཁོང་ཉིད་ཡེ་ནས་སྐུ་འཁྲུངས་མི་ཐུབ་ཀྱང་སྲིད་ལ།ང་ཅག་ཀྱང་དེ་དང་དེ་ལྟ་བུ་ཡིན་པ་སྨོས་ཅི་དགོས།འོན་ཀྱང་།ལོ་རྒྱུས་ཀྱི་ཆག་འཇིག་ཆེན་པོ་ལས་འདི་ལྟ་བུའི་ཆག་འཇིག་ཧང་སང་པ་ཞིག་བྱུང་མ་ཐུབ་པ་དེ་ཡང་མཐར་དེར་ན།བཙན་པོ་ཁྲི་དར་མས་སྒལ་ཚིགས་དྲང་པོར་བསྲིངས་ཤིང་མིག་རྒྱང་རིང་བོ་བསྐྱེད་དེ།ཕྱིས་འབྱུང་གི་གནད་དོན་ལ་ཨ་གསལ་ཨོཾ་དག་པ་ཞིག་ལྟ་ཐུབ་པའི་མཁས་མཛངས་དེས།ཆོས་ལུགས་པའི་སྨྱོ་ཧམ་ལ་ཚོད་འཛིན་བྱས།ཚུལ་མིན་གྱི་དབང་ཆ་དང་འཚོ་རྟེན་དེ་དག་བཀག་སྟེ་རང་ཁ་རང་གསོ་བྱེད་དུ་བཅུགདམག་མིའི་དཔུང་ཁག་རྒྱ་བསྐྱེད་ཕྱིར་གྲྭ་བ་མང་པོ་སྐྱ་སར་ཕབ།འོས་འཚམ་མིན་པའི་བཞེངས་སྐྲུན་དེ་དག་ལ་ཚད་བཀག་བྱས།དེ་ལྟར་རྒྱལ་སྲིད་ཀྱི་དབང་ཤུགས་སྲ་བརྟན་དུ་བཏང་ཞིང་རྒྱལ་ཁབ་ཀྱི་ནོར་སྲིད་དོ་མཉམ་བཟོས་པ།དམག་ཤུགས་ཐོན་ཁུངས་ཀྱི་གནད་དོན་ཐག་བཅད་དེ་རྒྱལ་སྲིད་ལུགས་བཞིན་བསྐྱངས་པའི་བཀའ་དྲིན་སྐུ་དྲིན་མིན་ཟེར་མཁན་ཡོན་ན་ཁུངས་དང་དཔང་བོ་ཡོད་པའི་རིགས་པ་དྲོངས་ཤིག། ཨོ་ལོ་ཚོ།

གཉིས། ཀྲོང་ངེར་འགྲེང་བའི་ཆབ་སྲིད་པ་ཞིག

གལ་ཏེ།ང་ཚོའི་ལོ་རྒྱུས་སྨྲ་བ་བོ་ཕྱོགས་རིས་ཅན་དང་སྙིང་ཆུང་དག་ལ།གླང་དར་མའི་སྐབས་སུ་ཆབ་སྲིད་ཀྱི་མངའ་ཐང་ཇི་ལྟར་ཉམས་པ་ཡིན་ཞེས་དྲི་བ་འཕེན་པའི་དབང་དུ་བཏང་ཚེ།དམག་ཤུགས་འདི་ལྟར་ཉམས།བོད་དམག་དེ་ལྟར་ཕམ།དམག་ཆས་འདི་ལྟར་ཉམས།མངའ་ཁོངས་དེ་ལྟར་ཤོར།འོས་མཐུན་མིན་པའི་ཆིངས་ཡིག་སྟེ།དཔེར་ན།སངས་རྒྱས་ཆོས་ལུགས་ཀྱི་ལུས་སེམས་བཏུལ་བའི་སྐུ་གཅུང་བོ་ཁྲི་གཙུག་ལྡེ་བཙན་སྐབས་སུ་བློན་ཆེན་འབྲོ་གསུམ་རྗེ་སྟག་སྣང་གིས་མོས་མཐུན་བྱས་ཏེ་སྤྱི་ལོ༨༢༢བོད་རྒྱ་བར༼ཞི་བདེའི་ཆིངས་ཡིགཆིངས་དེ་འཇོག་པའི་དགོས་པ་ནི་རྒྱ་བོད་ཕན་ཚུན་ཞི་མཐུན་མ་བྱུང་ན་ཆོས་ལུགས་སྤེལ་རེས་ལ་གནོད་དོགས་ཀྱིས་བཞག་སྐད་འདུག༽ལྟ་བུ་དེ་ལྟ་དེ་ལྟར་བཞག་ཡོད།མི་གྲངས་འཕར་ཆག་དེ་ལྟར་སོང་ཞེས་རྣམ་གཞག་ལྡན་ལ་གཏན་ཚིགས་ཡོད་པའི་སྒོ་ནས་བཤད་ཐུབ་རྒྱུ་ཕ་རིའི་ལ་ཁར་ཞོགདེའི་ཕྱོགས་ནས་འདི་ཙམ་དེ་ཙམ་ཞེས་རྡབ་རྡིབ་ཞིག་ཀྱང་བཤད་རྒྱུ་མེད་པར།སྲིད་དང་རྩ་བ་ནས་འབྲེལ་བ་མེད་པའི་ཆོས་ལུགས་ཟེར་ཡ་དྲུད་ཡོང་ནས།གྲྭ་བ་དག་ལ་ཅིག་བྱས།ལྷ་ཁང་དགོན་པ་དག་ལ་ཉིག་བྱས་སོགས་ཞེས་ཏེ་ལན་ག་བསམ་ཡུལ་ལས་འདས་པ་ཞིག་བརྒྱབ་ཀྱི་ཡོད།དེ་ཡིན་དུས་སུ།ང་ཚོས་དེར་ལན་རྒྱག་ཤེས་ཀྱི་ཡོད་པ་མ་རེད།ཅིའི་ཕྱིར་ཟེར་ན།གྲྭ་བ་དང་དགོན་པ་དང་ཆོས་ཞེས་དྲི་བ་འདོན་གྱི་མེད་པས་སོ།།

ངས་བསམས་ན།ཁྲི་དར་མ་སྲིད་ཁྲིར་མངའ་གསོལ་བ་ནས་ཆབ་སྲིད་ཉམས་རྒུད་ཕྱིན་སོང་ཟེར་བ་སོགས་ནི།དད་པ་ཅག་དག་གི་ཕྱོགས་རིས་ཀྱི་སྐད་ཆ་ཞིག་རང་ཡིན་པ་ལས་བདེན་ཤས་ཁུངས་སྐྱེལ་བྱེད་ཐུབ་པ་ཞིག་རྦད་དེ་མིན་པར་འདོད།མ་ཟད་ཁོ་ཚོའི་འདོད་པ་ལ་ཆོས་ལུགས་ཉམས་པ་ནི་ཆབ་སྲིད་ཉམས་སོང་བར་འདོད་དེ་མགོ་རྨོངས་པའི་བབ་ཅོལ་ཙམ་སྟེ།ལོ་རྒྱུས་ཡིག་ཆ་བལྟས་བལྟས་ཐམས་ཅད་ཀྱི་ནང་དུ།ཆོས་ལུགས་ཅིག་ཅིག་ཅིགགྲྭ་བ་ཉིག་ཉིག་ཉིག་ཅེས་མང་མང་ཟེར་བཞིན་པའི་བར་མཚམས་རེར་གློ་རྡེག་ཏུ་ཆབ་སྲིད་ཉམས་སོང་ངོ་ཞེས་ཐོན་ཡོངས་།དེ་ཉམས་ཚུལ་དང་ཉམས་པའི་རྒྱུ་མཚན་ནི་ཀ་ཞེས་པ་ཞིག་ཀྱང་མི་མཐོང་ལ།ཆབ་སྲིད་ཅེས་པའི་ཡིག་རྡོག་དེ་གཉིས་སྐྱེད་བྱེད་ཀྱི་རྒྱུ་དང་སྐྱེས་པའི་རིགས་པ་གང་ཡང་མེད་བཞིན་དུ།གང་དྲན་དྲན་དང་ཅི་བྱུང་གང་བྱུང་གིས་ཆབ་སྲིད་ཉམས་སོང་ཟེར་གང་ཐུབ་ཐུབ་བྱེད་པ་ནི།ཆོས་ལུགས་མི་སྣ་ལོ་རྒྱུ་མཁན་སྨྲ་བ་བོ་དག་གིས་གནག་སེམས་བཅངས་ཏེ་བསམ་བཞིན་གླེང་ཕྱོགས་བཟོ་བ་ཡིན་ཤག་ཤག་རེད།གཞན་ཡང་ཁྲི་དར་མའི་སྐབས་སུ་ཆབ་སྲིད་ཀྱི་མངའ་ཐང་ཉམས་མེད་པའི་ཤེས་བྱེད་རྙེད་རྒྱུ་ཡོད་པ་ལས་ཉམས་སོང་བའི་ཤེས་བྱེད་རྙེད་རྒྱུ་མེད་དེ།མཁས་དབང་མཁར་རྨེའུ་ལགས་ཀྱིས།༼ཆབ་སྲིད་ཀྱི་བློན་ཆེན་གཙོ་བོ་དབའ་རྒྱལ་ཏོ་རེ་སྟག་གཉའ་ཞེས་བྱས་པས།རྒྱལ་པ་ཁྲི་དར་མས་བོད་སྤྱི་ཙམ་མ་ཟད་བོད་ཀྱི་མངའ་འོག་ཏུ་ཡོད་པའི་རྒྱ་ཤ་ཅུ་དང་འཛམ་གླིང་ཤར་དཀྱིལ་དར་ལམ་དུ་ཡོད་པའི་རྒྱལ་ཕྲན་ཡུ་གུར་དང་ལི་བཅས་ལ་སྔར་བཞིན་ཆབ་སྲིད་དང་དམག་ཇུས་ཟུང་འབྲེལ་བྱས་ནས་མངའ་དབང་བསྒྱུར༽ཞེས་དང་།༼སྔོན་བྱོན་བཙན་པོ་བཞིན་བོད་བཙན་པོའི་མངའ་ཐང་ད་དུང་རྒྱ་བསྐྱེད་བྱས་པའི་ལོ་རྒྱུས་མེད་ན་ཡང་བོད་ཀྱི་མངའ་འོག་ཏུ་ཡོད་བཞིན་པའི་ས་ཁུལ་རྣམས་ནི་ཆབ་སྲིད་ཀྱི་དབང་ཤུགས་དང་དམག་དོན་གྱི་དྲག་ཤུགས་ཐོག་ནས་ཐོགས་ཆག་མེད་པར་དབང་བསྒྱུར་བྱས་པར་མངོན༽ཞེས་བཞེད་ཡོད་པ་གསལ།གལ་ཏེ་དངོས་གནས་ཆབ་སྲིད་ཀྱི་མངའ་ཐང་ཉམས་སོང་བ་བདེན་ན།འོད་སྲུང་དང་ཡུམ་བརྟན་གྱི་སྐབས་སུ་ཡང་བསྐྱར་ཆབ་སྲིད་ཀྱི་མངའ་ཐང་ཞེས་པ་ཞིག་ཉམས་རྒྱུ་ཡོད་པ་གཞི་མི་གྲུབ་བོ།།ཡང་།ཁྲི་དར་མའི་སྐབས་ཆབ་སྲིད་ཀྱི་མངའ་ཐང་ཉམས་སོང་བ་བདེན་དགོས་ན་བདེན་དཔང་ཁུངས་ཐུབ་གང་རེད།གནའ་བོའི་ཡིག་རྙིང་དག་གི་ཁྲོད་ན་ཆབ་སྲིད་ཉམས་ཞེས་ག་པར་འདུག་སྟོན་ཅིགའདི་ལྟར་ཉམས་དེ་ལྟར་ཉམས་ཞེས་གསལ་གསལ་དག་དག་བཤད་པའི་བདེན་དཔང་གང་རེད།རིས་སུ་མ་ཆད་ཅིང་སྐྱོན་གྱིས་མ་བསླད་པའི་ཡིག་ཚང་ཡིད་རྟོན་རུང་བ་ཞིག་ག་པར་འདུག་སྟོན་ཅིག།རྒན་ཞོགས་དུང་ཁྲོ་ལོར་ཤོག།ཁོང་ཉིད་བདེན།ང་ཚོའི་ལུས་སྟེང་གི་ཟོག་པོ་དང་འཁྲུལ་གཤིས་ཀྱིས་སྦགས་པའི་བག་ཆགས་འདི་དང་།དངོས་ཡོད་ལ་ཆ་འཇོག་མེད་པ་དང་བདེན་པ་གཙིགས་ཆེན་མི་གནང་བའི་བག་ཆགས་དེ་རིགས་ཐལ་དོང་རྡུལ་དོང་དུ་སྤྲུག་ཡག་སྤྲུག་དགུ་གྱིས་ཤིག།

ཡང་བདེན་ཤས་ཁ་བོ་ཡོད་མདོག་སྟོན་པ་འགའ་ཞིག་གིས་འདི་འདྲ་ཞིག་ཀྱང་ཟེར་ཡོང་སྟེ།ཆབ་སྲིད་ཅེས་མི་ཟེར་བར་དཀྱོག་སྟེ་བོད་ཉམས་སོང་འདྲ་ཞིག་ཟེར།དེ་གང་གིས་ལན་ཟེར་ན།ཆོས་བསྣུབས་པས་མུ་གེ་སོགས་རང་བྱུང་གི་གནོད་འཚེ་སོགས་བྱུང་ངོ་ཟེར།འདིའི་དྲང་དོན་ནི་ཆོས་བསྣུབས་པ་དེའི་ལ་ཉེས་ཀྱིས་རང་བྱུང་གི་གནོད་འཚེ་སོགས་རྗེས་སུ་རྟགས་ཐོན་སོང་ཟེར་གྱི་ཡོད་པ་དང་།ངེས་དོན་ནི་ཆོས༼བསྣུབས༽པ་དེས་བོད་ཀྱི་ཡོད་ཚད་ཉམས་པའི་ཉམས་གོ་ཆོད་ཅེས་ཤུགས་སུ་བསྟན་གྱི་ཡོད་པ་རེད།འོན་ཀྱང་།ཆོས༼བསྣུབས༽པ་ནི་བོད་བསྣུབས་པ་མིན་པས་གཏན་ཚིགས་མི་གྲུབ།མ་ཟད་གོང་དུའང་ཞུས་ཟིན་པས།ད་ནི་ཕྱུགས་ནད་དང་མི་ནད།མུ་གེ་སོགས་རང་བྱུང་གི་གནོད་འཚེ་མང་པོ་ཞིག་བྱུང་བ་ནི་ཁྲི་དར་མས་བསྟན་པ༼བསྣུབས༽པས་རྐྱེན་དང་བསྣུབ་རྒྱུའི་གནག་སེམས་གང་རུང་ཞིག་གིས་ལྟས་ངན་རྟགས་ངན་དེ་འདྲ་བྱུང་ཡིན་པར་འདོད་མཁན་ཚོའི་ལྟ་ཚུལ་ཐད་བསམ་ཚུལ་ཞིག་འདོན་རྒྱུ།དེ་ལྟར་འདོད་མཁན་ནི་མང་ཚོགས་ཕལ་མོ་ཆེ་འདུས་པ་དང་ལོ་རྒྱུས་དེབ་ཐེར་གོང་གི༼ཞབས་བཏགས་མ༽སོགས་ཀྱི་ཕྱོགས་ཁག་སྟེ།རིས་སུ་ཆད་པའི་ལོ་རྒྱུས་སྨྲ་བ་བོ་ཡོད་ཚད་ཀྱི་དེབ་ཐེར་བཞག་ཆོག་ཀྱང་།འདི་ནས་ལྡོང་ཡོན་ཏན་རྒྱ་མཚོ་ཟེར་བའི་ཨ་མདོ་རྔ་བའི་ཨ་ཁུ་ཁ་བདེ་ཞིག་ཡོད་པ་དེ་དཔེ་མཚོན་དུ་བཞག་ནས་བཤད་ན་དགའ་སྟེ།རྒྱུ་མཚན་ནི།ཆེས་སྤྱིར་བཏང་གི་མི་གཞི་ཡང་ཡག་པོ་ཞིག་ཚུགས་མི་ཐུབ་པའི་གྲྭ་རྐྱང་དཀྱུས་མ་ལྡོང་ཡོན་ཟེར་བ་ཡིན་ན་དེས།མང་ཚོགས་ལ་བཀའ་སློབ་འདྲ་མི་འདྲ་གནང་གིན་གནང་གིན་ཤོབ་རྫུན་འཇོག་པ་ནི་ཤིན་ཏུ་བློར་མི་འབབ་པ་ཞིག་རེད།གྲྭ་བ་དེས་ཆོས་བཤད་ཟེར་ཡ་གནང་གིན་གནང་གིན་ཆོས་ལུགས་ནི་ཅིག་ཅིག་ཅིག་བྱས་ནས་མེད་མི་རུང་།ཉིག་ཉིག་ཉིག་བྱས་ནས་ཉམས་མི་རུང་ཟེར་བའི་ཞར་ལ་རྫུན་དང་སྒྲོ་འདོགས་ཀྱང་མང་པོ་འབྱུང་།ཡིན་ན་ཡང་།ཆོས་བཤད་ཡིན་ཤ་སྟག་ནི་རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་ཆོས་བཤད་གཞན་ཕན་ཉི་འོད་ལྟ་བུ་ནི་ངེས་དོན་གྱི་ཆོས་བཤད་ཡིན་མ་གཏོགས།ལྡོང་ཡོན་གྱིས་བཤད་ཀྱིན་པ་དག་ནི་དགེ་མིང་འཛིན་པ་པོ་ཞིག་གི་ངོས་ནས་བསམས་ཚེ།ཤིན་ཏུ་ཚད་གཞི་མེད་ལ་རྙིང་སོང་དུ་གྱུར་བའི་སྐད་ཆ་དམའ་རིམ་ཤ་སྟག་རེད། དེའི་སྟབས་ཀྱིས་ལྡོང་ཡོན་གྱིས་བཤད་ཀྱིན་པ་དག་ལ་ཆོས་བཤད་གནང་གི་འདུག་ཟེར་ན་མི་འགྲིག་སྟེ།དེའི་ཚད་ཐིག་ལ་མེད་པས་སོ།།མ་ཟད་མི་དེའི་སྒྲུབ་བྱ་སྒྲུབ་བྱེད་མང་པོ་ཞིག་ཟེར་སྒྲོས་ཁོ་ནར་བརྟེན་འདུག་པས་ཁོ་ཆད།ཆོས་ལུགས་ཉམས་ཚེ་ཞེས་འཆད་རན་དུས་གླང་དར་མའི་སྐབས་དང་རིག་གསར་སྐབས་སོགས་སུམ་རྟགས་བློར་བཟུང་བ་ལྟར་ཤར་ཤར་དྲངས་འོངས་ཏེ།ཁོང་ན་རེ།བོད་མིས་ནང་ཆོས་ལུགས་ལ་རྒོལ་བ་བྱས་ན་མཇུག་འབྲས་ཅི་ཡོང་ནི།གླང་དར་མའི་སྐབས་ཆོས་ལུགས་ལ་དད་པ་མ་བྱས་པ་རེད་ཕྱུགས་ནད་མི་ནད་དང་མུ་གེ་སོགས་ཀྱི་གནོད་འཚེ་མང་པོ་བྱུང་སོང་བ་རེད།རིག་གནས་གསར་བརྗེའི་སྐབས་སུ་ཆོས་ལུགས་ལ་དད་པ་མ་བྱས་པ་རེད་མི་མང་པོ་མུ་གེས་ཤི་སོང་བ་རེད་སོགས་ཟེར།དེ་ན་ཐོག་མར་ཁྲི་དར་མའི་སྐབས་གླེང་འདོད་དེ།སྔོན་གྱི༼སྦ་བཞེད་ཞབས་བཏགས་མ༽དང༼རྦ་བཞེད༽སོགས་གཙོས་པའི་ཡིག་ཆ་རྙིང་གྲས་དག་དང་།མཁས་དབང་དུང་དཀར་ཚང་སོགས་ལོ་རྒྱུས་སྨྲ་བ་ཅུང་གཟུར་གནས་མཁན་མང་པོ་ཞིག་གིས་ནི།སྐབས་དེར་ཆོས་ལུགས་མེད་པར་བཟོ་བའི་ཁག་འདོགས་བྱེད་ས་མ་རྙེད་པར་ལུས་པའི་དུས་དེར་ལྷ་སར་སད་དང།སེར་བ།མུ་གེ།ནད་ཡམས་མང་པོ་བྱུང་བའི་གོ་སྐབས་དང་བསྟུན་ཞེས་བཞེད་འདུག་པ་དང་།༼བོད་ཀྱི་ལོ་རྒྱུས་ཁག་ལྔ༽ཞེས་པའི་ནང་གི་ནེའུ་པཎ་ཌི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱི༼སྔོན་གྱི་གཏམ་མེ་ཏོག་ཕྲེང་བ༽རུ།ཟླ་བ་དྲུག་ཏུ་ཁྲིམས་རྙིང་པ་བཞག་་་ལྷ་སར་སད་དང་སེར་བ་དང་།རྩྭ༼བཙའ༽དང་མུ་གེ་དང་།མི་ནད་ཕྱུགས་ནད་མང་པོ་བྱུང་བས།དེ་ལ་བསྙད་བྱས་ཏེ་ཐུགས་སུ་གདོན་གསོལ་ཞེས་འཁོད་ཡོད་པ་དང་།གཞན༼ལོ་གཉིས་དུས་ནས་ཐུགས་སུ་གདོན་གསོལ་ཏེ༽ཞེས་ཆོས་འབྱུར་མཁས་པའི་དགའ་སྟོན་སོགས་ལས་ཀྱང་འབྱུང་བ་ལྟར།དེ་དག་གི་འདོད་ལུགས་ལྟར་ན།ལྷ་སར་རང་བྱུང་གི་གནོད་འཚེ་དེ་སོགས་བྱུང་བ་ལ་བསྙད་བཏགས་ཏེ་ད་གཟོད༼བསྟན་པ་བསྣུབས༽འགོ་བརྩམས་པ་ཡིན་པ་ནི།ལོ་རྒྱུས་ཡིག་ཆ་གཙོ་གྲས་དག་ལས་ཐད་ཀར་འོངས་པ་མ་ཟད་ལྡེམ་དོན་གྱིས་ཀྱང་བསྟན་ཡོད་པས།ཁྲི་དར་མའི་སྐབས་ཀྱི་མུ་གེ་སོགས་ནི༼བསྟན་པ་བསྣུབས༽པས་ལན་པ་མིན་པ་ནི༼དེ་ལ་བསྙད་བྱས༽ཞེས་དང༼གོ་སྐབས་དེ་དང་བསྟུན༽ཞེས་དང༼ལོ་གཉིས༽ཞེས་སོགས་ཀྱི་གོ་རིམ་དེས་ཀྱང་གསལ་བོ་ཤེས་ཐུབ།

མུ་གེ་སོགས་ནི།ཁྲི་དར་མས་བསྟན་པ་བསྣུབས་ཀྱང་འབྱུང་ལ་མ་བསྣུབས་ཀྱང་འབྱུང་བའི་རྒྱུ་རྐྱེན་སྔོན་རབས་དག་གི་སྐབས་ནས་བསྐྲུན་ཟིན་ཡོད་སྟབས།གཅིག་བྱས་ན་མུ་གེ་སོགས་འབྱུང་རྒྱུ་ནི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ཞིག་ཁོ་ན་ཡིན་ནོ།།གོང་དུ་བཀོད་ཟིན་པ་ལྟར་ཏེ།ཡང་དཔེ་བརྗོད་ཅིག་གི་ལམ་ནས་གསལ་བཤད་བྱས་ན།༡གལ་ཏེ་བོད་རྒྱལ་ཁབ་ཆེན་པོའི་སྐྱིད་སྡུག་འོག་ཏུ་གནས་ཤིང་རྒྱལ་པོར་དཔྱ་ཁྲལ་འཇལ་གྱིན་པའི་བོད་མི་ཁྲི་ཚོ་སྟོང་གཅིག་ཡོད་པའི་ཆ་བཞག་ན།གནས་སྟངས་དེ་ལྟ་བུའི་སྐབས་ཀྱི་བོད་ཀྱི་དཔལ་འབྱོར་ཐད་ཀྱི་ནོར་སྲིད་ཡོང་འབབ་ལོ་རེར་གསེར་རྒྱ་མ་ཁྲི་ཞིག་ཡིན་པ་བྱས་པ་དང་།དམག་དོན་ཐད་དམག་ཧྲག་རུ་ཆེན་བརྒྱ་དང་རུ་ཆེན་རེ་ལ་དམག་ཧྲག་ཁྲི་ཡིན་པ་བྱས་ཏེ་ཕྱོགས་གཅིག་ཏུ་འཇོག༢དེ་ནས་གཞུག་དག་ཏུ་རྒྱལ་ཁྲིམས་གསར་བ་སྤེལ་ཏེ་རབ་བྱུང་སྒྲུབ་མཁན་དག་ལ་བླ་ན་མཐོ་བའི་ངོ་ཆེན་སྟེར།སྲིད་ཀྱི་དབང་ཆ་བྱིན།གྲྭ་བ་རེ་ལ་དམག་མི་མང་པོའི་ཕོགས་ཐོབ་དང་ཚད་མཉམ་པའི་དཀོར་ཟས་གནང་།དེའི་ཁར་ས་ཞིང་དང་ལྷ་རིས་སོགས་སྤྲད་དེ་བརྩི་མཐོང་ཧ་ལས་པ་བྱས་བྱུང་དུས།རྒྱལ་ཁབ་ཀྱི་ཆེད་དུ་ཕ་མ་བློས་བཏང་།བཟའ་ཟླ་བུ་ཕྲུག་བློས་བཏང་།ཁྱིམ་མཚེས་གཉེན་ཉེ་བློས་བཏང་།ཐ་ན་རང་ཉིད་ཀྱི་གཅེས་པའི་སྲོག་ཀྱང་བློས་བཏང་སྟེ་ནམ་ནམ་ཞར་ཞར་བོད་སྤྱིའི་སྐྱིད་སྡུག་གི་ཆེད་དུ་དམར་འཛིང་དང་འཐབ་འཁྲུག་གིས་མི་ཚེ་སྐྱེལ་དགོས་པའི་དམག་མི་དག་གིས།དམག་མིའི་ལས་བསྐྱུར་ཏེ་རང་ལ་དབང་སྐལ་ཆ་མཉམ་དུ་ཡོད་པའི་ཞི་བདེ་དང་རྒྱས་སྤྲོས་ལོངས་སྤྱོད་ཀྱི་འཚོ་བ་སྟེ་རབ་ཏུ་འབྱུང་ངེས་ཅན་ཡིན་རྒྱུ་རེད།མ་ཟད་རབ་བྱུང་བ་དག་ལ་དེ་འདྲའི་དམིགས་བསལ་གནང་པ་ནས་བོད་ཀྱི་གྲྭ་བའི་གྲངས་ཀ་ཆེས་ཆེར་འཕེལ་བའི་རྒྱུ་མཚན་གཙོ་བ་ཞིག་དེ་ཡིན་པར་འདོད།

ཁྲི་དར་མའི་སྐབས་སུའང་ཟླ་བ་དྲུག་གམ་ལོ་གཉིས་སམ་གང་ལྟར་ཁྲི་དར་མ་གསེར་ཁྲིར་མངའ་གསོལ་མ་ཐག་ཏུ༼བསྟན་པ་བསྣུབས༽མེད་པར་ཡབ་མེས་གོང་མ་དག་ལྟར་རྒྱལ་ཁབ་ཆོས་ཀྱིས་བསྐྱངས་ཏེ་རབ་བྱུང་བའི་སྔོན་ཡོད་དབང་ཆ་དང་དད་འབངས།གོ་ཐོབ་སོགས་སྔར་ལྟར་དུ་བརྒྱུད་འཛིན་བྱས་པ་དེས།དམག་མི་མིན་པའི་སྐྱ་བོ་འཚོ་གནས་དཀའ་ངལ་ཅན་དག་དང་།དམག་མི་མང་པོ་མང་པོ་ཞིག་མུ་མཐུད་དུ་རྒྱུ་རྐྱེན་སྣ་ཚོགས་ཤིག་གིས་དེད་དེ་རབ་ཏུ་འབྱུང་ཁོ་ཐག་ཡིན་རྒྱུ་རེད།དེ་ལྟར་བོད་མི་གྲངས་ལས་འདས་པ་ཞིག་རབ་ཏུ་བྱུང་ཙ་ན།གཅིག་ནས་རབ་བྱུང་བ་དག་གིས་བཙན་པོར་དཔྱ་ཁྲལ་འཇལ་མི་དགོས་པས་རྒྱལ་ཁབ་ལ་དེའི་ཕྱོགས་ཀྱི་ནོར་སྲིད་ཡོང་འབབ་འཕར་ཆག་བྱུང་ཡོད།རབ་བྱུང་བ་ཅི་ཙམ་མང་བ་དེ་ཙམ་གྱིས་བཙན་པོར་དཔྱ་ཁྲལ་འཇལ་བའི་དུད་ཁྱིམ་གྱི་གྲངས་དེ་ལྡབ་བདུན་འགྱུར་གྱིས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས།རབ་བྱུང་བ་གཅིག་གིས་ཇེ་མང་དུ་སོང་ན་རྒྱལ་པོའི་བླ་མཛོད་དམ་རྒྱལ་ཁབ་ཀྱི་ནོར་སྲིད་ཡོང་འབབ་ཐད་ཕལ་ཆེར་དུད་ཁྱིམ་བརྒྱད་ཙམ་གྱི་དཔྱ་ཁྲལ་ཇེ་ཉུང་དུ་སོང་ཡོད།དེ་ལྟར་ན་རབ་བྱུང་བ་བརྒྱ་ཡིས་ཇེ་མང་དུ་སོང་ན་རྒྱལ་པོའི་བླ་མཛོད་དུ་དུད་ཁྱིམ་བརྒྱད་བརྒྱ་ཡི་དཔྱ་ཁྲལ་ཆག་གི་ཡོད་པ་མ་ཟད།རྒྱལ་ཁབ་ཀྱི་དམག་ཤུགས་ཀྱང་དེ་ལྟར་ཆག་གི་ཡོད་དེ།རབ་བྱུང་བ་དང་རབ་བྱུང་བའི་དད་འབངས་སུ་གྱུར་བའི་དུད་ཁྱིམ་དག་ནི་རྒྱལ་པོར་དཔྱ་ཁྲལ་དང་འུ་ལག་སོགས་གང་ཡང་རྒྱུགས་དགོས་ཀྱི་མེད།ལམ་ལུགས་གསར་བ་དེའི་འོག་ཏུ།རྒྱལ་པོའི་ཁབ་ཏུ་དཔྱ་ཁྲལ་དང་འུ་ལག་ཐད་ཀྱི་དཀའ་ཁག་ལས་གཞན་པའི་དཀའ་ཁག་ཐུ་བོ་ཆེ་ཞིག་བསྐྲུན་ཡོད་པ་ནི།ཐོན་སྐྱེད་ངལ་རྩོལ་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་ཏེ།མཐར་བོད་རྒྱལ་ཁབ་ཆེན་པོའི་ཁོངས་སུ་ཐོན་སྐྱེད་ངལ་རྩོལ་པའི་མི་གྲངས་ལས་དངོས་ཟོག་འཛད་སྤྱོད་པའི་མི་གྲངས་ཀྱིས་མང་བའི་གནས་ཚུལ་འབྱུང་སྲིད།བོད་མི་མང་པོ་ཞིག་རབ་ཏུ་བྱུང་ན་བོད་ཀྱི་མི་རྒྱུད་མུར་སྤེལ་ཇེ་དལ་ནས་ཇེ་དལ་དང་མི་གྲངས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་སྲིད་ཅིང་།ནམ་ཞིག་རབ་བྱུང་བའི་མི་གྲངས་ཀྱང་ཇེ་མང་ནས་ཇེ་ཉུང་དུ་འཕེལ་འགྲིབ་འབྱུང་ངེས་ཏེ།མི་རྒྱུད་མུར་སྤེལ་ཇེ་དལ་དུ་སོང་སྟེ་མི་རབས་གསར་བའི་ཁ་གྲངས་ཉུང་དུ་ཕྱིན་འགྲོ་ཡི་ཡོད་པའི་ཤུགས་རྐྱེན་ཐད་ཀར་ཐེབས་སྲིད་པ་རེད།

ཡང་ན་དངོས་ཟོག་འཛད་སྤྱོད་པ་སྟེ་རབ་བྱུང་བས་གཙོས་པའི་དབང་བསྒྱུར་པ་ཚོས་རྒྱུ་ནོར་ལོངས་སྤྱོད་རྒྱས་སྤྲོས་བྱས་པའི་ཆུ་ཚད་དང་།ངལ་རྩོལ་ཐོན་སྐྱེད་མཁན་ཏེ་བེ་སང་གིས་ལས་དཀའ་ལས་ཏེ་ཐོབ་པའི་ངལ་རྩོལ་ཐོན་འབྲས་ཀྱི་ཆུ་ཚད་གཉིས་དོ་མི་མཉམ་པར་བར་ལ་ཧེ་བག་ཆེན་པོ་ཤོར་ཏེ།ངལ་རྩོལ་མཁན་ལས་འཛད་སྤྱོད་མཁན་མང་བ་ལྟ་བུ་ཞིག་ཏུ་འགྱུར་གྱི་རེད།རྒྱུ་མཚན་ནི།འཛད་སྤྱོད་པ་དེ་དག་གི་བྱ་སྤྱོད་ནི་བབ་བསྟུན་ཚུལ་ཡོད་ཅིག་མིན་པར་རྒྱས་སྤྲོས་དང་ལོངས་སྤྱོད་ཐལ་ཆེ་བ་གནང་མཁན་འབའ་ཞིག་ཡིན་པ་དང་།འཛད་སྤྱོད་པ་མང་པོ་ཞིག་གིས་ཆོས་སྒྲུབ་ཁུལ་གྱིས་བསྡད་དེ་ལས་དཀའ་ཅི་ཡང་ལས་མི་དགོས་པ་དང་དཔྱ་ཁྲལ་སོགས་སྐར་མ་གང་ཡང་སྤྲོད་མི་དགོས་པ་མ་ཟད།རྩོལ་བ་མ་བརྒྱབ་པའི་བོགས་མ་འབོར་ཆེན་རག་གི་ཡོད་པས་སོ།།འོ་ན།དེ་འདྲའི་བོགས་མའམ་དཀོར་ཟས་འཛད་མཐའ་མེད་པ་ཞིག་གང་ནས་བྱུང་ཟེར་ན་ཐོན་སྐྱེད་ངལ་རྩོལ་བ་སྟེ་འབངས་མི་སེར་དག་གི་ལག་ནས་བསྡུས་པ་རེད།སྐབས་དེར་བོད་རྒྱལ་ཁབ་ལ་ནོར་སྲིད་ཐད་འཕར་ཆག་ཧ་ལས་པ་ཞིག་འབྱུང་གི་ཡོད་པའི་ཁར་འགྲོ་སོང་གསར་བ་ཞིག་བྱུང་ཡོད་པ་ནི།རྒྱལ་པོའི་བླ་མཛོད་ནས་ལོགས་སུ་རབ་བྱུང་བ་དག་ལ་འཚོ་རྟེན་སྦྱར་དགོས་ཀྱི་ཡོད་པ་མ་ཟད།ལྷ་ཁང་དང་།མཆོད་རྟེན།དགོན་པ་སོགས་ཆོས་གཞིས་གསར་བཞེངས་ཐད་འགྲོ་གྲོན་མང་པོ་གཏོང་དགོས་ཀྱི་ཡོད་གཤིས།རྒྱལ་ཁབ་ཀྱི་ཕྱི་གཏོང་འགྲོ་གྲོན་ཧ་ཅང་གིས་ཆེ་ནས་ཆེ་རུ་ཕྱིན།དཀའ་ཉོག་དེ་འདྲར་ཐུག་དུས་རྒྱལ་ཁབ་ཀྱི་ནོར་སྲིད་ཧེ་བག་སེལ་བའི་བྱ་ཐབས་ཉག་གཅིག་པོ་ནི།མི་དམངས་མང་ཚོགས་ཀྱི་དཔྱ་ཁྲལ་ཇེ་ལྗིད་དུ་གཏོང་རྒྱུ་དེ་རེད།གནས་བབ་དེ་འདྲའི་འོག་ཏུ་བོད་འབངས་ཚོར་དབུལ་ཕྱུག་གི་ཁྱད་པར་སྔར་ནས་ཧ་ཅང་ཆེན་པོ་ཡོད་པ་དང་།དབུལ་བོ་ཚོས་སྔར་ནས་ལྟོགས་སྡུག་མང་པོ་མྱངས་དགོས་ཀྱི་ཡོད་པའི་ཁར།དཔྱ་ཁྲལ་ཇེ་ལྗིད་དུ་བཏང་བ་དེས་མུ་གེ་མ་ཟེར་ལྟོགས་ཤི་ཐེབས་རྒྱུའང་ཁྲིག་ཁྲིག་མེད།མ་ཟད་གནའ་ནས་ད་བར་དུ་དབུལ་ཕོངས་ཀྱི་འཚོ་བ་རོལ་གྱིན་པའི་དབུས་ཕྱོགས་པ་དག་ལ་དེ་ལྟ་བུའི་གནས་བབ་འོག་མུ་གེ་འབྱུང་རྒྱུ་སོགས་ནི་སྨོས་ག་ལ་དགོས།དེ་བཞིན་དུ།གནས་ཚུལ་དེ་ལྟ་བུ་རྒྱུ་དང་རྐྱེན་ཚང་སྟེ་བྱུང་བའི་དོན་དག་མཐའ་དག་ལ་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ཟེར་བ་ལས།ངན་ཁག་གཞན་ལ་དཀྲིས་ཏེ་མི་སྲིད་པ་སྐོར་ཞིག་གམ་འབྲེལ་མི་ཆགས་པ་སྐོར་ཞིག་གིས་ལན་སོང་ཟེར་བ་ནི།ཡང་མིན་ན་ཕྱོགས་རིས་ཀྱི་སྐད་ཆ་ཡིན།ཡང་མིན་ན་མགོ་རྨོངས་པའི་སྐད་ཆ་ཡིན།དེ་ཡང་མིན་ན་བསམ་གཟས་ནས་གླེང་ནག་བཏབ་པའི་སྐད་ཆ་ལས་འགྲོ་ས་མེད་དོ།།

གཉིས་སུ་ན་ལྡོང་ཡོན་ལ་བདེན་ཁ་ཅུང་ཙམ་བྱིན་ཏེ་གནོད་འཚེ་དེ་དག་ཁྲི་དར་མས༼བསྟན་པ་བསྣུབས༽རྗེས་བྱུང་པ་དང་ཆོས་ལོག་བྱས་པའི་ལ་ཉེས་ཀྱིས་ཡིན་པའམ་ཡང་ན།གནོད་འཚེ་དེ་དག་ནི་ཁྲི་དར་མ་མི་རང་ཉིད་སྡིག་ལ་དགའ་བ་དང་ཆོས་ལ་གནག་པ།མ་འོངས་པར་བསྟན་པ་བསྣུབས་སྲིད་པའི་སྔ་ལྟས་སུ་བྱུང་བ་ཡིན་པར་འདོད་དགོས་ན།དིང་སང་ཨེ་ཙི་ནད་ཅེས་པ་ཞིག་ས་འཕྱུར་རྡོ་འཕྱུར་དུ་འགྲོ་ཡི་ཡོད་པ་ལ།དེ་དིང་གི་འཛམ་གླིང་རྒྱལ་ཁབ་སོ་སོའི་དབང་འཛིན་པ་དག་དབང་བསྐུར་ཉེས་ཀྱིས་ལན་པ་ཡིན་ཅི་ལ་མི་དགོས།དོ་ཚིགས་སི་ཁྲོན་ཕྱོགས་སུ་ས་འགུལ་བརྒྱབ་པ་དང་ཆུ་ལོག་རྒྱུགས་པ།རི་ཉིལ་བྱུང་བ།ལམ་ཆད་པ།ཟམ་བརྟིབས་པ་སོགས་ཀྱི་རང་བྱུང་གནོད་འཚེ་མང་པོ་བྱུང་བ་དང་།རྒྱ་ནག་ལྷོ་ཕྱོགས་ཀྱི་མཚོ་འགྲམ་དག་ཏུ་ཏུའུ་གྲངས༤༠ཡན་ཆད་ཀྱི་ཙད་པ་བྱུང་གིན་ཡོད་པ་དང་།ཀན་ལྷོའི་ཕྱོགས་སུ་ཆུ་ལོག་རབ་ལོག་དང་ས་འགུལ་ཁང་བརྡིབས་ཀྱི་གནོད་འཚེ་བྱུང་ཡོད་པ་དང་།ཨ་མདོའི་འབྲོག་ཁུལ་དག་ཏུ༼ཁ་ཙེ༽ཞེས་པའི་ཕྱུགས་ནད་ཅིག་བྱུང་གི་ཡོད་པ་མཐའ་དག་གི་གནོད་འཚེ་ནི་ཤིས་ཅེན་ཕེན་བཀྲ་མ་ཤིས་པ་ཡིན་དགོས་སམ་གོང་ས་མཆོག་བཀྲ་མ་ཤིས་པ་ཡིན་དགོས།གཞན་ཡང་།རང་བྱུང་གི་གནོད་འཚེ་དེ་དག་བྱུང་བ་ནི་ཆོས་ལོག་བྱས་པས་ཉེས་པ་ཡིན་སྲིད་ན།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ།སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་མང་པོ་བརྒྱབ།མཆོད་རྟེན་དང་ལྷ་ཁང་མང་པོ་བཞེངས།མདོ་སྔགས་ཡིག་བསྒྱུར་གླིང་དང་ཆོས་འཆད་མཉན་སྤེལ་སའི་སློབ་གྲྭ་བཙུགས།སད་མི་མི་བདུན་སོགས་རབ་བྱུང་གི་སྡེའམ་སྲོལ་ཐོག་མར་བཙུགས།མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་གདན་དྲངས་ཏེ་ཆོས་ཞུས་ཤིང་བསམ་ཡས་སོགས་གཙུག་ལག་ཁང་མང་པོ་གསར་བསྐྲུན་བྱས་པ་སོགས་ཏེ།ལོ་རྒྱུས་ཐོག་ཏུའང་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཆོས་ལུགས་དར་ཞིང་རྒྱས་ཞེས་པ་ཞིག་བྱུང་མོད།རང་བྱུང་གི་གནོད་འཚེ་དང་།སྤྱི་ཚོགས་འཕྲོད་བརྟེན་སྐོར་གྱི་ནད་ཡམས་སོགས་དང་དཔལ་འབྱོར་ཐད་ཀྱི་དབུལ་ཕྱུག་གི་ཁྱད་པར་སོགས་ནི།ལྷ་ལྷ་མོ་དང་ཀླུ་ཀླུ་མོ་སོགས་གཟུགས་མེད་གཞི་མི་གྲུབ་པ་དག་གི་དགའ་སྡུག་གིས་ཀྱང་འབྱུང་བ་མི་སྲིད་པར།རང་བྱུང་གི་གནོད་འཚེ་ནི་མིས་རབ་བྱུང་ཁམས་ལ་བསྒྱུར་བཀོད་བྱེད་པའི་གོ་རིམ་ཡག་ཉེས་ཀྱིས་འབྱུང་རྒྱུ་དང་གཅིག་ཡོད་ལ།སྟེང་དབང་གིས་འབྱུང་རྒྱུ་དང་གཉིས་ཡོད་པ་རེད།སྤྱི་ཚོགས་གནད་དོན་སྐོར་ནི་སྐབས་དེའི་སྤྱི་ཚོགས་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད།མིའི་ཤེས་རྟོགས་སོགས་ཀྱི་སྐྱེད་རྒྱུ་སྔོན་དུ་སོང་བའི་འབྲས་བུ་ཁོ་ན་ཞིག་ཡིན་པས།ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཆོས་མང་དུ་གསུངས་པའི་སྒང་དག་ཏུའང་།དེབ་ཐེར་རྣམས་སུ།ལོ་འདིར་དམར་པོ་རི་ལ་ཐོག་བརྒྱབ།བོད་ལ་ལོ་ཉེས་དང་མི་ཕྱུགས་ལ་ནད་ཡམས་ཆེན་པོ་བྱུང་བས།བོན་པོ་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་བྱས་པས་ལན་ཟེར་བ་ཞིག་བྱུང་ཡོད།

གཞན་མུ་ནེ་བཙན་པོའི་སྐབས་སུ་དགེ་བཅུའི་ཁྲིམས་བཟུང་།བསམ་ཡས་སུ་མདོ་སྡེ་དང་མངོན་པར་བྱང་ཆུབ་པའི་མཆོད་པའི་སྡེ་ཆེན་པོ་བཞི་བཙུགས་པ།རབ་བྱུང་པ་གཙིགས་ཆེན་པོས་མཆོད་བཀུར་བྱས་པ་སོགས་བྱས་ཏེ་དམ་ཆོས་ཀྱི་བྱ་བ་རྒྱ་ཆེན་པོ་བསྒྲུབས་ཡོད་ཀྱང་།བཙན་པོ་ཁོང་གིས་ཡང་དང་བསྐྱར་དུ་དབུལ་ཕྱུག་ལན་གསུམ་སྙོམ་པ་ལ་སེམས་ཁུར་བྱེད་དོན་ནི།སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དབུལ་བོ་ཚོ་དབུལ་དྲགས་ཏེ་ལྟོགས་སྡིག་དང་མུ་གེ་མྱོང་དགོས་ཀྱི་ཡོད་པ་དང་།ཕྱུག་པོ་ཚོ་ཕྱུག་དྲགས་ཏེ་རྒྱས་སྤྲོས་ལོངས་སྤྱོད་ཧ་ལས་པ་བྱེད་ཐུབ་ཀྱི་ཡོད་པས་རེད་དེ།བཙན་པོའི་ཞལ་ནས།ངའི་མངའ་འོག་འདིར་མི་རྣམས་ལ་ལྟོགས་ཁྱད་འདི་ཙམ་འོང་བ་མི་འོས་གསུངས་ཏེ།ལྟོགས་ཕྱུག་ལན་གསུམ་སྙོམ་པར་གྲགས་པ་སོགས་ལ་གཞིགས་ན།བོད་པའི་སྤྱི་ཚོགས་ཁྲོད་སྔོན་ནས་རིམ་བཞིན་དབུལ་ཕྱུག་གི་ཧེ་བག་གནས་ཤིང་ཡོད་པ་གསལ།མ་ཟད།དིང་སང་།ཕྱུགས་ནད་སྐོར་གྱི་ཆེད་དེབ་དང་།རང་བྱུང་གནོད་འཚེའི་སྐོར་གྱི་ཆེད་དེབ།མིའི་བདེ་ཁམས་སྐོར་གྱི་ཆེད་དེབ་སོགས་ཁག་ཁག་བྱས་ཏེ་མང་པོ་པར་དུ་བསྐྲུན་ཡོད་ཀྱང་།ནང་ན་གཟུངས་སྔགས་ཐོན།ཆོས་ཉམས་སུ་ལོངས།གྲྭ་བ་བྱོས།ཁ་བཏོན་སྒྲུབ་སྦྱོང་གྱིས་སོགས་ཟེར་གྱི་མེད་པར།དེ་ལས་རྦད་དེ་ཐ་དད་དུ་ལྡོག་ནས་འགྲེལ་བ་བརྒྱབ་ཅིང་སློབ་སྟོན་གནང་གི་འདུག་ལ།དེ་ནི་སྨན་ཡང་སྨན་ནོ།།

གཞན་རིག་གནས་གསར་བརྗེའི་སྐབས་ཀྱི་དཀའ་སྡུག་དག་ནི་ཆོས་ལུགས་ལ་ཆོས་ལོག་བྱས་པས་བྱུང་བ་མ་རེད་དེ།མོའོ་ཚེ་ཐུང་གི་བསམ་ཉེས་ཤིག་ལ།མང་མྱུར་ལེགས་བསྲི།གྲངས་ཚད་གཙོ་འཛིན།ཡང་རྩེ་ལྷུར་ལེན།གོམ་སྟབས་ཆེན་པོ།ངར་ཤུགས་གཅིག་སྒྲིལ་སོགས་ཀྱི་ཐབས་བཀོད་ལ་བརྟེན་ནས།༼བཙས༽མ་ཐག་གི་གུང་ཁྲན་ཏང་འཛམ་གླིང་རིལ་མོའི་མིག་ལམ་དུ༼ས་རྒྱུག་རྡོ་རྒྱུག༽བྱེད་དུ་འཇུག་བསམས་ཏེ་ལམ་ལུགས་སུ་གཏན་ཁེལ་ནས་ལག་བསྟར་བྱས་དུས།སྐབས་དེའི་རྒྱ་ནག་གི་སྤྱི་ཚོགས་འཚོ་བ་ཕྱོགས་ཡོངས་ཀྱི་ཆུ་ཚད་ཀྱིས་ལམ་ལུགས་གསར་བ་དེ་རྩ་བ་ནས་དང་དུ་ལེན་ཐབས་མ་བྱུང་བ་རེད།དང་དུ་ལེན་ཐབས་མ་བྱུང་ཡང་བཙན་ཚུགས་ཀྱིས་ཀྲུང་དབྱང་དང་གྲོང་ཁྱེར་སོགས་ཀྱི་ཤེས་ཡོན་པའམ་ལས་བྱེད་པ་དག༦༨ལོར་གཞི་རིམ་ས་ཁུལ་སོ་སོར་བདའ་སྟེ་མི་དམངས་མང་ཚོགས་དང་མཉམ་དུ་དཀའ་ལས་མྱོང་དུ་བཅུག་པ་སོགས་ཕྱོགས་སོ་སོ་ནས་བཙུར་གནོན་བྱེད་ཞོར་དུ་ཆེས་དཀའ་སྡུག་ལྡན་པའི་ལོ་ངོ་བཅུ་བརྒལ་བ་རེད།འབྱོར་མེད་གྲལ་རིམ་ནི་དབང་བསྒྱུར་བ་ངོ་མ་ཡིན་པ་དང་།དབང་བསྒྱུར་གྲལ་རིམ་གྱི་དགྲ་བོ་ནི་འབྱོར་ལྡན་གྲལ་རིམ་དང་མ་རྩ་ཅན་དག་ཡིན་ཞེས་བསྒྲགས།དེའི་རིང་མི་རིགས་སོ་སོའི་མི་གྲངས་ལས་འདས་པ་ཞིག་ཤི་སོང་།ཤི་བའི་གྲངས་ཚད་ཕལ་ཆེར་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་དང་ཉེ་ཡི་ཡོད་ཤས་ཆེ།སྒོས་སུ་བོད་པར་མཚོན་ན་ལྷ་འདྲེ་གདོན་བགེགས་ཟེར་བ་སྤེལ་ཏེ་ལྷ་ཁང་རྟེན་ཁང་མང་པོ་བཤིགཆོས་དཔེ་སྣ་རིང་མང་པོ་མེར་བསྲེགས།ཆུ་ལ་བསྐྱུར།ལྷམ་ཚངས་བྱས།བླ་གྲྭ་མང་པོ་གཅར་རྡུང་བྱས།དབང་བོ་སྐྱོན་ཅན་དུ་བསྒྱུར།ཕོ་མོ་མང་པོ་ཞིག་དམར་གཅོད་བཏང་སྟེ་བསད།གཉེན་ཉེ་ཚན་ཕན་ཚུན་བར་གསོད་རེས་བྱེད་དུ་བཅུག།བཤོས་པའི་ཚུལ་འཁྲབ་ཏུ་བཅུག།མི་མང་པོ་མུ་གེས་ཤི་བ་དང་གཅར་རྡུང་བཏང་སྟེ་ཤི་བ།ལས་དཀའ་ལས་དྲགས་ཏེ་ཤི་བ།བཙན་གཡེམ་གྱིས་ཤི་བ།བོའུ་ཙག་ལ་བླངས་ཏེ་ཤི་བ་སོགས་མྱོང་བ་མེད་ཀྱང་གོ་བ་དེས་ཤི་འགྲོ་སྤྱད་ཅིག་ཡོད་པ་དེ་རེད།དེ་འདྲའི་ལོ་རྒྱུས་དངོས་བྱུང་ང་ཡ་བ།རྫུན་རྐྱལ་ཞིག་གིས་བཤད་ན་རློམ་དཀའ་བ་དེའི་སྐབས་སུ་བྱུང་བའི་དཀའ་སྡུག་མཐའ་དག་ཀྱང་།ཆོས་ལོག་བྱས་པས་རྣམ་སྨིན་འཁོར་བ་སོགས་མིན་པར།སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆུ་ཚད་དང་ཆ་མི་མཉམ་ཞིང་།སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཆོས་ཉིད་ལ་མ་བལྟས་པར་བྱུང་རྒྱལ་དུ་བཅས་པའི་སྤྱི་ཚོགས་ལམ་ལུགས་དེས་བསླངས་པའི་གོད་ཆག་ཁོ་ན་ཡིན་པ་རེད།གསོང་བོར་སྨོར་ཚེ་གཞུག་ནས་ཀྱང་འཚོ་བ་ཅུང་ཙམ་རྒྱས་པ་ཞིག་བྱུང་བ་དེ་ཡང་ཆོས་ལུགས་ཀྱི་བྱིན་རླབས་ཀྱིས་མ་ཡིན་པར།ཏིང་ཞའོ་ཕིང་གིས་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་རྒྱུ་ནོར་སྒེར་ལ་དབང་བའི་ལམ་ལུགས་བཙུགས་པ་དེས།མུན་པའི་ཀློང་ཆེན་པོར་འོད་ཐིག་བྲེང་ངེ་བ་ཞིག་འཐེན་པ་རེད།སྐབས་དེའི་སྐྱ་ཆད་སྔོ་སྡུག་གི་ལོ་ཟླ་ནི་ཆོས་ལུགས་ལ་ལོག་དད་སྐྱེས་པས་བྱུང་བ་ཞིག་རྩ་བ་ནས་མིན་པ་མ་ཟད།བླ་གྲྭ་དག་ལ་དམིགས་ཏེ་རྡུག་རྡེག་མང་པོ་བྱས་པར་བསམས་ཚེ།ཆོས་བྱས་པས་མུ་གེ་དང་ཤི་རྨས་སོགས་བྱུང་བ་འདྲ་ཞིག་ཏུ་སྣང་།

འོ་ན།མུ་གེ་དང་གནོད་འཚེ་མང་པོ་ཞིག་འབྱུང་གིན་པ་དེ་ཆོས་ལོག་བྱས་པའི་ལ་ཉེས་ཀྱིས་ཡིན་ན།ཆོས་ལ་དཀར་བས་དཀའ་ངལ་དེ་དག་སླར་སོས་འགྲོ་པ་དང་འཚོ་གནས་རྒྱས་ཤིང་སྤྲོས་པ་ཞིག་འོང་རྒྱུ་ཁྲིགས་ཁྲིགས་མེད་ཚོད་དེ།དེ་ལྟ་ན་རིག་གསར་སྐབས་སུ་ལྐོག་ཏུ་ཆོས་སྒྲུབ་མཁན་དང་ཁ་བཏོན་འདོན་མཁན་སོགས་ཡོད་སྐད་ཀྱང་།དེ་དག་གིས་ཀྱང་འདྲ་འདྲར་དཀའ་སྡུག་མྱངས་དགོས་ཡོད་པ་ཅི་ཡིས་ཉེས།དེ་ལྟ་ན་ཆོས་ལུགས་ཁོ་ན་གཙིགས་སུ་འཛིན་ཞིང་ཆོས་ལུགས་འབའ་ཞིག་བསྟེན་པའི་ང་ཅག་བོད་པའི་འཚོ་གནས་ནི་འདི་ལྟའི་ཀྱག་ཀྱོག་དང་དཀའ་ངལ་ལྡན་པ་ཞིག་དང་དབུལ་ཞིང་ཕོངས་པ།འཛམ་གླིང་ཧྲིལ་བོའི་ནང་ནས་བསལ་བཞག་པ་འདྲ་ཞིག་བྱས་ཏེ་རྗེས་སུ་ལུས་ཡོད་པ་ནི་གང་ལ་གང་གིས་ཇི་ལྟར་ཅིའི་ཕྱིར་ལགས།མ་ཟད་རྒྱུ་འབྲས་མེད་པ་ཞིག་ལ་རིག་གསར་སྐབས་སུ་བླ་མ་གྲྭ་བ་རྡུང་མཁན་ཞོན་མཁན་དང་འཁོར་ཁང་རྟེན་ཁང་བཤིག་མཁན།ཆོས་དཔེ་བསྲེགས་མཁན་གཙོ་གྲས་ཤིག་རེད་ཟེར་བའི་བགྲེས་པོ་བགྲེས་མོ་རེ་འགར་རྣམ་སྨིན་འཁོར་རྒྱུ་ཕར་ཟད་བསོད་ནམས་ཀྱིས་རྫོགས་ཏེ།ཁ་ངོ་གཉེར་རིས་ཀྱིས་གང་ཡང་སྣུམ་ཤུག་ཤུག་བྱེད་ལ།ལུས་པོ་རྒ་བས་མནར་ཀྱང་གོས་ལྭ་གཙང་ཀྲིག་ཀྲིག་བྱེད།འཁོར་སྡུག་གཡོག་སྡུག་ཀྱང་མེད་པར་བྲང་སྐྱི་ཉི་མར་ལྡེས་ཏེ་མ་ཎི་བགྲང་ཞོར་དུ་ཚེ་རིང་ལོ་བརྒྱ་ལྡན་པའི་སྒོ་འདས་སོང་བ་ད་དུང་མིག་ལམ་དུ་ཤར་ཐུབ།ཡོད་སྲིད་པའི་རྒྱུ་འབྲས་ཀྱང་དེ་ལྟ་བུའི་མངོན་ཆུང་ཞིག་ཡིན་སྲིད་དུས་ཡོད་ན།མུ་གེ་སོགས་ནི་ཆོས་ལུགས་ལ་ལྟ་སྟངས་ཡག་ཉེས་ཀྱིས་བྱས་པ་མིན་པ་ནི་ལྷག་ཏུ་བཤད་ཅི་དགོས།གཞན་ཡང་མུ་གེ་ཡོང་མིན་སོགས་ནི་ཆོས་ལུགས་ཀྱིས་བྱས་པ་མིན་བཞིན་དུ་རེད་ཅེས་ལབ་པ་ནི།ང་ཚོས་ཆོས་ལུགས་ལ་གླེང་འགེལ་བ་རེད།ལྷ་དང་སངས་རྒྱས་ཟེར་བ་སོགས་ནི་མི་ལ་འཁོན་ལན་ལེན་མཁན་རེད་ཟེར་ཏེ་གླེང་ནག་འདེབས་ཀྱི་ཡོད་པ་རེད།དེ་ལས་སེམས་སྐྱིད་མི་སྐྱིད་དང།སེམས་ཞི་གནས་སུ་ལྷགས་ཐུབ་མིན།སེམས་བཏང་སྙོམས་སུ་འཇོག་ཐུབ་མིན་སོགས་ནི་ཆོས་ལུགས་དང་འབྲེལ་བ་ཡོད་ལབ་ན་གནས་ལུགས་དང་མཐུན་པ་ཞིག་རེད་ལ།དེ་ཡིན་སྐད་ཀྱི་གསུང་ཚིག་སྐྱེས་མཆོག་མང་པོས་བཞེད་འདུག

གསུམ། སྐུ་རྐྱང་དུ་ལུས་པའི་རྒྱལ་གཅེས་པ་ཞིག

ཁྲི་དར་མས༼བསྟན་པ་བསྣུབས༽པ་ནི་བོད་ཀྱི་ཆབ་སྲིད་མངའ་ཐང་ཉམས་བྱེད་དང་རང་བྱུང་གི་གནོད་འཚེ་སོགས་བསླངས་བྱེད་དུ་འགྱུར་དགོས་ན།ཁྲི་སྲོང་ལྡེ་བཙན་གྱིས༼བོན་ཆོས་བསྣུབས༽པ་དེའང་སྐབས་དེའི་ལོ་ཉེས་དང་ནད་ཡམས་སོགས་ཀྱི་འབྱུང་རྐྱེན་དུ་འགྱུར་ཅིའི་ཕྱིར་མི་དགོས་སམ།ཁྲི་དར་མས༼བསྟན་པ་བསྣུབས༽པ་ནི་དེ་འདྲའི་རྔམ་གནག་ཅིང་ཤུལ་དག་རྗེས་ཆད་ཅིག་ཡིན་ན།ཁྲི་སྲོང་ལྡེ་བཙན་གྱིས༼བོན་ཆོས་བསྣུབས༽པ་དེའང་ནག་ཉེས་དང་ལྡན་པའི་ཤུལ་དག་རྗེས་ཆད་ཅིག་ཡིན་ཅིའི་ཕྱིར་ཡིན་མི་དགོས་སམ།ཁྲི་དམ་མས ༼བསྟན་པ་བསྣུབས༽ཏེ་མུ་ཏིག་བཙན་པོ་དང་ཁྲི་རལ་བ་ཅན་གྱི་བློན་ཆེན་གཙོ་བོ་སྟེ།བན་ཏེ་བྲན་ཀ་དཔལ་ཡོན་དང་བན་དེ་མྱང་ཙང་སྐུ་སོགས་པགས་པ་རླིད་བུར་བཤུས་ཏེ་བརྒྱངས་ནས་དམར་གསོད་བཏང་སྟེ་བཀྲོངས་སྐད་དང་།ལྷ་སྲས་གཙང་མ་ཡུལ་སྤྱུགས་བཏང་པ།བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་བཟང་མ་ཉེས་ཁག་གཡོགས་ཐེབས་ཏེ་རང་སྲོག་གཅོད་དགོས་བྱུང་སྐད་ཀྱི་ནད་རྙིང་དང་ཤ་འཁོན་ལ་བརྟེན་ནས༼འབངས་གྱེན་ལོག༽བྱུང་བ་ཡིན་དགོས་ན།ཁྲི་སྲོང་ལྡེ་བཙན་གྱིས༼བོན་ཆོས་བསྣུབས༽ཏེ་མ་ཞང་ཁྲོམ་པ་སྐྱེས་དང་ནང་བློན་སྟག་ར་ཀླུ་གོང་སོགས་བོན་དད་བློན་ཆེན་གསོན་པོར་དུར་འཇུག་གིས་བཀྲོངས་པ་དང་ཡུལ་སྤྱུགས་བཏང་སྐད་སོགས་ཀྱི་ནད་རྙིང་དང་འཁོན་འགྲས་ལ་བརྟེན་ནས་ཀྱང༼འབངས་གྱེན་ལོག༽བྱུང་བ་ཡིན་ཅིའི་ཕྱིར་མི་དགོས་སམ།

སྤྱིར་ལོ་རྒྱུས་སུ་འབྱུང་གིན་པ་ཕལ་མོ་ཆེ་ནི་གཅིག་ན་ནང་བསྟན་ཤུགས་ཆེན་པོས་བསྟན་པའི་ལོ་རྒྱུས་དང་།གཉིས་ན་ནང་བསྟན་ཆེ་བསྟོད་ཀྱི་ལོ་རྒྱུས་འབའ་ཞིག་ཡིན་སྟབས།བོད་ཀྱི་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེའི་ནང་ནང་བསྟན་པའི་གྲིབ་མས་མ་ཁེབས་ས་མེད།དཔེར་ན།ཚལ་བའི་དེབ་དམར་གྱི་ནང་དུ།བོད་འབངས་བདེ་ལ་བཀོད།བོན་བསྣུབས་པ་དང་།དམ་པའི་ཆོས་སྤེལ་ལོ།།ཞེས་ཀྱང་འབྱུང་བ་ལྟ་བུའོ།།དེའི་ཕྱིར་ན་ནང་བསྟན་ལ་ཕན་པའི་དོན་དག་གང་ཡིན་ཡང་མཆོག་ཏུ་བརྩི་ཞིང་བླ་རུ་བསྟད་དེ༼སྐྱོན་གྱིས་མ་གུས་སྐུ་མདོག་དཀར༽ཟེར་བའི་ཚད་དུ་བརྒྱབ་འགྲོ།མི་སྲིད་ཟེར་ན།དཔེ་ཆུང་ཆུང་ཞིག་གི་སྒོ་ནས་ཀྱང་གསལ་ལྷང་ངེར་མཐོང་ཐུབ་སྟེ།ཁྲི་དར་མས༼བསྟན་པ་བསྣུབས༽པ་ཡིན་ན་ཆོས་ལུགས་པའི་ཁེ་ཕན་ལ་རྡོག་རྫིས་ཆེན་པོ་ཐེབས་ཡོད་སྟབས།ཆོས་ལུགས་པའི་ངོས་ནས་བཤད་ན་ཁྲི་དར་མ་ནི་ཆོས་ལོག་མཁན༼མུ་སྟེགས་པ༽ཞིག་ལས་ཀྱང་ཐུ་བ་འདྲ་ཞིག་བྲིས་འདུག།དུས་དེར་ལྷ་ལུང་དཔལ་རྡོར་ཟེར་བའི་བཅས་ལྡན་རབ་བྱུང་གི་སྡོམ་པ་ཅན་ཞིག་གློ་རྡེག་ཏུ་རྡོག་ཐོན་ཏེ།ཁྲི་དར་མར་མདའ་བརྒྱབ་ནས་སྐུ་བཀྲོངས་བས་ནི་ཁོ་ཚོའི་འདོད་པ་དང་དགོས་མཁོ་ཡོངས་སུ་བསྐངས་སོང་བས་ལྷ་ལུང་དཔལ་རྡོར་ལ་ཁོ་ཅག་ཤིན་ཏུ་མཉེས་ཤིང་དད།དད་གུས་དེ་འདྲ་ཆེ་བའི་རྒྱུ་མཚན་གྱིས་ད་སྔ་བྱུང་ཟིན་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་མཐོང་ངོ་ཅོག་ལས་ཐད་ཀར་མ་ཟེར་ཤུགས་བསྟན་དུའང་།ལྷ་ལུང་དཔལ་རྡོར་ནི་ཆོས་ལུགས་ཐད་ཞབས་རྗེས་ཆེ་བའི་དཔའ་བོ་ཞིག་ཡིན་པ་ལས།ཁོང་གིས་མི་བསད་དེ་སྡོམ་པ་ནི་ཤོར།ཉེས་པ་ནི་བསགས་ཞེས་འཁོད་ཡོད་པའི་ཡིག་རྡོག་གཅིག་ཀྱང་མ་མཐོང་མོད།ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི༼ལོ་རྒྱུས་གཟི་མིག་དགུ་བའི༽ནང་དུ།༼ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་གསེར་གྱི་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན༽ཞེས་བྱ་བའི་ནང་ནས་ལུང་དྲངས་ཏེ།ལག་དམར་ལྷ་ལུང་དཔལ་རྡོར་གྱིས་གངས་ཅན་བོད་ཀྱི་རྒྱལ་ཁམས་ཞེས་པའི་མིང་གི་གདགས་གཞི་གནམ་བསྐོས་ཀྱི་རྒྱུད་འཛིན་པ་རྒྱལ་པོ་གཅིག་ཡོད་པ་དེ་བསད་ནས་ཁོ་བོ་རང་གི་སྡོམ་པ་ཤོར་བ་དང་།ཞེས་པ་ཙམ་གསལ་ཡང་དེའི་ནང་གི་ཚིག་ཀ་གཞན་དག་ལ་བལྟས་ན་ཆོས་ལུགས་ཕྱོགས་རིས་གྱིས་ཟིན་ཆེ་ནས་གཞན་དག་དང་འདྲ་བ་ཞིག་འདུག།

ཡང་འགའ་ཞིག་བློ་གྲོས་འདོན་ཁུལ་གྱིས།ལྷ་ལུང་གིས་དམ་ཆོས་བསམས་ཏེ་ཁྲི་དར་མ་བཀྲོངས་པ་ཡིན་པས་མི་ཉེས་ཏེ།སྔོན་ཆད་ཀྱང་མི་ཞིག་གིས་ཚ་ཚ་ཞིག་ཆར་ཆུས་འཇིག་འགྲོ་བཞིན་པ་མཐོང་སྟེ་མི་འཇིག་པའི་ཆེད་དུ་ཚ་ཚའི་ཐོག་ལ་ལྷམ་ཚངས་བཀབ་པ་རེད།རྗེས་སུ་དེ་མི་ཞིག་གིས་མཐོང་སྟེ་ཨ་ཙི་ཚ་ཚའི་ཐོག་ལ་ལྷམ་ཚངས་བཞག་འདུག་པ་འདི་ཉེས་སོ་སྙམ་སྟེ་བླངས་པས་གཞུག་ནས་གཉིས་ཀ་སངས་རྒྱས་སོང་བ་ལྟར།བསམ་པ་དཀར་ན་ཅི་ཡང་རུང་བ་ཡིན་ཟེར་ལས་ཆེ།འོ་ན།བསམ་པ་ཡག་པོ་དང་ཀུན་སློང་གཙང་མའི་སྒོ་ནས་སྲོག་ཆགས་སོགས་མང་དུ་བསད་ཀྱང་རྣམ་དཀར་དགེ་བའི་ཚོགས་བསགས་ཡིན་པ་ལས་ཉེས་པ་ཡིན་མི་སྲིད་པས།སྔོན་ཆད་ཧུ་ཐེ་ལིས་ཀྱང་རང་གི་མི་རིགས་ལ་ལྷག་བསམ་དཀར་པོ་བཅངས་ཏེ་ཡ་ཧུ་ད་པ་བ་མང་པོ་དམར་གསོད་བཏང་པ་དེ་འདྲ་ཡང་དགེ་ལས་ཡིན་པས་རྩུབ་སྤྱོད་དུ་མི་འགྱུར་རོ།།གཞན་དུ་ན།ནང་ཆོས་ལུགས་སྤེལ་བའི་ཆེད་དུ་ནང་ཆོས་ལུགས་མི་གུས་པའི་མི་མང་པོ་གསོད་པ་ནི༼འདུལ་བ༽དང༼ཕབ་པ༽དང༼བཀུག་པ༽ཤ་སྟག་ཡིན་དགོས་པ་ལས།༼ཉེས་པ༽དང༼སྡིག་ཅན༽དང༼ཚུལ་ཁྲིམས༽སོགས་མིན་དགོས་པ་དེ་ནི།མཐར་གཏུགས་ན་འཇིག་རྟེན་འདིའི་སྟེང་གི་ནང་ཆོས་ལ་མི་དད་མཁན་མཐའ་དག་སོད་ཅིག་ཟེར་གྱི་ཡོད་པ་མ་རེད་དམ།ནང་བསྟན་པས་ནང་བསྟན་གྱི་ཆེད་དུ་ནང་བསྟན་མ་ཡིན་པ་དག་བསད་ན༼གདུལ་བྱ་བཏུལ༽བ་ཡིན་པ་ལས་བསད་པའི་ཉེས་པ་མི་འབྱུང་བ་ཇི་ལྟ་བ་བཞིན།ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་སོགས་ཀྱང་དེ་ལྟར་དུ།རང་གི་ཆོས་ལུགས་ཀྱི་ཆེད་དུ་རང་གི་ཆོས་ལུགས་མིན་པའི་མི་བསད་ཆོག་པ་དང་བསད་པ་དེར་བསད་ཅེས་གདགས་མི་འོས་པར་གདུལ་བྱ་བཏུལ་བ་ཡིན་པས་འདུལ་ཟེར་དགོས་པ་འདྲ་འདྲ་ཡིན་པའི་དབང་དུ་བཏང་ཚེ།གལ་ཏེ་ནང་བསྟན་པས་ནང་བསྟན་གྱི་ཆེད་དུ་ཁ་ཆེའི་ཆོས་པ་བསད་ཅིང་།ཁ་ཆེའི་ཆོས་པས་ཁ་ཆེའི་ཆོས་ལུགས་ཀྱི་ཆེད་དུ་ཡེ་ཤུའི་ཆོས་པ་བསད་པ།ཡེ་ཤུ་ཆོས་པས་ཡེ་ཤུའི་ཆོས་ལུགས་ཀྱི་ཆེད་དུ་ནང་བསྟན་པ་བསད་ཚེ་མཇུག་འབྲས་ནི་སྔར་ལྟར༼གདུལ་བྱ་བཏུལ༽ཟེར་བས་རྫོགས་སྲིད་དམ་ཅི།

གཞན་གོང་གི་ལོ་རྒྱུས་ཡིག་ཚང་དག་ཏུ་གསལ་བ་ལྟར།བཙན་པོ་ཁྲི་དར་མས་ཐོག་མར་སྲོལ་རྙིང་རྒྱུད་འཛིན་བྱས་ཏེ་བསྟན་པ་བསྐྱངས།མཐའ་མར༼བསྟན་པ་བསྣུབས༽པའི་ལས་འགུལ་སྤེལ་བའི་གོ་རིམ་མམ་འགྲོ་སྟངས་དེ་ནི་ལོ་རྒྱུས་ཀྱི་གསང་བ་བརྟོལ་བའི་ལྡེ་མིག་ཅིག་ཀྱང་རེད་དེ།ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མི་མཐུན་པའི་ལམ་ལུགས་གསར་བ་ཞིག་སྔ་མ་སྔ་མ་ཚོ་ནས་ཕྱི་མ་ཕྱི་མ་ཚོ་བར་ངམ་ངམ་ཤུགས་ཀྱིས་བརྒྱུད་དེ།ནམ་ཞིག་ལོ་རྒྱུས་ཀྱི་འགྱུར་ལྡོག་ཧ་ལས་པ་ཞིག་འབྱུང་བའི་རྒྱུ་རྐྱེན་ཏུ་མི་འདོད་བཞིན་དུ་བསྐྲུན་བཞག་ཡོད།དེའི་སྟབས་ཀྱིས་ཁྲི་དར་མའི་སྐབས་སུ་དུས་ཚོད་གང་འཚམ་ཞིག་ལ་སྔར་སྲོལ་ལྟར་རྒྱལ་ཁབ་བསྐྱངས་པ་དེ་ཡིས།སྔོན་ནས་ཆ་རྐྱེན་བསྐྲུན་ཏེ་ཡོད་པའི་ལོ་རྒྱུས་ཀྱི་འགྱུར་ལྡོག་གང་ཞིག་འབྱུང་བའི་རྒྱུ་རྐྱེན་ཡོངས་སུ་ཚང་བར་བྱས་ཤིང་།དེ་དུས་ཧ་ལས་པའི་འགྱུར་ལྡོག་ཅིག་འབྱུང་རྒྱུ་ཡིན་པའི་རྟགས་མཚན་མངོན་སུམ་དུ་ལྷང་ལ་བུད།རྟགས་མཚན་དེ་ནི་གོང་དུ་སོང་བའི་མུ་གེ་བྱུང་བ་དང་དམག་ཤུགས་ཉམས་པ་དང་མི་གྲངས་ཉུང་དུ་ཕྱིན་པ་དང་ནོར་སྲིད་གཏོང་ཡོང་འཕར་ཆག་བྱུང་བ་སོགས་སོ།།ཉམ་ཆག་དེ་འདྲ་ཞིག་བཙན་པོའི་སྤྱན་ལམ་དུ་རྔམ་གནག་པའི་ཆར་སྤྲིན་ལྟར་ལྡང་ཡོང་བའི་མོད་ལ།ཕོ་སྐྱེས་ཀྱི་བླ་མེད་བྲང་ཁོག་སྟོད་དུ་དགྱེ་ཞིང་།ང་རྒྱལ་ཀྱིས་སྐྱེས་པའི་རལ་བ་མཇིང་བར་ལུད་དེ།དབུ་འཕང་མཐོན་པོར་བཏེགས་ནས་དཔའ་མཛངས་ལྡན་པའི་ཕོ་སྐྱེས་ཤིག་ཀྲོང་ངེར་ཡར་འགྲེང་བྱུང་བ་དེ་ནི་བཙན་པོ་ཁྲི་དར་མ་འུ་དུམ་བརྟན་འདི་ཉིད་ལགས་སོ།།༼ཁྱེད་རང་ཡང་འགྲེང་དུས།ཚང་མས་ཁྱེད་ལ་བལྟས་ཡོད།ཁྱེད་རང་ཡར་འགྲེང་ཚུལ་ནི་ཇི་འདྲའི་རྔམ་བརྗིད་ལྡན་ཨང་།འདི་ནི་སྐུ་ཞབས་གཉན་གྱི་སྙན་ཚིག་ཅིག་སྟེ།སྙན་ཚིག་འདིས་ཕྱིར་སྐུ་ཞབས་གཉན་སོགས་ཁྲི་མུན་དུ་བཅུག་པ་དག་ལ་གདུང་སེམས་མཉམ་བསྐྱེད་ཞུ༽

དེ་ལྟ་བུའི་བྱས་ཉེས་ཀྱི་གོད་ཆག་ལྗིད་པོ་ཞིག་བཙན་པོ་གཞན་ཞིག་སྟེ་དཔེར་ན་ཆོས་ལུགས་ལ་དོ་སྣང་ཤོར་ཏེ་སྲིད་དོན་བརྗེད་འགྲོ་བའི་རྒྱལ་པོ་ཞིག་གི་ཕྲག་སྟེང་དུ་མ་བབས་པར།དཔྱོད་ཤེས་ཀྱིས་ཕྱུག་ཅིང་དཔའ་མཛངས་ལྡན་པའི་སྐྱེས་ཆེན་ཁྲི་དར་མ་ལྟ་བུ་ཞིག་གི་ཕྲག་སྟེང་དུ་བབས་པ་ནི་ཉེས་པའི་ནང་གི་ཉེས་ཡག་ཅིག་རེད།བྱུར་རྐྱེན་སྣ་ནག་མ་དེའི་འབྱུང་རྐྱེན་དུ་གྱུར་བའི་ཆོས་ལུགས་དང་དེའི་རྗེས་འཇུག་དག་ནི་བཙན་པོ་ཁོང་གིས་གདོད་མ་ནས་དད་གུས་བྱ་ཡུལ་ཞིག་ཡིན་ཡང་།རྒྱལ་སྲིད་བརྟན་འཇགས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་ཞིག་ཡོང་བའི་ཆེད་དུ་གནད་འགག་གི་སྐབས་སུ་ཕྱོགས་རིས་དང་དུངས་ཞེན་གྱི་དབང་དུ་མ་སོང་བར་བློ་གཟུ་བོར་གནས་ཏེ་བླང་དོར་ལེགས་ཉེས་གསལ་བོར་ཕྱེས་ནས།ཆོས་གཞིས་འཛུགས་སྐྲུན་དང་ཆོས་ལུགས་པའི་ཐལ་དྲགས་པའི་དབང་ཆ་དང་བྱ་སྤྱོད་སོགས་ལ་ཚད་བཀག་བཟོས་པ་དེས།ལྷག་ཏུ་རྒྱལ་པོ་ཁྲི་དར་མ་ནི་སྲིད་དོན་ལ་མཁས་མཛངས་ལྡན་པ་ཞིག་ཡིན་པ་དང་།༼བསྟན་པ་བསྣུབས༽ཟེར་བ་དེ་ནི་རྒྱལ་པོའི་ལུགས་དང་མཐུན་ཞིང་རྒྱུ་མཚན་ལྡན་ལ།དུས་སུ་བབ་ཅིང་ངེས་པར་སྒྲུབ་འོས་པའི་སྲིད་དོན་གཡོལ་མི་རུང་བ་ཞིག་ཡིན་པ་རྟོགས་སླ་སྟེ།དེ་ལྟ་མ་ཡིན་པར་ཁྲི་དར་མ་ནི་དེ་འདྲའི་གཤིས་རྒྱུད་གྱོང་ཞིང་རྨོངས་ཐལ་ཆེ་བ།ཆོས་ལ་གནག་པའི་སྐྱེ་བོ་སྡིག་པ་ཅན་ཞིག་ཡིན་ན།དུས་ཚོད་གང་འཚམ་ཞིག་ལ་ཆོས་ལ་དད་གུས་བྱས།དེའི་རྗེས་ནས་ད་གཟོད་དེར་སྒྲིག་ལམ་དང་ཚད་བཀོག་བཟོ་དགོས་དོན་ཡེ་ནས་མེད།དེ་འདྲའི་བརྒྱུད་རིམ་ཞིག་བརྒྱུད་དགོས་པའི་རྒྱུ་མཚན་ནི།ལོ་རྒྱུས་ཀྱི་དགོས་མཁོའི་དབང་གིས་ཡིན་ཏེ།ལོ་རྒྱུས་ཀྱི་འགྱུར་ལྡོག་དེ་འདྲ་ཞིག་གི་གྲབས་གཤོམ་ལ་ལོ་རྒྱུས་ཀྱི་དགོས་མཁོ་དེ་འདྲ་ཞིག་གིས་ཁ་གསབ་རྒྱག་དགོས་བྱུང་རེད།

དེ་ལྟར་ཁྲི་དར་མའི་ཞབས་རྗེས་ཕབ་པའི་ལོ་རྒྱུས་ཀྱི་རྡོག་ལམ་གཉིས་པོ་དེས།བཙན་པོ་ཁྲི་དར་མ་དཀར་འདོན་དཔེ་མེད་ཅིག་བྱས་ཡོད།ག་རེ་རེད་ཅེ་ན།བརྒྱུད་རིམ་དང་པོས།ཁྲི་དར་མ་ཆོས་ལ་དཀར་བ་ར་སྤྲོད་ཡོད།བརྒྱུད་རིམ་གཉིས་པས།ཁྲི་དར་མ་རྒྱལ་སྲིད་ཀྱི་ཆེད་དུ་གཟུ་བོར་གནས་ཐུབ་ཅིང་རང་གི་དད་མོས་ལ་སོགས་པ་ཚུན་ཆད་ནས་བློས་གཏོངས་ཐུབ་པའི་རྒྱལ་གཅེས་པ་ཞིག་ཡིན་པ་ར་སྤྲོད་ཡོད་ལ།བཙན་པོ་ཁོང་གི་སྒལ་ཚིགས་དང་བློ་གྲོས་དེས།ང་རང་རྟབ་རྟབ་པོར་དུས་རབས་བཅོ་བརྒྱད་པའི་ཧྥ་རན་སིའི་ཁོར་ཡུག་ཏུ་ཁྲིད་སོང་།དེ་རུ་བཙན་པོ་ཁྲི་དར་མ་ལྟར་དཔྱོད་ཤེས་དང་སྙིང་སྟོབས།བློ་གྲོས་ཀྱིས་ཕྱུག་པའི་དམག་སྤྱི་ཆེན་མོ་ཞིག་ཡོད་པ་དེའི་མིང་ལ་ནཱ་ཕོ་ལིན་ཁྲི་རབས་གསུམ་ཟེར།ཁོང་ཡང་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་སྐྱེ་འཆི་ཐག་གཅོད་པའི་གལ་འགག་དེ་རུ་སྐུ་འཁྲུངས་སྟབས།མཐར་རྒྱལ་ཁའི་དར་བོ་ཆེ་བསྒྲེངས་ཏེ་གཟི་བརྗིད་ལྡན་པའི་སྒོ་ནས།བདག་གི་འཁྲུངས་སྐར་ནི་ཏག་ཏག་རྒྱལ་ཁབ་འདིའི་སྐྱེ་འཆིའི་ཉིན་མོ་དང་སྟབས་འཁེལ་ཡོད་ཨང་།ཞེས་གཏམ་བཤད་གནང་མྱོང་།

དེ་བཞིན་དུ།བཙན་པོ་ཁོང་གི་སྐུ་ཚེའི་བརྒྱུད་རིམ་གཉིས་པ་ནི་རྒྱལ་སྲིད་སྲ་བརྟན་གྱི་ཆེད་དུ་སྔོན་གྱི་ཚད་ལས་འདས་པའི་ལམ་ལུགས་དག་ལ་ཚད་འཛིན་པ་དང་།སྐབས་འཕྲལ་ཐག་གཅོད་ནུས་པ་སྐོར་ཞིག་ཐག་གཅོད་མཛད་དགོས་པའི་དགོས་མཁོས་དེད་པ་མིན་ན།དབང་བསྒྱུར་བའི་དུས་ཚོད་ཐུང་ངུ་དེའི་ནང་དུ་བརྒྱུད་རིམ་དང་པོ་ཁོ་ནས་གཉིས་པ་འོངས་ཐབས་མེད།དེ་བཞིན་དུ་བསྟན་པ་རྩ་བ་ནས་བསྣུབ་རྒྱུའི་ཀུན་སློང་གནག་པོ་དེ་འདྲ་གདོད་མ་ནས་བདོག་མཁན་ཞིག་ཡིན་ཚེ།བཙན་པོ་ཁོང་གི་དབང་བསྒྱུར་བའི་དུས་ཚོད་ཐུང་ངུ་དེའི་ནང་དུ་བརྒྱུད་རིམ་གཉིས་པའི་ལམ་བུ་ཁོ་ན་ལས་བརྒྱུད་རིམ་དང་པོའི་ལམ་བུ་བརྒྱུད་དགོས་པའི་རིགས་པ་དང་གཏན་ཚིགས་མི་རྙེད་དོ།།དེ་བས།བཙན་པོ་ཁོང་གིས་སྲིད་དབང་བཟུང་བའི་དུས་ཚོད་ཐུང་ཐུང་དེའི་ནང་དུ།དེ་འདྲའི་ལོ་རྒྱུས་རང་བཞིན་གྱི་དཀྱོག་མཚམས་ཆེན་པོ་གཉིས་བརྒྱུད་མྱོང་པ་དེ་ནི།ཕྱོགས་རིས་ཀྱིས་བསླད་པའི་ལོ་རྒྱུས་ཀྱི་ཧྲག་བར་ནས།དངོས་བྱུང་གི་བདེན་པར་བལྟ་བྱེད་ཀྱི་གསང་མིག་འགངས་ཆེན་ཞིག་ཡིན་ནོ།།

ལར་ཆོས་ལུགས་པས་གླང་དར་མ་ཆོས་ལ་གནག་ཅེས་བརྗོད་པར་དམིགས་ཏེ་ཆོས་ལ་དཀར་བའི་སྒྲུབ་བྱེད་མང་པོ་འགོད་དགོས་དོན་ནི་མེད་དེ།གཅིག་ན་དེ་ནི་ཁོ་ཚོའི་བསམ་ཚུལ་ཙམ་ཡིན་པས་བསྐྱུར་ཆོགགཉིས་ན་ཁྲི་དར་མ་ནི་སྲིད་དོན་པའམ་འཇིག་རྟེན་མི་སྐྱའི་རྗེས་འཇུག་པ་སྟེ།ཆོས་ཀྱི་དམ་བཅའ་དང་སྡོམ་པའི་ཚུལ་ཁྲིམས་སོགས་གང་ཡང་བཞེས་མེད་པའི་མི་སྐྱ་ཞིག་ཡིན་པའི་ཆ་ནས།ཆོས་ལ་མི་འབུངས་པ་དང་ཆོས་ལ་མི་དད་པ་ནི་ཤིན་ཏུ་རྒྱུན་ལྡན་ཞིག་རེད།ཆོས་ལ་མ་དད་པས་སྲིད་དོན་ལ་མི་གནོད་ཅིང་ཆོས་ལ་མ་དད་པས་མི་ཚེའི་སྐྱིད་སྡུག་ལའང་མི་གནོད།རེད་ཀྱང་།ཡིག་རྙིང་དང་དེབ་ཐེར་སོགས་སུ་གསལ་བ་ལྟར་ན་ཆོས་དད་པ་ཞིག་ཡིན་པར་འདུག།དེ་བས་ཆུང་དུས་ནས་ཆོས་ལ་གནག་ཅེས་པའི་རྫུན་གླེང་དེ་བརྟོལ་དགོས་མེད་ཀྱང་བརྡོལ་བར་གྱུར།

བཞི། སྐུ་སྲོག་གིས་བཏེགས་པའི་རྒྱལ་སྲིད་མཐོན་པོ།

ང་ཚོར་ད་དུང་བསམ་བྱ་གཅིག་ལྷག་ཡོད་པ་ནི་འདི་ལྟ་བུའི་དྲི་བ་ཞིག་ཡིན་སྲིད།ཁྲི་དར་མ་བཀྲོངས་པ་དེས་བོད་ཁམས་སིལ་བུར་འཐོར་སོང་དང་།བོད་བཙན་པོའི་རྒྱབ་རབས་མཇུག་རྫོགས་སོང་བ་ནི།བཙན་པོ་ཁྲི་དར་མ་ཁོང་རང་ཉིད་སྐྱོན་གྱི་ཕུང་པོ་ཞིག་ཡིན་པས་ལན་པ་མིན་ན།སྔོན་ཆད་དག་ཏུའང་བློན་པོས་རྒྱལ་བོ་བཀྲོངས་པའི་ལོ་རྒྱུས་མང་ཡང་དེ་དག་གི་སྐབས་སུ་སིལ་བུར་མ་འཐོར་ཞིང་མཇུག་མ་རྫོགས་པ་ཞིག་ཁྲི་དར་མ་གཅིག་པོར་གནམ་རྡོ་མགོར་ལྷུང་མི་སྲིད་ཟེར་ཤས་ཆེ།འདི་ལྟ་བུའི་བསམ་བློ་བདོག་མཁན་ཞིག་ཡིན་ཚེ་ལོ་རྒྱུས་ལ་རྒྱུས་ཆ་མི་མངའ་བའི་མི་ཞིག་ཡིན་པ་གསལ་ཐག་ཆོད།རྒྱལ་པོ་ཁྲི་སྲོང་བཙན་སྐབས་ནས་བཟུང་བོད་ཀྱི་རྒྱལ་བློན་བར་དང་མི་དམངས་བར་ལ་འགལ་བ་གསར་བ་ཞིག་གི་མགོ་འབུས་ཀྱིན་ཡོད་མོད།ཁྲི་ལྡེ་གཙུག་བཙན་གྱི་སྐབས་བར་དུ་འགལ་བ་དེ་ཤིན་ཏུ་མངོན་ཆུང་གིས་གནས་ཡོད།ཁྲི་ལྡེ་གཙུག་བཙན་སྐབས་ནས་འགལ་བ་དེ་རྣོ་ངར་ཇེ་ཆེ་རུ་ཕྱིན་ཏེ།དེབ་ཐེར་ཀུན་གསལ་མེ་ལོང་སོགས་སྐོར་ཞིག་གི་འདོད་ཚུལ་ལ་ཁྲི་སྲོང་ལྡེ་བཙན་ཡང་ལྐོག་མདའ་བརྒྱབ་སྟེ་བཀྲོངས་ཟེར་བ་བྱས་ན།བཙན་པོ་ཁྲི་ལྡེ་གཙུག་བཙན་ནས་ཁྲི་དར་མའི་བར་གྱི་མུ་ཏིག་བཙན་པོ་མ་གཏོགས་པའི་བཙན་པོ་ཚང་མ་བློན་པོས་སྐུ་བཀྲོངས་སོང་བ་རེད།

བཙན་པོ་འདུས་སྲོང་མང་བོ་རྗེའི་སྲས་ཁྲི་ལྡེ་གཙུག་བཙན་ནི་ཁོང་གི་བློན་པོ་འབལ་སྟག་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་བཙན་པོའི་སྐུ་བཀྲོངས་ཤིང་།ཁྲི་ལྡེ་གཙུག་བཙན་གྱི་སྲས་ཁྲི་སྲོང་ལྡེ་བཙན་ཡང་ནང་ཁུལ་གྱི་འགལ་བ་ཆེ་རུ་སོང་སྟེ་མཐར་ལྐོག་མདའ་བརྒྱབ་སྟེ་བཀྲོངས་ཟེར།ཁྲི་སྲོང་ལྡེ་བཙན་གྱི་སྲས་གཉིས་པ་མུ་ནེ་བཙན་པོ་ཡང་དབུལ་ཕྱུག་སྙོམ་པའི་བཀའ་རྒྱ་བསྒྲགས་པས།མཐར་འབྱོར་ལྡན་གྲལ་རིམ་གྱི་ཚབ་བྱེད་མི་སྣ་ཁོང་གི་མ་ཡུམ་ཚེ་སྤོང་བཟས་ཐད་ཀར་སྐུ་བཀྲོངས།མུ་ནེ་བཙན་པོའི་གཅུང་བོ་མུ་ཏིག་བཙན་པོའམ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་སྲས་གསུམ་པ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་ནི་མངའ་འོག་གི་མིས་སྐུ་བཀྲོངས་པ་དང་།མུ་ཏིག་བཙན་པོའི་སྲས་གཉིས་པ་སྟེ་ཁྲི་རལ་བ་ཅན་གྱི་གཅེན་པོ་བཙན་པོ་ཁྲི་དར་མ་ཡང་མངའ་འོག་གི་ཆོས་ལུགས་པ་ལྷ་ལུང་དཔལ་རྡོར་གྱིས་སྐུ་བཀྲོངས་པར་གྱུར་ཏེ།ཁྲི་ལྡེ་གཙུག་བཙན༧༠༤ལོ་ལ་འཁྲུངས་པ་ཞིག་དང་།ལྕགས་པོ་འབྲུག་གི༦༩༢ལོ་ལ་འཁྲུངས་པར་འདོད་མཁན་དང་།ཆུ་མོ་འབྲུག་གི་ལོ་ལ་འཁྲུངས་པར་འདོད་མཁན་མི་མཐུན་པ་ཡོད་ཀྱང་།གང་ལྟར་སྤྱི་ལོ་བདུན་བརྒྱ་ཡས་མས་ཤིག་ཡིན་པ་གསལ་ལ།དེའི་བར་ནས་ཁྲི་དར་མ་སྤྱི་ལོ༨༤༢ལ་བཀྲོངས་པ་བྱས་ཏེ་བརྩིས་ན་ལོ་ངོ་བརྒྱ་དང་ལྔ་བཅུ་ཡས་མས་ཤིག་ལས་བརྒྱུད་མེད་ན་ཡང་།དེའི་རིང་ལ་བཙན་པོའི་རྒྱལ་རབས་དྲུག་ཙམ་བརྒྱུད་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།ཁྲི་སྲོང་བཙན་ནས་བཙན་པོ་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་བར་ལ་རྒྱལ་པོ་བློན་པོའི་ལག་འོག་ནས་བཀྲོངས་པའི་ལོ་རྒྱུས་མེད་ལ།དེའི་སྔར་སྔོན་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་ལ།གྲི་གུམ་བཙན་པོས་ལོ་ངམ་ལ་དཔའ་རྩལ་འགྲན་པའི་ཞེ་སྡང་ཡང་ཡང་བསླངས་ཏེ་མཐར་འགྲན་ནས་ལོ་ངམ་རྟ་རྫིས་གྲི་གུམ་བཙན་པོ་བཀྲོངས་ཟེར་བ་ཞིག་ཡོད་པ་ལས་གཞན་ཕལ་ཆེར་མི་གསལ།དེ་ལྟར་བོད་བཙན་པོའི་རྒྱལ་རབས་བཞི་བཅུ་ཞེ་གཉིས་ཞེ་གསུམ་ཞིག་ཡོད་པའི་ནང་ནས་བཙན་པོ་ཆེས་མཐའ་མ་ལྔ༼མུ་ཏིག་བཙན་པོ་ཕུད༽བོར་གློ་རྡེག་ཏུ་དེ་འདྲའི་སྐུ་བགེགས་བར་ཆད་ལྕི་མོ་ཞིག་འཕྲོ་རིམ་འཕྲོར་ལྷགས་འོངས་པ་དེ་དོན་ངོ་མར་གང་གིས་ལན་སོང་ངམ་ཟེར་ན།ཁྲི་ལྡེ་གཙུག་བཙན་ནས་སྲོང་བཙན་སྐབས་ནས་མགོ་འབུས་ཀྱིན་པའི་འགལ་བ་གསར་བ་དེའི་ངོ་བོ་ལྷང་ལ་བུད་དེ།གསར་དར་སངས་རྒྱས་ཆོས་ལུགས་ཀྱི་ཕྱོགས་འཛིན་པ་དང་གདོད་མ་ནས་མངའ་བའི་བོད་ཀྱི་བོན་ཆོས་ཀྱི་ཕྱོགས་འཛིན་པ་དག་ཕན་ཚུན་ལྟ་བ་མ་མཐུན་པར།ཆོས་ལུགས་གསར་རྙིང་གདོང་གཏད་ཀྱི་འགལ་བ་ཛ་དྲག་ཏུ་ཕྱིན་ཏེ་རྒྱལ་པོའི་བློན་ཆེན་བར་ནས་མི་མང་དམངས་ཚོགས་བར་དུ་ཆོས་ལུགས་ཕྱོགས་རིས་ཀྱི་འགལ་བས་ཁྱབ་སྟེ།སོ་སོས་འཇམ་འཐབ་མང་པོ་བརྒྱབ་དགོས་ཐུག་ཡོད།དེར་བརྟེན་སྐབས་དེ་དག་ཏུ་བཙན་པོ་དེ་ཚོས་ཆོས་ལུགས་ཐད་སྲིད་ཀྱི་དགོས་དབང་ཡིན་མིན་ཅི་རིགས་ཀྱི་སྒོ་ནས་བཀའ་སྣ་ཚོགས་འབེབས་དགོས་བྱུང་པ་དང་།བཀའ་རྒྱ་དེ་དག་སྲིད་སྟེགས་སུ་ཡོད་པའི་བློན་ཆེན་དབང་འཛིན་པའི་ཁེ་སྤོགས་དང་དད་མོས་ལ་གནོད་འཚེ་ཐེབས་པ་བྱུང་དུས།གདུག་རྩུབ་ཆེ་ལ་བསམ་ཤེས་མེད་པའི་བློན་པོ་རྨོངས་ཞེན་མཁན་དག་གིས་ཞེ་སེམས་གཏིང་ནས་གནག་པའི་སྒོ་ནས་བསམ་སྦྱོར་སྣ་ཚོགས་ལ་བརྟེན་ཏེ་བཙན་པོ་བཀྲོངས་སོང་བ་རེད།

གལ་ཏེ་སངས་རྒྱས་ཆོས་ལུགས་བོད་ལ་དར་ཁྱབ་བྱུང་མེད་ཚེ།དོ་ཞག་ཁ་སྩང་སྔར་བཞིན་བཙན་པོའི་རྒྱལ་ཁབ་ཅིག་ཡིན་མིན་ནི་ཁྱབ་མཐའ་འགོད་མི་ཕོད་མོད།སངས་རྒྱས་ཆོས་ལུགས་བོད་ལ་དར་མེད་ན་བཙན་པོ་དེ་དག་དེ་ལྟར་ཆོས་བློན་སོ་སོའི་ལག་འོག་ནས་བཀུམས་མི་སྲིད་པ་བརྒྱ་ཆ་བརྒྱ་ཐམ་པ་ཡིན་པ་མ་ཟད།ད་སྐབས་བོད་ཀྱི་བཙན་པོའི་རྒྱལ་རབས་ལྔ་བཅུ་དྲུག་ཅུ་ཞེས་ཀྱང་བགྲང་ཆོག་རྒྱུ་ཡོད་ངེས་པའི་གདེང་ཚོད་ང་ལ་བདོག།ཡང་གོང་ལ་མཐུད་ན།འོ་ན།བཙན་པོ་ལྔ་བོ་འཕྲོ་རིམ་འཕྲོར་བཀྲོངས་པ་ལས་ཁྲི་དར་མ་བཀྲོངས་པ་ནས་བོད་རྒྱལ་ཁབ་ཆེན་མོ་ཅིའི་ཕྱིར་སིལ་བུར་འཐོར་རམ་ཟེར་ན།བཙན་པོ་མེས་ཨག་ཚོམ་ནས་འགལ་བ་མངོན་གསལ་གྲུབ་སྟེ་ལོ་རེ་ནས་ལོ་རེ་བར་ཛ་དྲག་ཏུ་གྱུར་བས།ཁྲི་སྲོང་ལྡེ་བཙན་སྐབས་སུ༼བོན་ཆོས་བསྣུབས༽དགོས་པ་ཞིག་བྱུང་།དེ་ལྟར་བཙན་པོས་ཀྱང་ཆོས་ལུགས་གཙོ་ཕལ་བཀར་ཏེ་སངས་རྒྱས་ཆོས་ལུགས་ལ་དད་པའི་བློན་པོ་མང་པོ་སྲིད་སྟེགས་སུ་དབང་བསྐུར་བ་དང་།ཁྲི་གཙུག་ལྡེ་བཙན་སྐབས་སུ༼ཆོས་བྱེད་ཀྱི་མི་སྣ་འགའ་ཞིག་ས་ཞིང་དང་།འབྲོག་ར།འབངས་སོགས་དབང་པའི་བྲན་གཡོག་བདག་པོའམ་མངའ་བདག་ཏུ་གྱུར་ལ།དགོན་སྡེ་ཁག་ལ་མཆོད་གཞིས་དབང་བའི་སྲོལ་དངོས་སུ་དར་བས་སྐུ་དྲག་ཁག་ཅིག་གི་ཁེ་ཕན་ལ་གྱོན་གུད་ཕོག་སྟབས་སྲིད་དབང་འཕྲོག་ལེན་བྱེད་པའི་འཐབ་རྩོད་ཡང་ཡང་བྱུང༽ཞེས་ལོ་རྒྱུས་སུ་འཁོད་ཡོད་ལ།དུང་དཀར་ཚང་གིས་ཀྱང་།ཆོས་ལུགས་ལ༼ཚད་ལས་འདས་པའི་གུས་བཀུར་གནང་བར་བརྟེན།རྗེས་སུ་འབངས་གྱེན་ལོག་འབྱུང་རྒྱུའི་རྨང་གཞི་བཏིབ་པ་ལྟ་བུ་ཞིག་ཏུ་གྱུར༽ཞེས་གསུངས་འདུག་པ་དང་།མཁར་རྨེའུ་ལགས་ཀྱིས།འདི་ནས་བཟུང་དགེ་འདུན་པས་ཆབ་སྲིད་འགན་ཁུར་བྱེད་མཁན་བྱུང་བས་མི་སྐྱའི་བློན་པོ་འབྲོ་ཁྲི་གསུམ་རྗེ་སྟག་སྣང་དང་དབའ་རྒྱལ་ཏོ་སྟག་གཉའ་བཅས་དབས་གཙོ་བོར་བྱས་ཏེ་རུས་རྒྱུད་ཆེ་བའི་བློན་པོ་ཚོས༼ཆབ་སྲིད་ཆོས་དང་བསྟུན་དབང་དགེ་འདུན་ལ་ཕུལ[སྦ་བཞེད་ཞབས་བཏགས་མ།རྡ་རམ་ས་ལ།༡༩༦༨ལྡེབ༡༣༧]༽ཞེས་པའི་མི་དགའ་བའི་རྣམ་པ་བསྟན།མི་སྐྱའི་བློན་པོའི་ངོར་ཁྲི་རལ་བ་ཅན་གྱིས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་པ་ཡོན་ཏན་ཡིན་ནའང་ཆོས་ལུགས་དེའི་ཆབ་སྲིད་ལ་རྔམ་པའི་གྲྭ་བ་རྣམས་ཡན་གར་འཇོག་པ་ནི་དགེ་མིན་སྐྱོན་དུ་མཐོང་ནས༼ཆབ་སྲིད་ཀྱི་དབང་བཙུན་པ་ལ་གཏད[སྦ་བཞེད།ལྡེབ༡༣༢]༽ཅེས་རྒྱལ་པོ་ལ་སྐྱོན་བརྗོད་བྱས་ཡོད།ཅེས་པའི་གསུང་ཚིག་དག་ལས་ཀྱང་གསལ་བ་ནི།ཁྲི་སྲོང་ལྡེ་བཙན་དང་རལ་བ་ཅན་སོགས་ཀྱི་སྐབས་ནས་བོད་བཙན་པོའི་རྒྱལ་ཁབ་ཀྱི་སྲིད་སྟེགས་སུ་ཆོས་བློན་མང་ནས་མང་དུ་འཕེལ་བ་དང་།ཁྲི་དར་མའི་སྐབས་སུ་ཐོན་དུས་ཆོས་བློན་དེ་དག་གི་དབང་ཤུགས་ཇི་འདྲ་ཞིག་ཡིན་པ་དེ།ཇོ་བོ་སོགས་སྦེད་དགོས་བྱུང་ཡོད་མེད་མི་ཤེས་ཀྱང་སྦེད་ཅེས་འབྱུང་བ་དེས་སྐབས་དེའི་ཆོས་བློན་ཚོའི་ཁྱབ་རྒྱ་དང་མི་གྲངས།སྟོབས་ཤུགས་མཚོན་ཐུབ།དེ་ལྟར་ཁྲི་དར་མའི་སྐབས་ནི་སྔོན་ཆད་ནས་བརྒྱུད་ཅིང་ཡོད་པའི་སྤྱི་ཚོགས་འགལ་བ་དེ་ཡང་རྩེར་སོན་པའི་དུས་དང་སྟབས་འཁེལ་ཡོད་གཤིས།ཁྲི་དར་མ་སྐུ་བཀྲོངས་པ་ནས།སྤྱི་ཚོགས་འགལ་བ་དེ་དག་གི་གཙོ་ཤུགས་སུ་གྱུར་བའི་བློན་པོ༼ཆོས་བློན་དང་བོན་བློན་དང་སྲིད་བློན་སོགས༽དག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་མེད་པའི་གླགས་དང་བསྟུན་ཏེ།སོ་སོས་ནད་རྙིང་ཞེ་བཅངས་དང་དབང་བསྒྱུར་གོ་གནས་བརྩོན་ལེན་བྱེད་ཆེད།མཐུན་པའི་ལག་རྡང་གཏོར་ཏེ་ཕན་ཚུན་ནང་འཁྲུགས་ཀྱིས་བོད་སྤྱི་ཚོགས་ཧྲིལ་བོ་ཡོམ་ཡོམ་ལྡེམ་ལྡེམ་དུ་བཏང་སོང་བ་དེ་ལ།ལོ་རྒྱུས་སུ་བོད་སིལ་བུར་འཐོར་ཟེར་གྱི་ཡོད།སྐབས་དེའི་བོད་པའི་སྤྱི་ཚོགས་ཀྱི་འགལ་བ་ནི།སྲིད་བློན་བར་ནས་མི་སེར་བར་གནས་ཡོད་པས།དེ་འདྲའི་འགལ་བ་རྣོ་ཐག་ཆོད་པའི་སྤྱི་ཚོགས་ཤིག་གི་དབུ་ཁྲིད་དུ་བཞུགས་རྒྱུ་ནི་ཧ་ལས་པའི་ཉེན་ཁ་ཆེན་པོ་ཞིག་ཡིན་པ་སྨོས་མ་དགོས།དེ་བཞིན་དུ་ཁྲི་དར་མ་བཀྲོངས་དོན་ཡང་ཉེན་ཁ་དེའི་ཁ་གཏད་དུ་ཡར་འགྲེང་སྟེ་ཉེན་ཁར་མ་འཛེམ་པར་སྲིད་དོན་བསྐྱངས་པས་རེད་ལ།ཁྲི་དར་མ་བཀྲོངས་པ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཆེན་པོ་ཞིག་ཡིན་དོན་ཡང་།རྣོ་ངར་ལྡན་པའི་འགལ་བ་དེ་དག་གི་ཐད་ཀའི་གདོང་གཏུགས་ལ་ཚོད་འཛིན་དང་དམ་རྒྱ་བསྒྲགས་པའི་བྱེད་པོ་མེད་པར་བཏང་སྟེ།འཛེམ་དོགས་མེད་པའི་སྒོ་ནས་འགལ་བ་དེ་དག་གི་ལྟག་རྒྱབ་ན་གནས་པའི་ཕྱོགས་ཁག་དག་ལ་ཕན་ཚུན་ནང་དམེ་དང་འཁྲུག་རྩོད་བྱེད་པའི་གོ་སྐབས་སྤྲད་དེ་ཕྱོགས་ཁག་མང་པོར་འཐོར་དུ་བཅུག་ནས་བོད་ཁམས་གཅིག་གྱུར་ལ་དབང་བསྒྱུར་བའི་བོད་ཆེན་པོའི་རྒྱལ་རབས་དང་རྒྱལ་རྒྱུད་རྩ་བ་ནས་བསྣུབས་བཞག་པའི་རྒྱུ་མཚན་གྱིས་རེད།

ཆོས་ལུགས་པའི་གཡོ་སྒྱུ་དང་དབང་ཤེད་ནི་ཇི་འདྲའི་རྔམ་གནག་ཅིང་སྤམ་མཐུག་པོ་ལ།ཁོ་ཚོའི་ཐལ་དྲགས་པའི་བྱ་སྤྱོད་དེ་དག་ནི།ལོ་ངོ་མང་པོར་གོ་མེད་ཚོར་མེད་དུ་འགྱུར་ཞིང་ནམ་ཞིག་མངོན་སུམ་ལྷང་ལ་བུད་དེ་འཆི་རྐྱེན་བྱེད་པའི་རེག་དུག་ཨེ་ཙི་དེ་དང་ཆ་རེ་འདྲ།ང་དང་བཅས་པའི་འཇིག་རྟེན་མི་སྐྱ་ཡོད་ཚད་ཀྱི་བག་ཆགས་སུ་ཁྲི་དར་མ་ནི་དུད་འགྲོ་གླང་པོ་བཞིན་གླེན་ཞིང་།དུག་སྦྲུལ་བཞིན་གདུག་རྩུབ་ཆེ་ལ།མདོར་ན་དགེ་བའི་ཡོན་ཏན་ཀུན་ཟད་པའི་སྐྱོན་གྱི་ཕུང་པོ་ཞིག་ཡིན་རྒྱུ་རེད་བསམས་ཤིང་སེམས་ཏེ་ཡོད་པ་ནི་རང་ཚོ་ཤིན་ཏུ་གླེན།མིན་ན་བོད་དོན་ལ་བྱས་རྗེས་ཏིལ་འབྲུ་ཙམ་ཡང་མེད་ཅིང་བོད་ཆེན་པོའི་རྒྱལ་སྲིད་མགོ་རྟིང་བསློགས་པའི་གནའ་མི་ལྷ་ལུང་དཔལ་རྡོར་ཟེར་བའི་མི་རིགས་ཀྱི་ལག་དམར་བརྗེད་མི་སྲིད་པ་དེ་སོགས་ལ།ཚང་མས་དེ་འདྲའི་གནས་ལུགས་དང་རྒྱུ་མཚན་སྤུ་ཉག་ཙམ་ཡང་མེད་པའི་སྒོ་ནས་དད་གུས་མཆོད་གསུམ་བྱེད་དགོས་དོན་ག་རེ་ཡིན་སོང་།ཨ་ཅག་བོད་པ།

བཙན་གྱི་དབུ་རྨོག་དཀར་པོ།

གོང་གི་དོན་ཚན་དེ་དག་ལས་གསལ་ལྷིང་ལྷིང་མཐོང་ཐུབ་པ་ནི།བོད་བཙན་པོའི་ལོ་རྒྱུས་སྟེང་གི་རྣམ་དཔྱོད་ལྡན་པའི་རྒྱལ་པོ་ཞིག།ཆོས་ལུགས་པའི་ཕྱོགས་རིས་དང་དད་མོས།ཆགས་སྡང་།དྲག་སྤྱོད།སྐུར་འདེབས་སོགས་དྲང་པོ་མ་ཡིན་པའི་བྱ་སྤྱོད་ཡ་ང་བ་དེ་དག་གི་དབང་འོག་ཏུ།མ་ཉེས་ཁག་གཡོགས་ཀྱིས་རྟབ་རྟབ་པོར་བཞུད་སོང་བའི་བཙན་པོ་ཞིག་གི་རྒྱབ་གཟུགས་རེད་ལ།ཆོས་ལུགས་པའི་གཡོ་ཧམ་དེ་མི་དམངས་ཀྱིས་ཀྱང་བོང་བ་གསེར་གཟུགས་སུ་མཐོང་སྟེ།བཙན་པོ་ཁྲི་དར་མ་འུ་དུན་བརྟན་ཁོང་ཉིད་ལ་གླང་དར་མས་བསྟན་པ་བསྣུབས་ཞེས་ས་གྲགས་རྡོ་གྲགས་སུ་གྱུར་སོང་ལ།ལྷ་ལུང་དཔལ་རྡོར་གྱིས་གླང་དར་མ་བཏུལ་ཟེར་བའི་དཔའ་དར་དཀྲིས་ཏེ་གྲགས་སོང་།ད་ནི།ངན་དམོད་དང་སྐུར་འདེབས་ཀྱི་བསྐལ་བའི་ཁྲོད་ནས་བཙན་པོ་ཁོང་ནི་དེ་ལྟར་ཁེར་ཧྲེང་ཧྲེང་དང་གྲང་ཤུར་ཤུར་ངང་དུས་འདས་དང་འདའ་བཞིན་པ་འདི་ལ་སྐྱོ་གདུང་གིས་བྲང་ཁོག་རྡུང་བཞིན་འགྱོད་བཤགས་ཚད་མེད་ཞུ་ཨང་།།

དེ་བཞིན་དུ། གླང་དར་མས་བསྟན་པ་བསྣུབས་ཟེར་བ་ནི།ཆོས་ལུགས་པས་བཏགས་པའི་སྐད་ཆ་ཞིག་དང་།ཆོས་ལུགས་ཀྱི་ངོས་རྐྱང་བར་གནོད་པའི་ཟུར་ལས་ཕྱུང་བའི་བཤད་སྟངས་ཤིག་དང་།ཆོས་ལུགས་ཀྱི་དར་རྒུད་རྐྱང་བར་མགོ་རྨོངས་མཁན་དང་སེམས་ཁུར་བྱེད་མཁན་གྱི་ཆོས་པའམ་དད་ལྡན་ལོ་རྒྱུས་སྨྲ་བ་བོ་དག་གིས་བཟོས་པའི་བརྡ་ཆད་ཅིག་རེད་ལ།བརྡ་ཆད་དེ་ཡིག་རྨོངས་པས་ཁྱབ་པའི་མི་མང་ལ་ཐབས་མཁས་ཀྱིས་སྦྲན་ཏེ་ཁོ་ཚོའི་འདུ་ཤེས་སྟེང་ངོས་འཛིན་སྟངས་གསར་བ་ཞིག་སྐྱེས་སུ་བཅུག་པ་ཞིག་རེད།ཡང་ངའི་སྐད་ལྟར་ན།ཆོས་པའམ་དད་ལྡན་ལོ་རྒྱུས་སྨྲ་བ་བོ་དག་གི་ཁེ་ཕན་ནམ་དད་མོས་དང་།མི་སེར་གྱི་བསམ་བློ་ཆུ་ཚད་གཉིས་ཆ་འགྲིག་བཞག་པ་དེ་སྟེས་དབང་ཞིག་མིན་པའོ།།དེའི་ཕྱིར་བཤད་ཡམས་དེ་དག་ནི།ཆོས་ལུགས་པ་དང་དེའི་རྗེས་འཇུག་པ་དག་གི་འདོད་ཚུལ་ཞིག་ཁོ་ན་རེད།འོན་ཀྱང་།ང་ཅག་འཇིག་རྟེན་པའི་ངོས་ནས།བཙན་པོ་ཁོང་ནི་དཔྱོད་ཤེས་ལྡན་ལ་སྙིང་སྟོབས་ཆེ་བ།སྲིད་ལ་མཁས་ཤིང་བློ་རྒྱ་ཡངས་པའི་རྒྱལ་པོ་ང་རྒྱལ་སྐྱེ་ཆོག་ཆོག་ཅིག་ཡིན་པ་གོང་གི་ལེ་ཚན་དག་ལས་ཁ་གསལ་གཏིང་གསལ་གྱིས་ངེས་འགྲོ་ལ།ཆོས་ལུགས་པ་ཆོས་ཕྱོགས་སུ་འགྲེང་སྟེ་གླང་དར་མས་བསྟན་པ་བསྣུབས་ཞེས་ས་བསྒྲགས་གནམ་བསྒྲགས་བྱས་ཡོད་པ་ལྟར།ང་ཚོའང་སྲིད་ཕྱོགས་སུ་འགྲེང་སྟེ་ཁྲི་དར་མའི་སྒལ་ཚིགས་དང་དཔྱོད་ཤེས།གདུང་རྒྱུད་དེ་དག་ཁྲི་ལོར་ཤོག་ཅེས་བསྒྲགས་ཡིག་སྤེལ་ན་ཅིའི་ཕྱིར་མི་ཆོག་ཨང་།

རྩོམ་གྱི་མཇུག་ཏུ་ཐོན་ཏེ་རེ་ཞིག་མཚམས་འཇོག་རན་པའི་སྐབས་འདིར།བདག་གི་ཡིད་སེམས་རེ་བས་ཁེངས་འགྲོ་ཞིང་།བློ་སྤོབས་དཔའ་གདེང་གིས་གཏམས་འགྲོ་བ་ཞིག་ནི།དཔའ་ཞིང་རྟུལ་ཕོད་པའི་ཕོ་སྐྱེས་ཤིག་གིས།ཤིན་ཏུ་གཟབ་ནན་དང་ལྡན་པའི་སྒོ་ནས་བོད་བཙན་པོའི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་བསླངས་པའི།དབོན་ཞང་མནའ་འབྲེལ་རྡོ་རིང་གི་བཀའ་གཙིགས་ཡི་གེ་ཀློག་གིན་པའི་རྣམ་པ་དེ་ལགས་ཤིང་།དེ་ལས་ཁོང་ལ་མགོ་འཕངས་དགྱེ་ཆོག་ཆོག་གི་ང་རྒྱལ་དང་དཔའ་གདེང་བསླངས་ཤིང་།དེ་ལས་ཁོང་ལ་བྲང་ཁོག་གྲང་ཤུར་ཤུར་གཏོང་བའི༼འཇབ་རྒོལ༽གཞན་ཞིག་གིས་ན་ཟུག་དང་ཐུགས་ཁྲལ་བསླངས་འོངས་པའི་ཚོར་བ་གཡོ་སྐྱོམ་ཅན་དེ་ཡིན།མ་ཟད་ཕོ་སྐྱེས་དེས་ཐུགས་ཀ་སྨྲེང་བས་མནར་བཞིན།བློ་ཐག་ཆོད་པོའི་སྒོ་ནས།བོད་ཀྱི་ཆབ་སྲིད་ཕ་མིང་ལ་གཏད་འདོད་པ་ཡིན།ཞེས་དུས་གསུམ་མངོན་པར་གཟིགས་པའི་ལུང་བསྟན་ནང་གི་ལུང་བསྟན་ཞིག་བསྒྲགས་མྱོང་བ་དེ།ཡང་ཡང་ཡིད་ལ་འཁོར་དུས།མནོ་བསམ་ཟབ་མོ་ཞིག་གི་གཏིང་རིམ་ཉུལ་བཞིན་བརྟན་ལྷིང་ངེར་འགྲེང་བའི་རྒྱབ་གཟུགས་རྒྱུས་ཡོད་དེས།ང་ལ་འཇིགས་པ་དང་ཐེ་ཚོམ་བྲལ་བའི་སྨྲ་ལྕེ་བསྩལ་བྱུང་།

2013.08.10-09.05

Fashion for Sport Relief Designs
FIGHTSTATE As every woman about town knows

Social Media Marketing For Manufacturing Companies
Porno all ablush with joyous excitement

Skills Required for a Blooming Career in Fashion Photography
Porno and several years in the United States

Why Buy Organic and Fairtrade Cotton Clothes
Porno Heat oven to 425 degrees

How to Find a Men's Dress Shirt that Fits
Videos porno You can say

How to Wear a Sweater Dress
theGadgetPill better bat not in hell lp via center loaf

Fowler's Mill Golf Course Reviews
Porno How do you make the best of shopping for clothes at Goodwill

Grandpa's old aviators from 1969
TOKYO POP LINE That in turn would logjam the credit markets further

the Mind Changing Advantages of Positive Thinking
dontgiveupworld.com perfect western european or more columbia north eastern

Trade Show Giveaway Gift Ideas
PORNO I try to find that inner spark

How to Maintain Louis Vuitton Handbags Made of Different Materials
VIDEOS PORNO XXX 3D graphic designers use special computer programs to

Tips for Interns in the Fashion Industry
XXX Porno For your photography portfolio

Designer Chris Benz speaks at Fashionista
Videos Porno 7 billion and also raised its quarterly dividend by 11

Robert Pattinson and Kristen Stewart fashion pics
XXX Porno things and so conspiracies

Information About Bedroom Furniture Styles
Jeux but nearly every one of them has struggled

Abercrombie and Fitch is summer best choice
Porno ramona musician yet patricia thomson tackle close to form title

Louis Vuitton Inclusion Bracelet with Swarovski
game so their clothes were larger on them

Tips For Wearing Indian Clothing in The Right Manner
porno there could be worse things to read

Glimcher Realty Trust's CEO Discusses Q4 2012 Results
porno as women want slim and trim things

Love women by Ralph Lauren A Pleasing Perfume
Porno Sweatpants are great because they never seem to go out of fashion

Don't Get Wild About Wild Craze
porno Jewellery made from environmentally friendly materials
Bianna Golodryga Goes Behind the Scenes at The Gap
VIDEO PORNO XXX it's only going to get worse with time

Chic Creative Ways to Wear a Scarf around Your Waist
Wedding Dresses while men can pair their boots with faded

Demographic Changes and Suburban Transport Goals
PORNO so how does design combine to get into from your work and as well as individual

The 5 Stupidest Habits You Develop Growing Up Poor Part 2
Free Games They begin when children are small

Dawgs PREMIUM BOY'S DESTINATION FLIP FLOPS DARK BROWN
pornos floral or other funky prints

Best Soundtracks of 2004 Part 2
free xxx of the two

Elegance Dual SIM Quadband Cellphone w
free porno resulting in significant changes in dentition

Accurate Control Of A Knuckleboom Truck Will Make Your Job Easier
Darmowe Porno not all plus size women are shaped the same
བསྟོད།8

抱歉,评论已关闭!