མིག་ཆུས་དེད་པའི་སྙན་ཞུ་ཐུང་ཐུང་།

གྲིབ་གཟུགས།

བདེན་དོན་དང་གནས་ལུགས་ཀྱི་ཕྱིར་དུ་བདག་གི་ཡ་ཆུང་ནས་འཕྱོ་བའི་སྐྱོ་གདུང་ཞིག་གིས་ཁྱེད་ལ་སྙན་ཞུ་ཐུང་ཐུང་ཞིག་མི་ཞུ་ག་མེད་བྱུང་།
སྤྱིར་ན་བདག་ནི་འཇིག་རྟེན་ཁྱིམ་པ་བ་ཞིག་ཡིན་པའི་ངོས་ནས་གྲྭ་བའི་ནང་བསྟན་ བསྒྱུར་བཅོས་ལམ་ལུགས་ལ་ཐེ་གཏོགས་བྱེད་པའི་འགན་ཁྲི་མེད་ལ་དཔྱོད་ཤེས་ཀྱང་མེད། འོན་ཀྱང་བདག་ནི་སྨྲ་བསམ་བརྗོད་འདས་ཀྱི་གནས་ལུགས་ལ་དགའ་པའི་མི་བུ་ཞིག་དང་རང་ དབང་ལ་དུངས་བའི་གསར་བུ་ཞིག་ཡིན་པའི་ངོས་ནས།ཁྱོད་ཚོར་ཕོག་ཐུག་མི་གཏོང་ཐབས་ མེད་རེད།ཉེར་སྔོན་ནང་བསྟན་གྱི་ཚ་རླབས་འཕྱུར་བའི་ཚད་མའི་དགུན་ཆོས་ཚོགས་སྐབས་ ཀིརྟིའི་དགོན་ཆེན་ནས་ཡུལ་གྱར་དུ་ཡོང་བའི་སེར་མོ་བ་དག་གི་ངོ་གདོང་ལ་བལྟས་ན། བདེན་དོན་དང་གནས་ལུགས་ཟེར་ནས་ཁ་མ་ཎི་བཞིན་ཤུར་ཤུར་བྱེད་པའི་དབེན་གྲོང་ཀུན་ ན་དོན་དམ་འདི་དག་ཡོད་མེད་ལ་དོགས་འདྲི་ཆེན་པོ་ཞིག་བདག་ལ་བྱུང་དང་འབྱུང་བཞིན་ འདུག
དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ལམ་ལུགས་ཁྲོད་འཛམ་གླིང་འགྲོ་བ་མིའི་རང་དབང་ གི་འབོད་བརྡ་ཕྱོགས་ཀུན་རེས་མེད་དུ་ཁྱབ་པའི་དུས་འདིར།ནང་སྒོས་སུ་བོད་རང་གི་ རང་དབང་དང་འདྲ་མཉམ་སོགས་གྲངས་ཀྱིས་མི་ལོངས་པའི་འབོད་བརྡ་མེ་ལྕེ་ལ་འཐིམས་ནས་ མཁའ་དབྱིངས་སུ་བསྐྱོད་དང་སྐྱོད་བཞིན་པའི་དུས་ལ།དོན་དམ་བཤད་ན་རང་དབང་དང་ དམངས་གཙོ་འདྲ་མཉམ་ཁེ་དབང་སོགས་ལ་ཀི་རིང་ཞིག་གིས་འབོད་པ་བྱེད་པ་ལས།ངེས་ཤེས་ གསལ་བོ་ཞིག་གི་སྟེང་ནས་རང་རྒྱུད་ལ་ཉམས་སུ་ལེན་མཁན་ནི་ཉིན་མོའི་སྐར་མ་ལྟར་ དུ་གནང་བསམ།དཔེར་ན།ནང་བའི་གཞོན་རབས་པའི་བསམ་བློ་གསར་བའི་དཔེ་དེབ་༼གཞུང་ ལུགས་བྲན་རྒོལ་༽ལྟ་བུར་མཚོན་ན་རྩོམ་པ་པོ་གང་མང་ཞིག་གིས་རང་གི་བསམ་བློ་ལྟ་ གྲུབ་འདྲེན་སྤེལ་བྱེད་པའི་ཁེ་དབང་དང་མིའི་རྣམ་དཔྱོད་ཀྱི་ཤེས་རབ་མངོན་པའི་ འགན་ཁྲིའི་དཔེ་དེབ་ཞིག་སྤེལ་བ་ལ།རང་དབང་སོགས་ལ་ངེས་ཤེས་ཙམ་ཡང་མེད་པའི་མི་ བོ་ཚོས།མི་ག་གེ་མོ་ཞིག་གི་ཕྲག་འཛིན་གྱི་ལྟ་བ་ལ་ཁ་བསྐྲིས་ཏེ་ཁོང་ཚོ་ནི་གཡག་ སྣ་གར་ཁྲིད་ཟེར་པའི་དཔེ་ལྟར་ཧོལ་རྒྱུགས་ཐོད་བརྒལ་བྱས་ནས་ཁེ་དབང་ལ་རྡོག་ རྫིས་བཏང་།རང་གི་དངོས་ཡོད་འཚོ་བ་ལ་རྣག་ཐོག་ཁབ་གཙག་བྱེད་པ་ལ་བསྟན་དགྲ་དང་ལྟ་ ལོག་གི་ཞྭ་མོ་འགེབ་པ་ནི་དྲང་བདེན་དང་གནས་ལུགས་ཟེར་བའི་དོན་དམ་གྱི་སྐད་ཆ་ ཞིག་རེད་དམ་མ་རེད།སྤྱིར་ཁོ་ཚོས་ཕུད་པའི་དཔེ་དེབ་ནང་འགྲིག་མིན་གྱི་ཆ་ལ་ཀློག་ པ་པོ་རེ་རེའི་ངོས་ནས་དཔྱད་བརྗོད་སྤེལ་རེས་དང་རྩོད་གླེང་བྱེད་པ་སོགས་ནི་ཡར་ ཐོན་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པས་དེ་ནི་སྨོས་མེད་ཀྱི་ཡོད་པ་ཞིག་རེད་མོད། འོན་ཀྱང་བླུན་རྨོངས་སློབ་གསོ་ལས་ནར་སོན་པའི་མི་བུ་ཁ་ཤས་ཀྱིས་རང་གི་མ་རུང་ བའི་ངན་གཤིས་འབའ་ཞིག་ལྷང་ལ་ཕུད་དེ།ནང་བའི་གཞོན་རབས་པའི་བསམ་བློ་གསར་བའི་ སྒོ་མོ་ཀུན་ནས་མ་རུང་བའི་རྣམ་འགྱུར་དང་མི་ལེགས་པའི་སྐད་ཆ་མང་བོར་བཤད་ནས་ གྲི་དང་ལྕགས་འཁོར་སོགས་ཀྱིས་གཏུམ་དྲག་སྤྱད་དེ་འཇིགས་སྐུལ་ཚབས་ཆེན་རང་བཞིན་ གྱི་ལས་ལ་ཞུགས་ནས་ཁོ་ཚོའི་རང་དབང་ལ་རྡོག་བརྫིས་གྱ་ནོམ་པ་བྱས། ཁོ་ཚོ་ནི་མི་འདོད་བཞིན་དུ་སྨྲ་བརྗོད་ལ་རང་དབང་མི་སྟེར་བའི་མི་བུ་ཚོའི་གམ་ ནས་རང་གི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཆེད་དགོན་པའི་ཁོར་ཡུག་དང་རིང་དུ་མི་ གྱེས་ཐབས་མེད་བྱུང་།ཁོ་ཚོ་གནས་མེད་དུ་འཁྱམས་པའི་ངོ་གདོང་དེས།ང་ལ་རྩོམ་ཡིག་ ཅིག་མི་འབྲི་ཐབས་མེད་ཀྱི་ལས་ལ་སྦྱར།སྐྱེས་ཆེན་ཚོའི་ཚེ་སྲོག་གིས་བསུ་མ་བྱས་ ནས་རང་དབང་ལ་འབོད་བརྡ་བཏང་ཡང་།སྒེར་གཅོད་པ་ཚོས་༼གཞུང་ལུགས་བྲན་རྒོལ་༽ལ་སྨྲ་ བརྗོད་ཀྱི་ཁེ་དབང་ཙམ་ཡང་མ་བྱིན་ན།འཛམ་གླིང་ཡོངས་ཁྱབ་ལ་གནས་པའི་རང་དབང་ཞིག་ ང་ཚོའི་བོད་སྤྱི་ཚོགས་ལ་ཡེ་ནས་གནས་ས་མེད་པ་མ་ཡིན་ནམ།ཁོ་བོས་བསམ་ན་དེབ་ཆུང་ འདིས་ཁྱོད་ཚོར་ཕོག་ཐུག་ཅི་ཙམ་བཏང་ཡང་འདི་ཕུད་པའི་ཁེ་དབང་ནི་ཁོ་ཚོ་ལ་ཡོད་པ་ གནས་ལུགས་རེད།གནས་ལུགས་ནི་གནས་ལུགས་རང་སྟེ་ཁྱོད་ཚོའི་ཨུ་ཚུགས་ཀྱིས་ནམ་ཡང་ ཁོ་ལ་འགྲན་ཡ་བྱེད་མི་སྲིད།རང་དབང་དང་འདྲ་མཉམ་ཁེ་དབང་སོགས་ནི་ཁྱོད་ཚོས་ཟ་ འཐུང་གི་ཁེ་དབང་ཙམ་ལ་ངོས་འཛིན་བྱེད་ཀྱིན་ཡོད་ན།དེ་ག་ནི་ཡེ་ནས་མ་ཡིན་ཏེ་རང་ དབང་སོགས་ལ་ཚད་ཡོད་པ་མ་ཡིན་པ་ཁྱོད་ཚོས་ངེས་ཤེས་ཙམ་ཡང་རྙེད་མེད་པ་འདྲ།ང་ཚོས་ ནམ་རྒྱུན་དོགས་སློང་དང་དགག་སྒྲུབ་གནས་ལུགས་ཟེར་བ་ནི་སྐྱབས་འགྲོ་བཞིན་ཁ་ནས་ འདོན་བཞིན་ཡོད་པ་ཡིན་མོད།ཡིན་ཡང་ལག་པ་བྲང་ཁར་བཞག་ནས་བསམ་གཞིགས་རེ་བཏང་ན་ཁ་ བཤད་དང་ལག་ལེན་གཉིས་ནི་འགལ་བ་ཐ་དད་དུ་གྱུར་བ་མ་རེད་དམ།ནང་བའི་གཞོན་རབས་པའི་ གསར་བུ་འདི་ཚོ་ལ་མདའ་གྲི་མདུང་གསུམ་གྱིས་གསོད་རྩིས་བྱེད་མཁན་མི་བུ་ཚོས་རང་ གི་འགྲོ་འདུག་སྤྱོད་གསུམ་དང་ཁོ་ཚོའི་བརྩམས་ཆོས་ནང་སྙིང་ལ་གནས་ལུགས་བདེན་ དོན་ཡོད་མེད་བསམ་གཞིགས་ཙམ་ཡང་བཏང་ཨེ་མྱོང་།དྲང་མོར་བཤད་ན་རང་གི་ང་རྒྱལ་དང་ ཕྲག་དོག་གི་མགོ་བོ་མ་ནོན་པར་བརྟག་དཔྱོད་དང་ཞིབ་འཇུག་མེད་པར་རི་བོང་ཅལ་ འདྲོགས་ལྟ་བུའི་ཧོལ་རྒྱུགས་ཐོད་བརྒལ་བྱས་ནས།ཉེས་མེད་ལ་ཉེས་ཅན་གྱི་ཞྭ་མོ་ འགེབ་པ་ནི་གྲངས་མི་ལོང་བའི་ལོ་རྒྱུས་ཀྱི་ཕམ་ཁ་ཡིན་པ་ཁྱོད་ཚོས་བརྗེད་སོང་བ་ ཨེ་ཡིན།དགེ་ཆོས་དང་ལུང་ཤར་བ།དོན་གྲུབ་རྒྱལ་སོགས་ལ་ང་ཚོས་ཧོལ་རྒྱུགས་ཐོད་ བརྒལ་གྱི་ཞྭ་མོ་བཀབ་ནས་ང་ཚོ་དང་གཏན་བྲལ་བཏང་བ་དང་།ད་དུང་དུས་རབས་ཉེར་གཅིག་ པའི་དུས་འདིར་དཔྱོད་ཤེས་དང་བློ་འབྱེད་ཡོད་པའི་གསར་བརྗེ་བ་དག་སྤྱི་ཚོགས་ལས་ རྒྱང་ཕུད་བཏང་ནས་ང་ཚོས་ནམ་ཡང་རྗེས་ལུས་ཀྱི་ཕམ་ཁ་མྱོང་བཞིན་ཡོད་པ་ལ་བསམ་ གཞིགས་ཙམ་ཡང་མ་བྱས་ན།ཁྱོད་ཚོ་ནི་ཚོར་མེད་ཀྱི་ཤིང་སྡོང་ཞིག་དང་གཉིས་སུ་མ་ མཆིས།རིགས་ཞེན་ཅན་གྱི་མི་བུ་ཚོའི་རྣམ་དཔྱོད་དང་ཤེས་རབ་ལས་འཁྲུངས་པའི་རང་ ཉིད་ཀྱི་སྨྲ་ལྕེ་གསོན་པོ་ལ་བསྟན་དགྲ་དང་ལྟ་ལོག་ཞབས་འདྲེན་སོགས་མི་མཛེས་པའི་ ཞྭ་མོ་མང་བོ་བཀབ་ནས་ནམ་རྒྱུན་ཡིག་རྨོངས་བའི་སྤྱི་ཚོགས་ཤིག་ལ་འཐབ་རྩོད་བྱེད་ དུ་འཇུག་པ་ནི་ཁྱོད་ཚོ་འཇིག་རྟེན་མི་ཡུལ་དུ་སྐྱེས་བའི་འགན་འཁྲི་ཨེ་རེད། གནས་སྐབས་ཀྱི་སྙན་ཞུ་ཐུང་ཐུང་འདི་འདི་ནས་འབྲི་མཚམས་འཇོག
མཇུག་གཏམ། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་སུ་གྱུར་བའི་ནང་བ་སངས་རྒྱས་པའི་ རྒྱུད་འཛིན་མཁན་མང་བོ་ཤིག་གིས་ཁྱི་སྤྱང་ངན་འབྲེལ་བྱས་ནས།འདུལ་ཁྲིམས་སྣང་ མེད་དུ་བཞག་སྟེ།ཁ་དཀྲིས་མགོ་དཀྲིས་བྱས་ནས་གྲི་དང་ལྕགས་འཁོར།རྡོ་དང་དབྱུག་པ་ བཟུང་ནས།དགེ་སློབ་ཚོའི་མཚན་སྙན་ལ་གནོད་པའི་སྐད་ཆ་མང་བོ་བཤད་ཡོད་སྙམ་ནས།དྲང་ བདེན་གྱི་ཆེད་དུ་སུ་ལའང་སྨྱུག་ཁ་སྐོར་ཕོད་པའི་ནང་བའི་གཞོན་རབས་པའི་ཚོགས་ལ་ གཅར་རྡུང་བྱེད་པའི་ལྟ་གོན་བྱས་པ་ནི།ཆད་མེད་ཀྱི་སྐུད་ལམ་བརྒྱུད་དེ་འཛད་མེད་ ཀྱི་ལོ་རྒྱུས་ཤིག་ང་ཚོའི་མང་བོ་ཐོས་ཡོད། སྐད་ཆ་དེ་ཐོས་རྗེས་ངས་མིག་ཆུས་དེད་པའི་སྙན་ཞུ་ཐུང་ཐུང་ཞིག་ཁྱོད་ཚོ་ལ་བྲིས་ པ་ཡིན། མཇུག་མཐར་ཡོད་པ་ནི་ཁྱོད་ཚོ་ནི་མི་རིགས་ཤིག་གི་མི་ལོ་དུ་མ་ལ་མཆོད་པ་བྱེད་ མྱོང་བས་ཆོ་ལོ་ཅན་གྱི་“གདན་ཐོག་ལ་བསྡད་ནས་སྡེར་ནང་ལ་སྙབས་མཁན་ཞིག་ཡིན་པ་ལས། སུན་འབྱིན་དང་འཇིགས་སྣང་ཆེ་བའི་གཏུམ་དྲག་ཅན་གྱི་མི་རྒོད་ཀྱི་ཚོགས་ཤིག་མ་ ཡིན་པ་ཁྱོད་ཚོས་གསལ་བོར་ཤེས་དགོས།

༢༠༡༢ལོའི་ཟླ༡༢ཚེས་༣ཉིན་ནུབ་བྱང་ནས་བྲིས།

བསྟོད།5

དཔྱད་མཆན་སྤེལ།