བོད་སྐད་བརྙན་འཕྲིན་ཁང་འགའ་ལ་ནན་ཏུ་བརྗོད་པ།

སྒོམ་པ་ཚེ་རིང་།

གོ་ལ་ཧྲིལ་བོ་ལུས་གཅིག་ཅན་དང་ཆབ་སྲིད་རྣམ་པ་དམངས་གཙོ་ཅན། དཔལ་འབྱོར་འཕེལ་ཕྱོགས་གཅིག་གྱུར་ཅན་དང་རིག་གནས་འཕེལ་སྟངས་སྣ་མང་ཅན་དུ་ཉིན་རེ་ལས་ཞག་རེ་བཞིན་དུ་འགྲོས་ཇེ་མགྱོགས་དང་འཐུས་ཇེ་ཚང་དང་སྣ་ཇེ་འཛོམས་དང་ཕུན་སུམ་ཇེ་ཚོགས་ལ་འགྲོ་བཞིན་པའི་ཁ་སང་དེ་རིང་གི་ཤེས་རིག་དཔལ་ཡོན་དང་ཆ་འཕྲིན་འདྲ་མིན་གྱིས་སྤྱི་ཚོགས་ཧྲིལ་བོ་ལ་སྟོབས་ཀྱིས་དབང་བསྒྱུར་ཞིང་འཚོ་བའི་གྲུ་ཟུར་རེ་རེར་ཡུན་གྱིས་སིམ་འཛུལ་དང་དཔུང་འཇུག་བྱེད་ཀྱིན་པའི་དེང་གི་དུས་འདིར། བོད་ཡུལ་ཆོལ་ཁ་གསུམ་གྱི་ཡ་གྱལ་དུ་གྱུར་བའི་མདོ་སྟོད་ཁམས་ཀྱི་ཕྱོགས་ནས་ཀྱང་སྤྱི་ལོ་ཉིས་སྟོང་དགུ་ལོ་ནས་བཟུང་ཚོད་གཏོང་བྱེད་པའི“ཁམས་པའི་བོད་སྐད་བརྙན་འཕྲིན་ཁང”ཞེས་པ་ཞིག་དངོས་སུ་བཙུགས་ཤིང་ད་བར་དུ་ལོ་བཞི་ལྔ་ཙམ་འགོར་བ་རེད། ས་སྒང་འདིའི་ཡང་སྟེང་གི་ཉི་འོད་དང་ཆེས་ཐག་ཉེ་ས་ན་འཚོ་ཞིང་གནས་པའི་ཆེན་པོ་བོད་ཀྱི་མི་རིགས་འདིའི་འཚོ་བ་ཡི་ཆུ་ཚད་དང་ལས་དབང་གི་དར་རྒུད་དང་སྐད་ཡིག་གི་ཉེན་ཚབས། རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གཞུང་། དེ་ལ་བརྟེན་པའི་མི་རིགས་ཤིག་གི་ཤེས་རྟོགས་ཀྱི་ལག་ལེན་སོགས་ཀྱི་ཐད་ལ་རམ་འདེགས་དང་གོང་འཕེལ་ཉག་ཙམ་དུ་ཨེ་འགྱུར་སྙམ་ནས“ཁམས་པའི་བོད་སྐད་བརྙན་འཕྲིན་ཁང”ཚང་གིས་ཀྱང་རང་ཉིད་ཀྱི་རྣ་འབྱོག་ཀེར་ཀེར་དང་མིག་ཟུང་རིག་རིག་གིས་འགྲེང་སྟེ་འདུར་འོངས་བ་ནི་ཕྱོགས་གང་ནས་བསམ་ཞིང་ངོས་གང་ནས་བལྟས་ནའང་ཆེས་སྤྲོ་འོས་ལ་དགའ་བསུ་ཞུ་རུང་བའི་དོན་བཟང་ནང་གི་ཡང་བཟང་ཞིག་ཅི་ལ་མིན་ནམ་སྙམ་བཞིན་ཡོད། དེས་ལྷ་ཐམས་ཅད་ཡིད་ཚིམས་ཤིང་འདྲེ་ཚང་མ་ཡིད་ཕམ་ལ། བོད་ཡོངས་རྫོགས་ཡིད་དགའ་པའི་གནས་སུ་བསྐྱལ་བར་མི་དགའ་གང་གིས་དགའ།

ལར་མི་དམངས་ཀྱི་འདོད་བློ་དང་ཡོངས་སུ་མཐུན་ཞིང་སྒེར་གཅོད་པའི་ལག་ཆ་རུ་རྨང་ནས་མི་འགྱུར་བར་དཀའ་ལས་བརྒྱབ། བརྩོན་པ་བསྐྱེད། སྲོག་ལ་བསྡོས་ཏེ་སྒེར་གཤིས་ཨུ་ཚུགས་ཀྱིས་བཟུང་ནས་རང་གི་ལྕོགས་ཚོད་ཀྱིས་ས་གནས་དང་མི་རིགས་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་ལེ་ཚན་དོན་ལྡན་རེ་དང་ཕ་སྐད་གཙང་མ་ཡིས་བརྒྱན་པའི་སློབ་གསོའི་གླེང་སྟེགས་སམ། བསམ་བློའི་རྩུབ་བརྡར་ལས་བྱུང་ཞིང་བསྲེགས་བཅད་བརྡར་གསུམ་ལས་ཐོན་པའི་རུལ་དྲི་དང་དྲི་ངན་གྱིས་མ་སྦགས་ལ་སྐྱག་རུལ་དང་རྐང་རུལ་གྱིས་མ་གནོད་པའི་སློབ་གསོ་ལ་གཞོལ་ཆེ་ཞིང་མི་དོན་ལ་ཐག་ཉེ་བ། མི་སེར་དང་འབྲེལ་ཆེ་ཞིང་སྤྱི་ཚོགས་ཀྱི་གནད་འབྱིན་པའི་ལེ་ཚན་སོགས་བསྒྲུབ་ན་ནི་དགུན་གཞུང་གི་མེ་ཕུང་ལྟ་བུའི་དྲོད་ཁོལ་ཅིག་དང་དབྱར་གཞུང་གི་མེ་ཏོག་ལྟ་བུའི་མཛེས་སྣང་ཞིག་ལུས་སེམས་གཉིས་ཀའི་ཞིང་ཁམས་སུ་འཐིམ་པར་བྱེད་ལ། བཟི་བར་བྱེད་ཅིང་། མྱོས་བར་ཡང་བྱེད་དོ།།

ལྷག་ཏུ་ཟ་དང་ཟུར་གང་རུང་དང་གཞོག་དང་ངོས་སོ་སོ་དང་འགྲན་རྩོད་ཀྱིས་གྲུབ་པའི་ཁོར་ཡུག་འདི་ནས“མཚོ་སྔོན་གླུ་གར་བརྙན་འཕྲིན་ཁང”དང“བོད་ལྗོངས་ཆབ་སྲིད་བརྙན་འཕྲིན་ཁང”སོགས་ལ་གནོན་ཤུགས་ཀྱི་ཁུར་བོ་ལྕི་མོ་རེ་དང་བཟོད་མེད་ཀྱི་ན་ཟུག་བསོར་མོ་རེ་བཀལ་འོང་བ་ནི་དངོས་གནས་ཡིད་སྨོན་ཚད་མེད་ཅིག་དང་དགའ་བ་དཔག་མེད་ཅིག་སྐྱེས་དགོས་པའི་ཚོད་དུ་གདའ། གདའ་མོད་ཀྱང་། “ཁམས་པའི་བོད་སྐད་བརྙན་འཕྲིན་ཁང”ཞེས་པའི་མིང་འདོགས་ལུགས་ཀྱི་ཐད་ནས“སི་ཁྲོན་བོད་སྐད་བརྙན་འཕྲིན་ཁང”ཞེས་མ་བཏགས་པར་ཕྱོགས་སུ་འཁྱེར་ཞིང་རིས་སུ་བཅད་པའི་དབྱེ་འབྱེད་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་ཞིང་མདོ་དབུས་ཁམས་དགར་གྱི་ཕྱོགས་གཤིས་ཡོངས་སུ་གྲུབ་འདུག་པས་འུ་ཚང་གི་བོད་པ་སྤྱིའི་གནས་བབ་དང་། སྤྱིའི་ཀུན་སློང་། སྤྱིའི་དྲན་ཚུལ། སྤྱིའི་ཁོག་དཔུང་། སྤྱིའི་མཐུན་སྒྲིལ། སྤྱིའི་འདུ་ཤེས། སྤྱིའི་འཕེལ་རྒྱས། སྤྱིའི་བསམ་ཕྱོགས། སྤྱིའི་མཉམ་ལས་བཅས་ལ་འདང་མ་བརྒྱབ་པ་དང་བློས་མ་ཕོག་པ་ནི་ཁོ་བོའི་སྣང་ངོར་ཤིན་ཏུ་ནས་མཛེས་མ་སོང་། ཁོ་བོའི་སེམས་པ་དེ་རྨང་ནས་སྒུལ་མ་བྱུང་། ཁོ་བོའི་ཡིད་སེམས་དེའང་ཀུན་ནས་བཀུག་མ་བྱུང་། ཁོ་བོའི་ན་ཟུག་དེ་གཞི་ནས་བཅོམ་མ་སོང་། དེ་ནི་བདག་སེམས་ཀྱི་གཏིང་རུམ་ན་ཡིབ་པའི་རྡོ་བ་ལོག་ལོག་ཅིག་ཀྱང་ཡིན། ཡིན་ཡང་བསམ་གཞིག་ཀླད་པས་མི་གཏོང་བར་ལྟོ་བས་གཏོང་བའི་མི་མང་པོ་ཞིག་གི་སེམས་ཁོང་ན“ཁམས་པའི་བོད་སྐད་བརྙན་འཕྲིན་ཁང”ཞེས་པའི་མིང་འདོགས་ལུགས་དེ་ནི་ཏག་ཏག་བདག་གི་ལྡོག་ཕྱོགས་སུ་ལངས་པའི་ཆེས་མཛེས་ཤིང་ཆེས་སྙན་པའི་མིང་བརྡ་ལེགས་པོ་མཐུན་པོ་ཞིག་དང་སྙན་མོ་འཚམ་པོ་ཞིག་ཡིན་ཡང་སྲིད། དེ་བས་འཁྱོག་གཟུགས་ཀྱི་མི་གཞིའི་རྩ་དོན་ཀུན་ནས་མ་བོར་ལ་འཁྱོག་བརྗོད་ཀྱི་དྲི་མར་སྣོམ་རྒྱུར་རྨང་ནས་མི་དགའ་ཞིང་རྫུན་བཟོ་ཡི་སྣོག་ལས་བྱེད་རྒྱུར་ཡེ་ནས་མི་བྱང་བའི་བདག་ལ་མཚོན་ན་འདི་ལྟར་མི་བརྗོད་ཐབས་མེད་ལགས་ཏེ། འགྲིག་གི་བསམ་མཁན་ཚོས་ཡིན་འཇོག་བྱ་འོས་ཤིང་མི་འགྲིག་འདོད་ན་ནི་ལུགས་འཆད་ཅིང་ལུང་དྲངས་ཏེ་དགག་ན་འཐད། ཡིན་ཡང་། ངས་ནི་ཁེ་ཕན་དང་ངོ་ཐང་གི་ཆེད་དུ་རང་ཉིད་བོར་འགྲོ་ལ་སྒོར་མོ་དང་གོ་ས་ཡི་དོན་དུ་མི་རིགས་བརྗེད་སྲིད་མཁན་ཚོའི་སྐད་ཆ་ལ་ཁ་ཡ་དང་དོ་སྣང་དེ་ཙམ་བྱེད་མི་འདོད་ལ་བྱེད་རིན་ཡང་མེད། ལྷག་ཏུ། ངས་ནི་རིག་གནས་ཤིག་གི་ངོས་ཟུར་དང་། འཐེན་འཁྱེར་ཞིག་གི་ཆགས་སྟངས། ཕྱོགས་རིས་ཤིག་གི་ཉམས་ཉེན། མི་རིགས་ཤིག་གི་འཕེལ་འགྲིབ། དུས་རབས་ཤིག་གི་རླབས་རྒྱུན། རྒྱུན་ཤེས་ཤིག་གི་ཆགས་འཇིག བོད་མི་ཚོ་ཡི་དྲན་ཕྱོགས་བཅས་གླེང་བ་ལས་གཞན་ཅི་ཡང་མིན་པས་མི་ཤེས་བར་སྨྲ་མཁན་དང་ཟེར་སྒྲོས་ཀྱི་རྗེས་འབྲངས་མཁན་གྱི་མི་བུ་ཡན་གར་བ་རེས་བསྡུས་གྲྭའི་རིག་འཕྲུལ་གྱི་རྩོད་པ་ཨུ་ཚུགས་འཕངས་ཏེ་མགོ་བོ་ཉོག་བྱེད་ཀྱི་ཁ་གཡར་སའི་རྒྱུ་རྐྱེན་མ་འཚོལ་ཨང་། ཡང་ཁ་ཡར་གྲགས་མར་གྲགས་ཚང་མར་ཁམས་པའི་མི་རིགས་དང་ཁམས་པའི་རིག་གནས་ཞེས་བརྗོད་པ་དེར་ཁོ་བོས་ཞིབ་ཀྱིས་དཔྱད་ཅིང་ཡུན་གྱིས་བསམ་ན་དེ་ལྟར་བརྗོད་ཀྱིན་ཡོད་པ་ནི་ཡར་རྒྱས་ཀྱི་མཚོན་རྟགས་ཤིག་དང་འཕེལ་རྒྱས་ཀྱི་གྲུབ་ཆ་ཞིག་ཏུ་ཀུན་ནས་མི་མཐོང་པར་མ་ཟད། ལྡོག་སྟེ། ཨ་ཞང་ཚང་གི་སྒེར་གཅོད་ཀྱི་ལག་ཆ་གལ་ཆེན་ཞིག་དང་གཡོ་སྒྱུ་ཡི་ཐབས་ཇུས་ཡ་མེད་ཅིག་ཏུ་འགྱུར་གྱིན་པ་མང་དག་ཅིག་གིས་ད་དུང་ཡང་ཧ་གོ་ཡི་མི་འདུག བློས་ཕོག་གིན་མི་འདུག རྒྱུས་ལོན་གྱིན་མི་འདུག གཏིང་ཤེས་ཀྱིན་མི་འདུག ད་དུང་བོད་ཀྱི་མཁས་མིང་འཛིན་པའི་མཁས་པ་གྱིམ་པོ་སྐོར་ཞིག་གིས་ཁམས་པའི་རིག་གནས་ཞིབ་འཇུག་གི་མིང་གཡར་ཏེ་ཨུ་ཚུགས་ཀྱི་སྒོ་ནས་ཁམས་པའི་རིག་གནས་ནི་བོད་ཀྱི་རིག་གནས་ཀུན་གྱི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ཚུལ་འཆད་ཀྱིན་འདུག་མོད། དོན་ངོ་མར་བཤད་ན་ཁམས་པའི་རིག་གནས་ཞེས་པ་ནི་གང་འདྲ་ཞིག་ལ་གོ་དགོས་པ་དང་དེའི་ཁྱབ་ཁོངས་གང་འདྲ་ཡིན་པའི་བློ་ས་ཕུད་མི་འདུག་པས་ཁོ་བ་ཚོའང་ཉོག་མི་འདུག་གམ་སྙམ་བྱུང་། ཕྱོགས་ཞེན་དང་དབྱེ་དགར་གྱི་ནད་རྙིང་དེའི་ཁྲོད་ནས་ཨ་མདོའི་རིག་གནས་ཞིབ་འཇུག་ཅེས་པའང་བྱུང་དང་འབྱུང་གིན་འདུག་ལ་མི་འགྱངས་བར་ཁྱབ་ཁོངས་དང་དབྱེ་མཚམས་དབེན་པའི་ལྷ་སའི་རིག་གནས་ཞིབ་འཇུག་ཁང་ཞེས་པ་ཞིག་ཀྱང་མི་འབྱུང་བའི་ངེས་པ་ཁྱོན་ནས་བྲལ། འདི་ལྟ་འདི་ལྟར་མི་ལོ་མང་པོ་ཞིག་འགོར་རྗེས་མདོ་དབུས་ཁམས་གསུམ་ཡང་མི་རིགས་མི་འདྲ་བ་གསུམ་དང་མི་རིགས་མི་འདྲ་བ་དེ་གསུམ་པོ་ལ་སྐད་རིགས་དང་ཡུལ་སྲོལ་གོམས་གཤིས་དང་རིག་གནས་དང་སེམས་ཁམས་ཀྱང་ཡོངས་སུ་མི་འདྲ་བ་རེ་མི་འབྱུང་བའི་ངེས་པ་མེད་པར་འདོད་དོ།།

ཉེ་ཆར་ཞིག་ལ། ཀྲུང་དབྱང་གིCCTVག་གེ་མོ་ཞིག་ནས་ཁམས་བདེ་ཆེན་ནས་སླེབས་ཤིང“གངས་རིའི་གླུ་མ”ཡ་མེད་ཅིག་དང་བོད་ཀྱི་མཛེས་མ་བླ་མེད་ཅིག་ཏུ་ཁས་འཆེས་པའི་བཅིངས་འགྲོལ་སྒྲོལ་མ་རུ་འབོད་པའི་གཞས་མ“གྲགས་ཅན”དེས་འདི་སྐད་ཐལ་བ་ཁྱོད་ཚོའི་སེམས་ནའང་གསལ་ལྷང་ངེར་ལོས་ཡོད་ཨང་། ཁོ་མོས་རྒྱ་སྐད་ཀྱིས་བཤད་རྒྱུར། ༼我们康巴民族的歌舞不像别的藏族的歌舞......༽ང་ཚོ་ཁམས་པའི་མི་རིགས་ཀྱི་གླུ་གར་ནི་བོད་མི་རིགས་གཞན་གྱི་གླུ་གར་དང་མི་འདྲ་ཞེས་བརྗོད་སོང་། མདོ་དབུས་མཐོ་སྒང་གི་བོད་ཡུལ་འདི་ན་བོད་མི་རིགས་ཅི་འདྲའི་མང་བ་ལ་ཨང་། འདི་ནི་བོད་ཀྱི“གླུ་མ”ཞིག་གིས་ཀྲུང་དབྱང་གི་འཁོར་སྐར་བརྙན་འཕྲིན་བརྒྱུད་དེ་དངོས་སུ་བཤད་པའི་སྐད་ཆ་རེད། འདི་ནི་བོད་ཀྱི“གླུ་མ”ཞིག་གིས་གླུ་གར་སྒྱུ་རྩལ་ལ་བཅངས་བའི་ལྷག་བསམ་དང་རང་རེ་མི་རིགས་ལ་བཅངས་བའི་བརྩེ་དུངས་ཤིག་རེད། འདི་ནི“བོད”ཀྱི་གླུ་མ་དེའི་ཁྱད་འཕགས་ཡོན་ཏན་ལས་བྱུང་ཞིང་འགན་ཁུར་འདུ་ཤེས་ལས་ཐོན་པའི་བསམ་བློ་རྣལ་མ་དང་ནང་སྙིང་ངོ་མ་ཞིག་རེད། འདི་ནི་ཏག་ཏག“བོད”ཀྱི་གླུ་མ་རུ་འབོད་པའི་བུད་མེད་ཡག་མ་དེའི་ངོ་གདོང་རེད། སེམས་གཤིས་རེད། ཡོད་ཚད་ཀྱི་ཡོད་ཚད་རེད། ཁོ་མོས་དེ་ལྟར་བརྗོད་རྗེས། ངའི་སྙིང་མགོར་ཙག་ཤད་ཅིག་རྒྱུག་ཅིང་ངའི་ལུས་སྟེང་གི་བུ་སྤུ་སོགས་ཀྱང་གཟེངས་གཟེངས་སུ་བྱས་གིན་འདུག་པའི་ཚོར་སྣང་སྟེར་ལ། ཞོར་དུ་དེ་དང་དེ་ལྟ་བུའི་བོད་ཀྱི་གླུ་བ་གླུ་མ་དག་གི་བསམ་བློ་ཡི་ཟབ་ཚད་དང་མི་གཞི་ཡི་ལྗིད་ཚད་ཤེས་འོང་ལ། ཡོན་ཚད་ཀྱི་མཐོ་དམའ་དང་གཤིས་ཀ་ཡི་བཟང་ངན་ཡང་ཞོར་དུ་མཐོང་འོང་། གཞན་ད་དུང་སློབ་ཆུང་གི་ཆུ་ཚད་ཀྱང་མེད་པའི་གླུ་བ་གླུ་མ་སྐོར་ཞིག་གིས་པིར་མིང་རྫིག་པོ་རེ་བཏགས་ནས་ཅི་ཞིག་ཡིན་མདོག་ཁ་བོས་མི་རིགས་དང་སྒྱུ་རྩལ་ལ་དུང་བ་ཟབ་ཁུལ་གྱིས་ལས་དེར་ཞུགས་ན་ཡང་ངས་བསམ་ན་ཕུང་གསུམ་པའི་སྡེ་དེ་དག་གིས་ད་དུང་སྒྱུ་རྩལ་དང་མི་རིགས་ཞེས་པར་གོ་བ་ཅི་ཡང་ལོན་གྱིན་མི་འདུག་པར་མ་ཟད་ལྡོག་སྟེ་བོད་མི་རིགས་ཀྱི་གླུ་གར་སྒྱུ་རྩལ་དང་རྗེས་རབས་པ་དག་གི་སེམས་ཁམས་ལ་གནོད་བསྐྱལ་གྱིན་འདུག དམའ་ཕབ་ཀྱིན་འདུག་ཅེས་བརྗོད་ན་འདོད། འདི་ལྟ་བུའི་འགན་ཁུར་འདུ་ཤེས་ཀྱིས་སྟོངས་ཤིང་བསྐྱར་ལེན་ཚིག་བརྐུ་ལ་འཐམས་པའི“གངས་རིའི་གླུ་བ་གླུ་མ”དག་མང་དུ་བྱུང་ཚེ་ད་ཅི་ལྟར་བྱེད་དགོས་སམ་སྙམ་པའི་སེམས་ཁུར་བརྗོད་མི་ཤེས་པ་ཞིག་དང་ན་ཟུག་བཟོད་དུ་མི་བཏུབ་པ་ཞིག་ཀྱང་ནམ་རྒྱུན་སྐྱེས་འོང་གིན་འདུག སྤྱིར་བཤད་ན་དྲན་རྟོག་དང་བསམ་གཞིག་མེད་ལ་སྒལ་ཚིགས་དང་མི་གཞི་མེད་པར་བྲན་གཡོག་གི་གླུ་དང་རྒྱལ་བསྟོད་ཀྱི་གླུ་ལེན་པར་ཐེ་ཚོམ་མི་སྐྱེས་ཤིང་དོགས་པ་མི་ཟ་བར་སྒོར་རྡོག་འགའི་དོན་དུ་རང་གི་ངོ་གདོང་དང་རུས་མིང་བརྗེད་དེ་མི་རིགས་དང་མེས་པོ་དག་རླུང་ལ་བསྐུར་མཁན་གྱི་གླུ་བ་དང་གླུ་མ་ནི་མདོ་སྟོད་མདོ་སྨད་དབུས་གཙང་གང་ཡིན་ཡང་མང་པོ་འདུག་པས་རྣམ་པ་ཚོས་ཞིབ་ཀྱིས་དཔྱོད་དང་ཡུན་གྱིས་སོམས་དང་ཤེས་འོང་ནི་ཞིག་རེད། དེ་དང་འབྲེལ་ཏེ། ད་དུང་བདག་གི་བློ་ངོ་ལ་མི་མཛེས་ཤིང་སེམས་ངོ་ལ་མི་འཕྲོད་པ་གཞན་ཞིག་ནི“ཁམས་པའི་བོད་སྐད་བརྙན་འཕྲིན་ཁང”གི་ལེ་ཚན་གྱི་མིང་འདོགས་ཚུལ་འགའ་སྟེ། “བྱམས་པའི་ཁ་བརྡ”དང“འཆི་མེད་ཀྱི་གླེང་མོལ”དང“ལྷ་མོའི་གནམ་གཤིས་ཁང”དང་“ཁམས་པའི་གླུ་གར་གླིང”སོགས་ཀྱི་ནང་ཁུལ་སྒེར་གཅོད་དང་ས་ཕྱོགས་དབྱེ་དགར་གྱི་བསམ་བློས་བཅིངས་བའི་རིགས་དག་རེད་འདོད། འདི་ལྟར་ཀུན་གྱི་མིག་དབང་གསོ་མཁན་དང་ཡིད་དབང་འགུག་མཁན་གྱི་ཁྱེད་མདོ་འཛིན་པ་དག་གིས་མུ་མཐུད་དུ་རང་མིང་ལེ་ཚན་དུ་སྤྱོད་རྒྱུར་མང་དྲགས་པ་དང་དབྱེ་དགར་བསམ་བློས་བཅིངས་དྲགས་ཏེ། ཁམས་པ་ཡི་འདི་དང་ཨ་མདོ་ཡི་གན། དབུས་གཙང་གི་དེ་ཞེས་བརྗོད་རྒྱུ་དང་དགར་རྒྱུ་དང་དབྱེ་རྒྱུ་དང་གཡུག་རྒྱུ་མང་དུ་བྱུང་ཚེ་མི་འགྱངས་བར་འུ་ཚང་གི་སྒང་བ་མི་རིགས་འདི་དངོས་གནས་མི་རིགས་མི་འདྲ་བ་དུ་མ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཁྱོན་ནས་མེད་པར་ཁོ་བོས་ཁ་ཚོན་བཅད་དེ་སྨྲ་ན་འདོད་དོ།།

རིགས་གཅིག་དབྱེ་དགར་གྱི་དཔེ་མཚོན་ལ་འདི་ལྟར་འཇོག་འདོད་དེ། དཔེར་ན། ཁམས་པའི་གླུ་གཞས། ཁམས་པའི་ཞབས་བྲོ། ཁམས་པའི་བུ་མོ། ཁམས་པའི་རིག་གནས། ཁམས་པའི་ཚགས་པར། ཁམས་པའི་འཛུམ་རིས། ཁམས་པའི་ཕོ་རྒོད། ཁམས་པའི་སློབ་གསོ། ཁམས་པའི་དྲ་བ། ཁམས་པའི་སློབ་གླིང། ཁམས་པའི་ལོ་གསར། ཁམས་པའི་བརྙན་འཕྲིན་སོགས་ཀྱི་མིང་འདོགས་ལུགས་དེར་བསམ་ན་དངོས་གནས་བོད་འདི་མི་འགྱངས་བར་མི་རིགས་གསུམ་མམ་བཞི། ལྔའམ་དྲུག་ཏུ་མི་འགྱུར་བའི་ངེས་པའང་ཁྱོན་ནས་མེད་པ་ལ་ད་ལྟ་ནས་ཞིབ་འདང་རྒྱག་དགོས་ཚོད་རེད་འདོད། འདས་ཟིན་ལ་ཕྱིར་རྟོག་བྱེད་འོས་ཚོད་རེད། དེ་ལྟར་བརྗོད་པ་ལའང་རྒྱུ་མཚན་ཡོད་དེ། བརྗེད་ཆུ་འཐུང་བར་མོས་ཤིང་རྗེས་དྲན་བྱེད་པར་མི་དགའ་བས་རིག་གནས་ཀྱི་དྲན་པ་མི་མངའ་བའི་སྤྱི་ཚོགས་འདི་ནས་རྫུན་གཏམ་གཅིག་ཐེངས་མང་པོར་བཟླས་ན་ངོ་མ་རུ་འགྱུར་སླ་བས་སོ།།

གལ་ཏེ་བོད་ནས་མིང་འདོགས་ལུགས་ཡོད་ཚད་གོང་གི་དེ་ལྟ་བུ་ལ་བསྟུན་དགོས་ཚེ། ང་ཚོས“གངས་རྒྱན་ན་ཆུང་ཚགས་པར་ཁང”ལ“ཨ་མདོའི་ན་ཆུང་ཚགས་པར་ཁང”དང་། “བོད་ཀྱི་སློབ་གསོ”ཞེས་པའི་དེབ་དེར“ཨ་མདོའི་སློབ་གསོ”དང་། “བོད་ལྗོངས་བརྙན་འཕྲིན་ཁང”ལ“དབུས་གཙང་བརྙན་འཕྲིན་ཁང” “མཚོ་སྔོན་དགེ་ཐོན་སློབ་ཆེན”ལ“ཨ་མདོ་དགེ་ཐོན་སློབ་ཆེན” “ལྷོ་ནུབ་མི་རིགས་སློབ་ཆེན”ལ“ཁམས་པའི་མི་རིགས་སློབ་ཆེན” “ནུབ་བྱང་མི་རིགས་སློབ་ཆེན”ལ“ཨ་མདོའི་མི་རིགས་སློབ་ཆེན” “མཚོ་སྔོན་བརྙན་འཕྲིན་ཁང”ལ“ཨ་མདོའི་བརྙན་འཕྲིན་ཁང”ཞེས་གདགས་དགོས་ཚོད་དུ་སྣང་ལ། “སྦྲང་ཆར”དུས་དེབ་ལའང་“ཨ་མདོའི་སྦྲང་ཆར”དུས་དེབ་སོགས་གདག་རྒྱུ་ལས་མ་འདས་སོ།།

དེ་བས། འཁྱོགས་གཟུགས་ཀྱི་རྩ་དོན་རིང་དུ་དོར་ཞིང་བདེན་གཏམ་གྱི་སྐད་ཆར་ཀུན་ནས་གཞོལ་བའི་ཁོ་བོས་ཀྱང་ས་ཕྱོགས་རང་བཞིན་གྱི་འཐེན་འཁྱེར་དང་མདོ་དབུས་ཁམས་གསུམ་གྱི་དབྱེ་འབྱེད་རིང་ལུགས་དང་རིང་དུ་གྱེས་ཏེ་གོང་གི་མིང་འདོགས་ལུགས་ཀྱི་ཐད་ནས་བསམ་གཞིག་གནད་དུ་ཐིངས་བ་རེ་དང་དཔྱོད་ཤེས་ཡིད་དུ་འཐད་པ་རེ་ཟེར་ན་དཀའ་མོ་ཡིན་མོད། བློ་ལྡན་དང་མགོ་ལྡན་དང་སེམས་ལྡན་དང་དཔྱོད་ལྡན་དག་གིས་ཀྱང་འདིའི་ཕྱོགས་ནས་ཕྱོགས་སུ་མི་ལྷུང་ལ་རིས་སུ་མི་གཅོད་ཅིང་སྒེར་གྱིས་སྒེར་གཅོད་མི་བྱེད་པར་ཤུགས་དྲག་པའི་འགན་ཁུར་དང་ཡང་དག་པའི་འདུ་ཤེས་དང་བརྟོན་རུང་བསམ་བློ་ཡོད་པའི་སྒོ་ནས་ལྟ་ཚུལ་དང་དྲན་ཚུལ་དག་སྦ་གསང་མེད་པར་བརྗོད་འོང་ཚེ་ཡང་དག་པའི་ལམ་དུ་འགྲོ་བར་ཐེ་མི་ཚོམ།

གཞན། “མཚོ་སྔོན་གླུ་གར་བརྙན་འཕྲིན་ཁང”ཚང་གི་མདོ་འཛིན་པ་འགས་ཀྱང་འཆད་ཁྲིད་དང་གླེང་སྟེགས་ལེ་ཚན་གྱི་སྐབས་སུ་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་བ་དང་གདན་ཞུས་སྐུ་མགྲོན་སོགས་ལ་བརྗོད་གཞི་དང་འབྲེལ་བའི་བཅར་འདྲིའང་བྱེད་མི་ཤེས་པར་ལུག་དང་ཕག་དང་རྟོལ་དང་འདྲ་བའི་མདོ་འཛིན་པ་མང་དག་ཅིག་གིས་རང་ཉིད་ཅི་ཞིག་ཡིན་མདོག་གིས་གཞན་ཁ་རང་འཕྲོག་བྱེད་དེ་རང་གིས་མཁས་མདོག་སྟོན་པ་ནི་ང་གཅིག་པུར་མ་ཡིན་པར་མང་མང་གིས་བསམ་འཆར་ཡིན་པས་ཅིས་ཀྱང་གཟབ་དགོས་པའི་གནས་སུ་འཁུམས།

“བོད་ལྗོངས་ཆབ་སྲིད་བརྙན་འཕྲིན་ཁང”ནི་དེ་བས་ཀྱང་གླེང་མི་འདོད་པ་ཀུན་གྱིས་ཤེས་ནི་རེད། ནམ་ཡང་རྒས་རྒྱུ་དང་འཆི་རྒྱུ་མེད་པའི་གླུ་མ་དམར་མོ་མ་ཚེ་བརྟན་སྒྲོལ་མ་དང་ཨ་ཡེ་ཧོན་ལོག་མ་ཧན་ཧོན་སོགས་སྒལ་ཚིགས་དང་རང་ཚུགས་བོར་བ་དག་གི“བྲན་གླུ”དང“སྙིགས་གླུ”དང“བསྟོད་གླུ”རྐྱང་རྐྱང་གིས་ཁེངས་ཡོད་པས་འདིར་ལྷག་བརྗོད་ཀྱི་ངལ་བ་མང་པོ་བསྟེན་རྒྱུ་མིན་ལ་ཤོག་གྲོན་གྱི་འཕྲོ་བརླག་ཀྱང་བྱ་མི་འདོད་པ་ཡིན་ནོ།།

ད་དུང་བཤད་རྒྱུ་ཞིག་ལ། དུས་ད་ལྟར“ཁམས་པའི་བོད་སྐད་བརྙན་འཕྲིན་ཁང”ཞེས་པ་དེར་སྐབས་འགའ་རེར“ཁམས་པའི་རྒྱ་སྐད་བརྙན་འཕྲིན་ཁང”ཞེས་བོས་ཀྱང་ཁོ་བོས་ཐལ་མི་ཆེ་བར་འདོད་དེ། རྒྱུ་མཚན་ནི། བོད་སྐད་ཀྱིས་བསྒྲུབ་ཆོག་ཆོག་གི་ལེ་ཚན་མང་པོ་ཞིག་རྒྱ་སྐད་དག་མ་དང་རྒྱ་ཡིག་དངོས་མ་ཡིས་སྒྲུབ་ཀྱིན་ཡོད་པས་ཡིན། དོན་ངོ་མ་འུ་ཚོ་ལ་སྐད་ཡིག་གི་བདག་དབང་མ་བྱིན་པ་རེད་དམ། ཡང་ན་རང་ཅག་གིས་དེ་ཉིད་ལག་བསྟར་བྱེད་མ་ཤེས་པ་རེད། ཡིན་ཡང་ཚང་མས་ཤེས་དགོས་པ་ཞིག་ལ་ངས་རྒྱ་སྐད་དང་རྒྱ་ཡིག་མ་སྦྱོངས། དེས་གོ་མི་ཆོད་ཅེས་བརྗོད་ཀྱིན་ཡོད་མེད་ཤེས་ན་འགྲིག་པས་ཚོད་མེད་དུ་ཞྭ་ནག་པོ་རེ་སྐོན་མ་འོང་། ལྷག་ཏུ“ཁམས་པའི་བོད་སྐད་བརྙན་འཕྲིན་ཁང”ཞེས་པའི་མིང་འདོགས་ལུགས་དེར་བསྒྱུར་བཅོས་མི་གཏོང་བར་མུ་མཐུད་དུ་ཕྱོགས་རིས་འཐེན་འཁྱེར་རིང་ལུགས་ཀྱི་ཤེད་ཤུགས་ཆེ་དྲགས་པ་དང་ས་ཕྱོགས་དབྱེ་འབྱེདརིང་ལུགས་ཀྱི་འདུ་ཤེས་ཤུགས་དྲགས་ཚེ་མ་འོངས་བ་ན་རང་རེའི་བོད་པ་སྤྱིའི་འདུ་ཐུན་མོང་གི་འདུ་ཤེས་འཛིན་སྟངས་ལ་གས་ཆགས་ཤོར་འགྲོ་བ་དང་སེར་ག་གས་འགྲོ་བའི་སེམས་ཁུར་ཅུང་ཆེ། འདི་ལྟར་མུ་མཐུད་དུ་སོང་ཚེ“མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང”ལ“ཨ་མདོའི་བོད་སྐད་བརྙན་འཕྲིན་ཁང”དང་ཡང་ན“མཚོ་སྔོན་གླུ་གར་བརྙན་འཕྲིན་ཁང”ཞེས་དང་། “བོད་ལྗོངས་བརྙན་འཕྲིན་ཁང”ལའང“དབུས་གཙང་བོད་སྐད་བརྙན་འཕྲིན་ཁང”དང“ལྷ་སའི་ཆབ་སྲིད་བརྙན་འཕྲིན་ཁང”ཞེས་མི་བརྗོད་པའི་ངེས་པའང་ཁྱོན་ནས་མེད་པར་འདོད། བོད་པ་ཚོ་ལད་ཟློས་ལ་དགའ་ཆེ་ཞིང་ཕྱོགས་ཞེན་ལ་དུངས་དྲགས་པས་བརྙན་འཕྲིན་ཁང་གཞན་པ་དག་གིས་ཀྱང་“བྱམས་པའི་ཁ་བརྡ”དང“འཆི་མེད་ཀྱི་གླེང་མོལ”དང“ལྷ་མོའི་གནམ་གཤིས་ཁང”སོགས་ཀྱི་རྒྱུན་སྐྱོང་ངེས་རེད། དེ་ལྟ་དེ་ལྟར་ལེ་ཚན་སོ་སོའི་བརྗོད་དོན་སྟོན་མི་ཐུབ་པའི་ཐ་སྙད་ཡིད་དུ་མི་འོང་བ་དེ་དག་རྒྱུན་སྤྱོད་བྱེད་དེ་རྒྱུན་འབྱམས་སུ་སོང་ཚེ་མི་འགྱངས་བར“མཚོ་སྔོན་བརྙན་འཕྲིན་ཁང”གིས་ཀྱང“འཕགས་མོ་རྡོ་རྗེའི་གསར་འགྱུར”དང“སྒྲོལ་མ་ཡི་བདེ་ཐང་མཛུབ་སྟོན” “བྱམས་བཀྲ་ཡི་གླེང་སྟེགས་ལེ་ཚན” “བཀྲ་ལོ་ཡི་ཁ་བརྡའི་ལེ་ཚན” “སྒྲོལ་མ་ཡི་འཚོ་བའི་ལམ་ཡིག” “ཚེ་སྒྲོན་གྱི་བྱིས་པའི་དགའ་ཚལ”ཞེས་རང་མིང་ལེ་ཚན་དུ་སྤྱོད་པའི་ཐ་སྙད་དང་མགོ་གཟེར་རྒྱག་པའི་མིང་ཚིག་གིས་བཀང་ཐལ་ཆེ་ན་ཐམས་ཅད་ཀྱི་ཡི་ག་ཆད་འགྲོ་བའི་རྒྱུ་ལས་མ་འདས་སོ།།

ངས་དེ་ལྟར་བརྗོད་དོན་ནི་ད་ལྟ་ས་ཆ་ཀུན་ན་ཁམས་པའི་འདི་དང་ཁམས་པའི་གན་ཞེས་རང་ཉིད་བོད་ཁུངས་ནས་འབུད་གྲབས་བྱེད་པའི་རྣམ་པ་འདི་མཐོང་བ་རྐྱེན་བྱས་པ་གཞི་གཞག་གིས་དང་། ད་དུང་བོད་ཀྱི་ས་ཆ་གཞན་དང་གཞན་ནའང་འདི་ལྟ་བུའི་སྣང་ཚུལ་ངན་པ་ཡོད་པར་དམིགས་ཏེ་བོད་སྤྱི་ལ་ཐག་ཉེ་བའི་མིང་རེ་བཏགས་ཤིང་ཆིག་སྒྲིལ་གཅིག་མཐུན་ལ་གཞོལ་ཏེ་རི་ཁ་བ་ཅན་ལ་ཁ་བྲལ་གྱི་ཐན་སྐད་ཉུང་དུ་གཏོང་དགོས་ཞེས་པ་ལས་ནང་ཁུལ་དབྱེན་དཀྲུགས་དང་ཕན་ཚུན་ཕྲ་མ། ས་ཁུལ་དབྱེ་དགར་དང་སྤུན་ཟླ་ནང་དམེ། གསོད་རེས་གཏུབ་རེས་དང་ས་དགེ་བཀའ་རྙིང་སོགས་ཀྱི་འཐེན་འཁྱེར་གྱི་ལས་ལ་སྦྱོར་འདོད་པའི་ཀུན་སློང་མ་དག་པ་ནི་ད་ལྟ་མེད་ལ་མ་འོངས་པར་ཡང་ཡོད་མི་སྲིད་པ་ནི་རྩོམ་འཁྱོག་འདི་ཀློག་མཁན་རྣམས་ཀྱིས་ཐོག་མ་ནས་ཤེས་དགོས་པར་སྐུལ་མ་བཏང་ཡོད།

ད་ནི་ང་ཚོས་བསམ་བློ་གཏོང་རན་པའི་དུས་ལ་ཐོན་ཡོད། ད་ནི་ང་ཚོས་གོམ་ཁ་བསྒྱུར་རན་པའི་དུས་ལ་ཐོན་ཡོད། ད་ནི་ང་ཚོས་ཅིས་ཀྱང་ཁོར་ཡུག་འདི་གཤགས་བཅོས་བྱེད་དགོས་པའི་དུས་ལ་ཐོན་ཡོད། ད་ནི་ང་ཚོས་གསར་གཏོད་གསར་བསྙེག་བྱེད་དགོས་པའི་དུས་ལ་ཐོན་ཡོད། ད་ནི་་་་་་

མགོ་སྔ་མེད་པའི་རྩོམ་འཁྱོག་འདི་འདྲ་ཞིག་འབྲི་རྐྱེན་ནི་ཁམས་པ་དང་ཁམས་པ་ཞེས་ཁ་ཁར་བཀར་ཏེ་རྒྱང་དུ་འཕུད་འདོད་ཀྱི་བསམ་པས་ཀུན་ནས་བསྡམས་མེད་ལ། ཡང་ཨ་མདོ་དང་ཨ་མདོ་ཞེས་གམ་དུ་ལེན་འདོད་ཀྱི་ཀུན་སློང་ཡང་ཀུན་ནས་བྲལ། ད་དུང་ལྷ་ས་དང་ལྷ་ས་ཞེས་གཙུག་ཏུ་བཀུར་ནས་མཆོད་པ་རྒྱ་ཆེར་བཤམས་འདོད་པ་དེ་བས་ཀྱང་མིན། ཡིན་རྒྱུ་ནི། རིག་གནས་ཀྱི་ངོས་གཙང་མ་ཞིག་དང་ཕ་སྐད་ཀྱི་རྒྱུན་ངོ་མ་ཞིག་གིས་སྣེ་ནས་བཟུང་སྟེ། ཕྱོགས་རིས་དང་འཐེན་འཁྱེར་དོར་རྒྱུ་དེ་ལས་ཅི་ཡང་མེད་པས་ན་དེ་དག་ཀློག་པ་པོ་ཚོའི་ཡིད་ལ་འཇགས་པར་འཚལ། གཞན། མི་སྐྱོན་བཤད་དགོས། ཤིང་སྐྱོན་གཞོག་དགོས་ཞེས་པ་ནང་བཞིན། གལ་ཏེ་མ་འཇོན་ས་དང་མ་འཁྱོངས་སའི་སྐྱོན་མཐེ་བོང་ཙམ་ཞིག་ཡོད་ནའང་འདིའོ་དང་གན་ནོ་དང་དེའོ་ཞེས་སྟོན་དང་ངས་ནི་ཀུན་སློང་གཙང་དག་ཅིག་དང་རིག་གནས་དཀྱེལ་ཡངས་ཤིག་གི་ཁྲོད་ནས་དང་ལེན་དང་ཁས་ལེན་བྱེད་ངེས་ཡིན་ལ། འགྱོད་གཤགས་ལ་ལག་ལེན་ཡང་བྱེད་ངེས་ཡིན། མཇུག་མཐར་གལ་བོ་ཆེ་ལ་ནན་བཤད་དང་ཟབ་མོ་ཆོས་ལ་བརྒྱ་ཚར་གྱིས་ཚུལ་དུ། ངས་ནི་རིག་གནས་ཤིག་གི་ངོས་ཟུར་དང་། འཐེན་འཁྱེར་ཞིག་གི་ཆགས་སྟངས། ཕྱོགས་རིས་ཤིག་གི་ཉམས་ཉེན། མི་རིགས་ཤིག་གི་གླེན་རྟགས། དུས་རབས་ཤིག་གི་འགྲོ་སྟངས། བོད་མི་ཚོ་ཡི་རྨོངས་དད་བཅས་གླེང་བ་ལས་ཅང་མིན་པས་མི་བུ་ཡན་གར་བ་རེས་བསྡུས་གྲྭའི་རིག་འཕྲུལ་གྱི་རྩོད་པ་འཕངས་ཏེ་མགོ་བོ་ཉོག་བྱེད་ཀྱི་རྒྱུ་རྐྱེན་མ་འཚོལ་ཨང་། ལྷག་ཏུ་མདའ་མེད་པར་སྟག་མོ་སོད་སོང་ཁུལ་དང་རྙི་མེད་པར་གླ་བོ་ཟིན་སོང་ཁུལ་གྱི་གཏམ་རྫིག་རྫིག་དང་ངར་ལངས་ལངས་མི་བྱེད་པར་རེ་བ་བརྒྱ་དང་ཞུ་བ་སྟོང་ཞུ་ཞུ། རྒྱུ་མཚན། ངས་ནི་རང་དོན་ཁོ་ན་ཞིག་གླེང་གིན་མེད་པ་དང་། གལ་ཏེ་གསོང་བོར་བརྗོད་པའི་གཏམ་འདིས་སུ་དང་གང་ལ་ཕོག་ཐུག་འདྲ་རེ་བཟོས་ཡོད་ཚེ་མཐོལ་ལོ་བཤགས་སོ།།

2013ལོའི་ཟླ2པའི་ཚེས1ཉིན།

Top Modifications to Deadly Weapons
VIDEO PORNO XXX Did it only make the list because it currently airing

TYPE sports car with Damian Lewis
Wedding Dresses While there is no fixed schedule for these

Old Fashion Recipes for Pumpkin Pie Squares and Pumpkin Bars
VIDEOS PORNO Here are a few things to keep in mind

Hats and Jackets Spring 1932
Download Free Games The movie does a great job of showing that versatility

Fashion at ACM Country Music Awards 2010 photos
Kostenlose Pornos von aeropostale supervision considers q4 2012 final

Fashion Blogger to Online Retail Store
PORNO FRANCAIS village top

9 Houses You Won't Believe People Actually Live In
Tube XXX ensure that it fits you comfortably and securely

Old fashion homemade chicken and dumpling
Free Porno Wife 1920s ebony girl trends
བསྟོད།7

抱歉,评论已关闭!