དཀྱེལ་ཡངས་ནི་རང་དབང་གི་སྔོན་འགྲོ་ཡིན་འོས།

ཞོགས་ལྗང་།

ནུབ་གླིང་པ་ཚོས་ཤིན་ཏུ་ངོམ་བཟོ་བྱེད་པ་ནི་སྨྲ་བརྗོད་རང་དབང་རེད། ཇི་སྐད་དུ། སྨྲ་བརྗོད་རང་དབང་ནི་རང་དབང་ཡོད་ཚད་ཀྱི་སྒོ་མོ་ཡིན་ཞེས་བརྗོད། དེ་བས། སྨྲ་བརྗོད་རང་དབང་ནི་ནུབ་གླིང་རང་དབང་དམངས་གཙོའི་ཁྱད་ཆོས་གཙོ་བོ་ཡང་རེད།
སྨྲ་བརྗོད་རང་དབང་ནི་རང་དབང་ཆེན་པོ་བཞིའི་ཡ་གྱལ་ཞིག་རེད། སྐྱེས་བུ་སྒེར་སུ་ཞིག་ལ་མཚོན་ན་ཡང་གཅེས་པའི་སྲོག་བཞིན་གལ་ཆེ་བ་སྟེ། འགྲོ་མའི་ཐོབ་ཐང་གི་མཚོན་རྟགས་གཙོ་བོ་ཞིག་རེད། སྤྱིར་བཏང་དུ། སྨྲ་བརྗོད་རང་དབང་ལ་ཡང་གཏམ་བརྗོད་རང་དབང་དང་དཔར་སྐྲུན་རང་དབང་། གསར་ལམ་རང་དབང་སོགས་འདུས་ལ། དེང་སྐབས་རང་དབང་དམངས་གཙོའི་རྒྱལ་ཁབ་ག་གེ་མོ་དག་ལ་མཚོན་ན། གསར་ལམ་རང་དབང་གིས་ཁྲིམས་སྐྱོང་བྱ་བར་ནུས་པ་གལ་ཆེན་ཐོན་གྱིན་པར་མ་ཟད། གསར་ལམ་རང་དབང་ལྡན་པས། གཞི་ནས་ཁོ་པ་ཚོས་འགྲོ་མིའི་ཐོབ་ཐང་དང་མི་གཞིའི་རྩིས་ཐང་། སྤྱི་དམངས་ཀྱི་ཐོབ་ཐང་ལེགས་པོ་ཞིག་མྱོང་ཐུབ་ཀྱིན་གདའ། སྲིད་སྐྱོང་པ་དང་སྲིད་སྐྱོང་ཚོགས་པ་རེ་རེ་ཡང་རུལ་སུངས་ཀྱི་ལམ་དུ་འགྲོ་བར་ནུས་པ་བླ་ལྷག་ཐོན་གྱིན་འདུག དེང་སྐབས། སྐྱེས་བུ་སྒེར་ལ་རང་དབང་དང་འདྲ་མཉམ་ཡོད་མེད་གང་དེས་ནི། སྤྱི་ཚོགས་སོ་སོའི་དབྱེ་ཁྱད་བཀར་ཡོད། ཤེས་རིག་ལྡན་པའི་སྤྱི་ཚོགས་ཏེ། དམར་སྐད་དུ་ལབ་ན། དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་གི་ས་མཚམས་ལ་ཡང་སྐྱེས་བུ་སྒེར་གྱི་རང་དབང་ལས་གཞན་ཞིག་འཇོག་རྒྱུ་མེད།
རང་རེ་ཅག་ལ་མཚོན་ན། སྤྱི་ཚོགས་སྤྱི་ཡོངས་ཀྱི་གོ་རྟོགས་ཀྱི་དབང་གིས་སམ། སྲིད་གཞུང་ག་གེ་མོའི་སྲིད་ཇུས་ཀྱི་རྐྱེན་གྱིས་སམ། གང་ལྟར་ཀྱང་། གསར་ལམ་གྱིས་དམངས་སྲིད་གཉིས་ཀྱི་བྱ་བར་ཐེ་གཏོགས་དང་མཉམ་འུར་བྱེད་པའི་བྱེད་ནུས་ཤིན་ཏུ་ཉག་ཕྲ་བར་འདུག བརྒྱ་ལ་མཉམ་འུར་ཆེན་པོ་ཞིག་འབྱུང་གིན་ཡོད་ཟེར་ན། ལོ་རེ་བཞིན་ཡང་འཁོར་བསྐྱར་འཁོར་རྒྱག་གིན་པའི་གཞུང་སྒེར་གཉིས་ཀྱིས་བསྡུས་པའི་ལོ་སར་དགོང་ཚོགས་དག་ཡིན་ངེས་ལ། གཞི་རིམ་མང་ཚོགས་དག་གིས་ནི་བརྙན་འཁོར་དེ་དག་ལ་རེ་བས་སྒུག་བསྡད་ཡོད། གནས་ཚུལ་འདིའི་ངོས་ནས་བཤད་ན། གསར་ལམ་གྱིས་བོད་ཁུལ་དུ་བཟུང་བའི་གོ་གནས་ཆུང་ཆུང་ཞིག་ལར་ནས་མིན་ན་ཡང་། རུལ་སུངས་སྤྱི་ཚོགས་ཀྱི་དབང་གིས། གསར་ལམ་དག་ན་མང་ཚོགས་ཀྱི་བྱ་བ་སྒྲུབ་མཁན་ནི་ཉིན་མོའི་སྐར་མ་ལྟ་བུ་ཡིན་པ་བརྗོད་དུ་མེད།
དེ་ན། ད་ནི་གཏམ་བརྗོད་སྤེལ་བ་དང་སྙུ་གུ་འཛིན་པ་ལས་གཞན། རང་དབང་རྩོད་པ་པོ་ཞིག་ལ་མཚོན་ན། ཧ་ལམ་ལམ་ཁ་གཞན་མེད་པའི་ཚོད་དུ་མཆིས། དེ་བས། ཉེ་བའི་ལོ་འདི་དག་ཏུ་བོད་རིགས་གཞོན་སྐྱེས་དག་ལ་སྐྱེས་བུ་སྒེར་གྱི་རང་དབང་གི་གོ་རྟོགས་སད་སོང་ཟེར་ན་ཆོག་སྟེ། ཁོ་ཚོས་རང་ལ་ཡང་སྙུ་གུ་ཞེས་པའི་སྟོབས་ཆེན་པོ་ཞིག་ཡོད་པ་མཐོང་བས། ནམ་ཞར་ཡང་རང་གིས་སྨྲ་བསམ་གང་དེ་སྙུ་གུའི་སྟོབས་ལ་བརྟེན་ནས་བརྗོད་དང་རྗོད་ཀྱིན་འདུག འདི་ནི་ང་ཚོ་དགའ་འོས་པའི་དོན་དག་ཅིག་རེད། རང་དབང་རིང་ལུགས་ཀྱི་ལོ་རྒྱུས་ལ་བལྟས་ཏེ་འོང་ན་ཡང་། དེ་ནི་གཞོན་སྐྱེས་དག་གི་སྙུ་གུའི་སྟོབས་ཀྱིས་བསུས་འོང་བ་ཞིག་ཡིན་པ་ལས། དྲག་པོའི་དཔུང་དང་མེ་མདའི་ཁ་ནས་ཐོན་པ་ཞིག་ནི་ག་ལ་ཡིན།
ཉེ་བའི་ཡར་སྔོན་དུ། ཀིརྟི་དགོན་གྱི་གྲྭ་གཞོན་བདུན་གྱིས༼གཞུང་ལུགས་བྲན་རྒོལ༽ཞེས་པའི་དེབ་ཆུང་ཞིག་བརྩམས་ཏེ། མི་སྒེར་རང་ངོས་ཀྱི་ལྟ་ཚུལ་བརྗོད་པ་སྟེ། གྲྭ་གཞོན་རང་གི་རྟོགས་པའི་ངོས་ནས་ཐུབ་བསྟན་རིག་གནས་དང་སྤྲུལ་བའི་སྐུ་ལོ་དག་གི་མཚང་ལ་བསྙབས་པར། དེ་གའི་དགོན་གྲོང་གཉིས་ཀྱི་སྐྱ་སེར་དག་གི་ཁྲོད་དུ་འབུར་འཇོམས་ཀྱི་ཚ་རླབས་རྒྱ་ཆེན་པོ་འཕྱུར། ཐོས་ཚོད་དུ། གྲོང་པ་དག་གིས་ནི་དཔེ་ཆ་ཉོས་ཏེ་མེ་ལ་བསྲེགས་པ་དང་སྙིགས་སུ་འདོར་བ་སོགས་བྱེད་ལ། ཆེ་གེ་མོ་དག་གིས་ནི་རྩོམ་མཁན་བདུན་པོའི་སྲོག་འཕྲོག་པའི་སྦྱོར་བ་བརྩམས་པ་དང་། གྲྭ་བ་དག་གིས་ནི་ཚོགས་ཀྱི་ཀ་བར་བཅིངས་ཏེ་ལྕག་གིས་བརྒྱ་ཕྲག་འགའ་གཞུ་དགོས་ཚུལ་གྱི་གཏམ་འུར་ཆེན་པོས་ལབ་ཅིང་། གོང་འོག་བར་གསུམ་གང་དུ་ཡང་དེ་ནི་ཁོ་པ་ཚོའི་སྨྲ་བརྗོད་རང་དབང་ངོ་ཟེར་མཁན་ནི་མ་བྱུང་། དེ་བས། ད་ལྟ་རྩོམ་མཁན་དྲུག་བྲོས་བྱོལ་གྱི་ཚུལ་དུ་འཚོ་བ་རོལ་གྱིན་འདུག
གནས་ཚུལ་འདི་ཐོས་རྗེས། ཁོ་བོ་ཡོ་རོབ་གླིང་གི་མུན་ནག་དུས་སྐབས་དེར་སྐད་ཅིག་ཉིད་ཀྱིས་འཁྱམས་སོང་ལ། དེ་གའི་ཡ་ང་བའི་ལོ་རྒྱུས་ཀྱི་སྐྱོ་གར་རེ་རེ་ཆུ་བུར་མིག་གི་རྒྱལ་མོ་རུ་མངོན་སུམ་སྣང་བ་བཞིན་འཆར་འོང་། དེ་ནི་ལོ་རྒྱུས་ཏེ། ལོ་ངོ་མང་པོ་རིང་གི་ལོ་རྒྱུས་རེད། ཡིན་ན་ཡང་། རྒྱུ་འབྲས་བློ་མིག་གཅེས་པའི་སྲོག་ལ་ལྟ་བའི་སྐྱེས་ཆེན་དག་གིས་ནི་དཀར་ནག་གི་དབྱེ་བ་ག་ལ་འཁྲུལ་ཏེ་མ་འཁྲུལ་བས། རིམ་བཞིན་རིག་རྩལ་བསྐྱར་དར་དང་བློ་འབྱེད་ལས་འགུལ་སོགས། ནུབ་གླིང་ལོ་རྒྱུས་ཀྱི་ཡིད་དུ་འོང་བའི་རླབས་རྒྱུན་དག་འཕྱུར་ཅིང་། སྐྱེས་བུ་སྒེར་གྱི་རང་དབང་དང་འདྲ་མཉམ་སོགས་ཀྱི་མི་བུའི་ཐོབ་ཐང་ལ་ངོ་ཟིན་རྙེད་དེ། ཁྲིམས་ཀྱི་སྲུང་བར་བྱས། འདི་ནི་དངོས་སྣང་སྟེ། ད་ལྟའི་ཁྲིམས་སྐྱོང་རྒྱལ་ཁབ་དག་གི་ཁྱད་ཆོས་རེད།
ཡིན་ནའང་། བརྒྱ་ལོ་དེ་འདྲའི་མང་པོ་ཞིག་གི་རྗེས་ནས། རང་རེ་ཅག་མུན་ནག་གི་དུས་སྐབས་དེ་རུ་ལོག རང་རེ་ཚོས་ཀྱང་ཆོས་ལ་རྒོལ་བ་ནི་མ་མི་མིན་མེད་དུ་སྦྱར་ནས་བཀག སྲོག་འཕྲོག་པ་དང་ལྕག་གིས་གཞུ་བ་སོགས། དེང་རབས་སྤྱི་ཚོགས་ཀྱི་སྤྱི་འགྲོས་ལ་ཡེ་ནས་མི་འཚམ་ཞིང་། ཡོངས་ཁྱབ་རིན་ཐང་སོགས་དང་རྩ་ནས་འགལ་བ་དང་། རྒྱལ་ཁབ་ག་གེ་མོའི་ཁྲིམས་ལ་ཡང་ཡོངས་སུ་འགལ་བའི་སྦྱོར་བའི་གྲབས་བཤམས་པར། དེ་ལ་སུ་དང་གང་གིས་ཀྱང་སྐད་བརྒྱབ་མ་བྱུང་ལ། ཁོ་པ་ཚོའི་ཟུར་དུ་ལངས་ནས། འདི་ཡང་སྲུང་སྐྱོབ་བྱེད་དགོས་པའི་རང་དབང་ཞིག་ངེས་པར་རེད་དོ་ཟེར་མཁན་ནི་མ་བྱུང་། འདི་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། འདི་ཡིས་དྲན་པར་བྱས་པ་ནི། རིག་གསར་སོགས་ཀྱི་སྐབས་སུ། བདེན་པའི་དཔང་དུ་ལངས་ནས་གཏམ་བརྗོད་མཁན་ཡེ་ནས་མ་བྱུང་བ་དེ་རེད། རེད་མོད། དེ་དང་ཅུང་ཙམ་མི་འདྲ་ས་ཞིག་ནི། སྔོན་མ་དེ་གཞུང་གིས་བསླངས་ཤིང་། ཕྱི་མ་ནི་དམངས་ཀྱིས་བསླངས་པ་དེའོ།།
ད་ལྟ་ཁོ་བོས་ཅི་ནས་ཀྱང་བརྗོད་པར་འདོད་པ་ནི། རྩོམ་མཁན་བདུན་པོས་ཐུབ་བསྟན་ཆོས་ལུགས་ཀྱི་སྣང་ཚུལ་དང་བཅས་པར་སྙིང་སྟོབས་ཆེན་པོས་དགག་པ་ནི་ཁོ་པ་ཚོའི་རང་དབང་རེད། དེས་ནི་སུ་དང་གང་ལ་ཡང་མི་འཚེ་བས། གནས་ལུགས་གསོན་པོ་ཞིག་ཡོད་མེད་ཅི་ཆ་ཡང་། སྲུང་སྐྱོབ་ནི་ངེས་པར་བགྱི་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། རིག་གནས་དགག་སྒྲུབ་ཀྱི་ཆ་ལ་དཀྱེལ་ཡངས་བྱེད་མི་ཐུབ་པའི་མི་རིགས་དང་སྤྱི་ཚོགས་གང་དེས་ནི། ཆབ་སྲིད་དགག་སྒྲུབ་ལ་ཡང་དེ་བཞིན་ཡིན་པས། དེའི་རིགས་ལ་སྐྱེས་བུ་སྒེར་གྱི་རང་དབང་དང་འདྲ་མཉམ་སོགས་ཀྱི་ཐོབ་ཐང་ནི་ཐོབ་དཀའ། གཞན་གྱི་ཐོབ་ཐང་ལ་སྲུང་སྐྱོབ་མི་བྱེད་པ་གང་དེས་ནི་རང་གི་ཐོབ་ཐང་ལ་ཡང་སྲུང་སྐྱོབ་བྱེད་མི་ཤེས་པས། རང་གཞན་གཉིས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་མ་བྱས་པས་ནི་སྤྱི་ཚོགས་ཕུངས་ལ་སྦྱར་བ་རེད།
དེ་ན། འགྲོ་མིའི་ཐོབ་ཐང་དང་ཡོངས་ཁྱབ་རིན་ཐང་དང་རང་དབང་དམངས་གཙོ་སོགས་ཇི་ལྟར་ལབ་ཀྱང་། གཞན་གྱིས་ལྟ་ཚུལ་བརྗོད་པའི་རང་དབང་ལ་དཀྱེལ་ཡངས་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་ལ། རང་དབང་ལས་ཀྱང་སྔོན་དུ་འགྲོ་དགོས་པ་ནི་དཀྱེལ་ཡངས་ཡིན་པ་ཡང་དེ་དོན་ཡིན། དཀྱེལ་ཡངས་ཀྱི་གས་སྲུབས་ཙམ་ཡང་མེད་པར། རང་དབང་ཞེས་སྐད་ཆེན་པོ་རྒྱག་པ་ནི་རྡོ་ཐོག་ཏུ་ཆུ་བླུགས་པ་ལྟ་བུ་ཡིན་པས་དེའི་རིགས་ལ་འབྲས་བུ་ཞེས་པ་ཞིག་འབྱུང་དུ་དཀའ། བརྒྱ་ལ་བྱུང་བའི་དབང་དུ་བཏང་རུང་། དེ་སྐད་ཅིག་ཉིད་ཀྱིས་སྒེར་གཅོད་གཞན་ཞིག་གི་ལམ་དུ་འགྲོ་རྒྱུ་ཡིན་པ་ནི་སྨོས་མ་དགོས་པ་ཡིན། དེ་བས་རང་སྐད་དེ་ལབ་ན་ཁོག་རྒྱ་ཆེན་པོ་སྟེ། མ་བུ་མོའི་ཁོག་ལ་བུ་ཆུད་ན། སྟག་ཤར་རའི་ཁོག་ལ་ཚིག་ཆུད་དགོས་ཞེས་པ་བཞིན། ཅིས་ཀྱང་གཞན་གྱི་སྨྲ་བརྗོད་རང་དབང་ལ་གུ་ཡངས་པོ་བྱེད་པ་ནི་སྔོན་འགྲོའི་མ་ལྟར་བསྐྱེད་དགོས་སོ།།
ཀིརྟི་དགོན་གྱི་གྲྭ་གྲོང་གཉིས་ཀ་བཞིན། གཞན་གྱིས་ལྟ་ཚུལ་བརྗོད་པའི་རང་དབང་ལ་ཐོག་བརྫིས་སུ་གཏོང་བ་ནི་སྒེར་གཅོད་དེ། རིག་གནས་སྒེར་གཅོད་ནི་སྒེར་གཅོད་ཆེན་པོ་ཡིན། གཞན་གྱིས་ཐུབ་བསྟན་ཆོས་ལུགས་ལ་དགག་རྩོམ་འབྲི་བ་བཞིན། ཁྱོད་ལ་ཡང་ཕྱིར་དགག་རྩོམ་འབྲི་བའི་རང་དབང་ཡོད་པ་གང་ཞིག་ལས། རང་གི་དད་མོས་ཙམ་གྱི་ཆེད་དུ་གཞན་གྱི་སྲོག་ལ་འཚེ་བའི་སྦྱོར་བ་རྩོམ་པའི་ཐོབ་ཐང་ནི་ལར་ཡང་མེད་ལ། དེ་ལ་ཐོབ་ཐང་ཟེར་མིན་ཡང་མི་ཤེས། དེ་བས། ཇི་སྐད་དུ། སྐྱེས་ཆེན་ཞིག་གིས། ཁྱོད་ཀྱི་ལྟ་ཚུལ་ལ་ཁོ་བོ་འཐད་པ་མེད་ཀྱང་། ཁྱོད་ཀྱིས་ལྟ་ཚུལ་བརྗོད་པའི་རང་དབང་ལ་ཁོ་བོས་གཅེས་པའི་སྲོག་པའི་སྲུང་བར་བྱེད་ཅེས་པ་བཞིན། ང་ཚོར་ཡང་དཀྱེལ་དེ་འདྲ་ཡངས་དགོས།
ཁོ་བོ་རང་ངོས་ནས་ཀྱང་རྩོམ་མཁན་བདུན་པོའི་ལྟ་ཚུལ་ལ་འཐད་དང་མི་འཐད་གང་ལྟར་ཀྱང་། ཁོ་རང་ཚོས་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་ཆོག་པའི་རང་དབང་ལ་གཅེས་པའི་སྲོག་གིས་དཔུང་གྲོགས་བྱེད་ཅིང་། ནམ་ཞིག་སུ་ཞིག་གིས། ཁྱོད་ཀྱང༼ལྟ་ལོག༽དེ་དག་གི་དཔུང་གྲོགས་ཡིན་པས་ངེད་ཅག་གི༼རྒོལ་བར༽བྱའོ་ཟེར་ན། ངས་ནི་རང་ལ་རང་དབང་མཁོ་བ་དེ་ལྟར་དུ། གཞན་ལ་ཡང་རང་དབང་ངེས་པར་མཁོ་བས། དེ་ཡི་ཆེད་དུ་ང་རང་སུ་དང་གང་གི༼གྲལ་རིམ་དགྲ་བོར༽གྱུར་ཀྱང་རུང་། ཐོད་རུས་ས་རུ་མ་འཐོར་བ་དང་། སྙུ་གུ་ས་རུ་མ་ལྷུང་བའི་བར་སྐབས་དེ་རུ། ཅིས་ཀྱང་དེ་ལྟར་བགྱིའོ་ཞེས་བརྗོད་ངེས་ཡིན།

འདི་ནི་རྩོམ་མཁན་བདུན་པོ་དང་སྐྱིད་སྡུག་མཉམ་མྱོང་གིས་སྤེལ་བ་ཡིན་ལ། ཤོད་དང་མ་ཤོད་གང་ལྟར་ཀྱང་། སྒེར་གཅོད་པ་དག་ལ་ཕན་དང་མི་ཕན་གང་ལྟར་ཀྱང་། ཁོ་བོ་རང་ངོས་ནས་ནི་འདི་ལྟར་རོ།།
གཞན། ལྷག་བསམ་ཟོལ་མེད་ཀྱིས་རང་སྡེའི་རིགས་ལ་སྲིད་ཞུ་སྒྲུབ་མཁན་དག་ལ་བཀའ་དྲིན་ཤིན་ཏུ་ཆེ་ཡང་ཞུས་པ་ཡིན།

༢༠༡༢།༡༢།༡༠ཉིན་གྱི་ཞོགས་པར་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཉེ་འགྲམ་གྱི་མགྲོན་ཁང་ག་གེ་མོ་ནས་ཐོལ་གྱིས་སྦྱར་བ་དགེའོ། །

བསྟོད།7

དཔྱད་མཆན་སྤེལ།