དུས་རབས་དང་མཐུན་པའི་གོམས་སྟབས།

འུག་པ།

༼ ཕ་ཡུལ་ལ་འཁྲེང་བའི་སེམས་པ༽ ལས། སྐད་ཡིག་གི་སྐོར།

དེའང་སྤྱི་ལོའི་ཡར་སྔོན་གྱི་མི་ལོ་སུམ་སྟོང་དགུ་བརྒྱ་ཡས་མས་སུ་མངའ་མཛད་སྣོད་སྦྱིན་ནག་པོའི་མཐུ་སྟོབས་ཀྱི་ཞབས་ཟུང་བསིལ་ལྗོངས་བྷོ་ཊའི་དབུའི་གཙུག་ཕུད་དུ་བཀོད་པའི་ཉིན་དང་པོ་ནས་རང་ཅག་མེས་པོ་ཚོས་མི་རིགས་གཞན་དང་རྒྱལ་ཁབ་གཞན། ཚོ་པ་གཞན་དག་དང་འདྲ་བར་རང་རང་གི་ཁོངས་གཏོགས་འདུ་ཤེས་དང་། རིགས་ཞེན་གྱི་ཁོག་དཔུང་ཐོག་མར་བྱུང་ཞིང་། ལོ་རྒྱུས་ཀྱི་འཁོར་འགྲོས་མྱུར་མོའི་གོམ་སྟབས་རེ་རེའི་ཁྲོད་དུ། རླབས་ཆེན་གྱི་མི་བུ་དང་བྱས་ཅན་མི་སྣ་མི་ཉུང་བ་ཞིག་རིམ་གྱིས་བྱོན་ཞིང་། དེ་དག་གིས་རང་ཅག་གི་བདེ་སྡུག་དང་འཚོ་ཚིས། འཕེལ་གྲིབ་དང་དར་རྒུད་ཀྱི་གནད་ལ་སུས་ཀྱང་བསུབ་ཏུ་མེད་པའི་མཛད་རྗེས་ཀྱི་རི་མོ་ཅི་རིགས་པ་བཀོད་ཅིང་། ལོ་རྒྱུས་ཀྱི་ཀྱོག་མཚམས་རེ་རེའི་མདུན་དུ་རང་དང་རང་གི་ཁེ་འདོད་གྲགས་འདོད་ཀྱི་རེ་བ་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་རང་མི་རིགས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་ལེགས་པོ་རེ་ཨེ་རྙེད་ལ་འབུངས་ཡོད་པ་ལོ་རྒྱུས་ཀྱི་བྱང་ངོས་སུ་རྙིང་སོང་གི་ལྡེབས་རིས་རེ་རེ་བཞིན་རབ་རིབ་ཏུ་གསལ་ཡོད་པ་ཡིན།

དེ་བས་འུ་ཚོས་འཛམ་གླིང་སྤྱིའི་ལོ་རྒྱུས་ལ་བལྟས་ནའང་ཆོག བོད་རང་གི་སྔར་སོང་ལ་གཞིགས་ནའང་རུང་སྟེ། ལོ་རྒྱུས་ཀྱི་ཀྱོག་མཚམས་རེ་རེའི་ཁུག་སོ་རུ་ཉམ་ཆུང་ནུས་ཞན་གྱི་མི་རིགས་དང་རྒྱལ་ཁབ་གང་མང་ཞིག་གིས་ཕམ་ཁ་དང་ངོ་ཚ་རབ་དང་རིམ་པ་ཉོས་ཡོད་ལ། དེ་དག་ལས་ཀྱང་མང་པོ་ཞིག་ནི་མིང་གི་ལྷག་མར་འགྱུར་འགྲོ་བ་རེད། དེ་བས་སྙིང་སྟོབས་དང་ཤེས་རབ་ལྡན་པའི་མི་ཡི་ཚོགས་པ་མི་ཉུང་བ་ཞིག་ནི་ལོ་རྒྱུས་ཀྱི་ཀྱོག་མཚམས་གང་གི་མདུན་དུ་སྔོན་ཐོན་དང་གཟི་བརྗིད་ཀྱི་ཆོ་ལོ་སྟོང་ཕྲག་བདག་ཏུ་བཟུང་བའི་སྟོབས་ཅན་དུ་འགྱུར་འགྲོ་བ་ཡིན། དེའང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཧི་ཐི་ལེར་གྱིས་གཙོས་པའི་ན་ཙི་ཏང་གི་གདུག་རྩུབ་དང་དམར་གསོད་ཀྱི་འོག་ནས་སླར་ཡང་ཁ་ཐོར་དགུ་ཐོར་དུ་སོང་བའི་ཡ་ཧུ་དྰ་མི་རིགས་ཀྱིས་ཁོངས་གཏོགས་ཀྱི་འདུ་ཤེས་ཟབ་མོ་དང་། འཚོ་གནས་ཀྱི་འདུན་པ་དྲག་པོས་ཕྱི་ནང་གི་དཀའ་ཁག་རབ་དང་རིམ་པ་ཐོད་ཀྱིས་བརྒལ་བར་བྱས་ཏེ། དེང་གི་ཆར་འཛམ་གླིང་མི་རིགས་ཀུན་གྱིས་ཡིད་སྨོན་གྱི་མཆིལ་མ་ཁོང་དུ་མིད་པའི་དམིགས་འབེན་དུ་གྱུར་ཡོད་ལ། ཁོང་ཚོས་འགྲོ་བ་མིའི་རིགས་ཀྱི་ཡར་ཐོན་དང་འཕེལ་རྒྱས་ཀྱི་ཆེད་དུ་བླ་ན་མེད་པའི་བྱས་རྗེས་ཅི་བས་མང་བ་ཞིག་བཞག་ཡོད་པ་ནི་གཞན་དག་གིས་ཟུར་ཙམ་ཡང་མི་ནུས་པའི་ཚོད་ཡིན། ཡ་ཧུ་དྰ་མི་རིགས་དེ་ལོ་རྒྱུས་ཀྱི་ཀྱོག་མཚམས་དང་འཚོ་གནས་ཀྱི་འཇིག་ཉེན་མདུན་དུ་སླེབས་དུས་ཡོད་ཚད་ཀྱི་ཡོད་ཚད་མི་རིགས་ཀྱི་བདེ་སྡུག་དང་རིག་གནས་ཀྱི་དར་རྒུད་ཆེད་དུ་བློས་གཏོང་བའི་སྤོབས་པ་རྣོན་པོས་དབང་སྒྱུར་མཁན་གྱི་གདུག་རྩུབ་དང་ཧམ་སེམས་ཡོད་ཚད་ཞུམ་པར་བྱས་པས་ཀྱོག་མཚམས་དེ་ནི་ཡ་ཧུ་དྰ་མི་རིགས་ཀྱི་ངོས་ནས་བཤད་ན་ཆེས་རིན་ཐང་ལྡན་པ་ཞིག་ཏུ་གྱུར་ཡོད། ལྡོག་ཕྱོགས་ཀྱི་དཔེ་ཞིག་དྲངས་ན། འདི་ནས་ཡར་བརྩིས་པའི་ལོ་ཡི་འཁོར་མོ་སྟོང་ཕྲག་གཅིག་ལྷག་གི་གོང་རོལ་དུ་གདོང་དམར་སྲིན་པོའི་དམག་དཔུང་དུ་གྲགས་པའི་ཐུ་བྷོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་པོ་མཐའ་མ་ཁྲི་དར་མ་འུ་དུམ་བཙན་ནམ། གླང་དར་མར་འབོད་པ་དེས། སྐབས་དེའི་སྤྱི་ཚོགས་ཀྱི་ཉམ་རྒུད་དང་ཉེན་ཁར་དམིགས་ནས་ཐལ་དྲགས་པའི་ཆོས་བསྣུབས་ཀྱི་བྱ་ཐབས་ལག་ཏུ་བསྟར་བས། དབང་སྒྱུར་པ་ནང་ཁུལ་གྱི་འགལ་ཟླ་ཛ་དྲག་ཏུ་གྱུར་ཅིང་། ཆོས་བྱེད་མི་སྣའི་རྒོལ་ལན་གྱི་མདའ་མོས་འཛམ་གླིང་གི་གསུམ་ཆའི་གཉིས་ལ་དབང་སྒྱུར་མྱོང་སྐད་ཀྱི་བོད་བཙན་པོའི་རྒྱལ་རབས་དེ་རྩ་བ་རུལ་བའི་སྡོང་པོ་བཞིན་འགྱེལ་ཞིང་། ཐོག་གིས་གཏོར་བའི་བྲག་རི་ལྟར་སིལ་བ་སིལ་བུར་འཐོར་ནས། ནང་འཁྲུག་འཁོན་འཛིང་དང་། ཆོས་ལུགས་ཕྱོགས་རིས་ཁོ་ནའི་དབང་གིས་བོད་ཀྱི་ཉེ་རབས་ལོ་རྒྱུས་ནི་རང་མིས་བལྟས་ན་ངུ་བྲོ་བ་དང་། གཞན་གྱིས་མཐོང་ན་དགོད་འཆོར་བའི་སྐྱོ་གར་གྱི་འབའ་ཞིག་གིས་གྲུབ་པར་བྱས་ཡོད།

དེའི་རྒྱུ་རྐྱེན་ནི། བོད་སིལ་བུར་འཐོར་བའི་ལོ་རྒྱུས་ཀྱི་ཀྱོག་མཚམས་ཆེན་མོ་དེར་སླེབས་དུས། རང་ཅག་བོད་པ་ཚོས་རང་སྒེར་གྱི་ཁེ་ཕན་དང་། ཡུལ་ལུང་ཉི་ཚེ་བའི་ལ་རྒྱ། ཆོས་ལུགས་དད་མོས་ཀྱི་ཕྱོགས་རིས་དང་འཐེན་འཁྱེར་ཁོ་ན་ལས། མི་རིགས་འདི་དང་། མི་རིགས་འདིའི་རིག་གནས་དང་གོམ་སྲོལ། ས་ཁོངས་དང་བདག་དབང་སོགས་ཇི་ལྟར་སྲུང་དགོས་པ་དང་། ཅི་ལྟར་ཐག་གཅོད་དགོས་པ། གང་ཞིག་གཙོ་བོ་དང་གང་ཞིག་ཕལ་པ་ཡིན་པ་སོགས་ལ་འགན་འཁྲི་མ་ཁུར་བས། རྒྱལ་པོ་འུ་དུམ་བཙན་བཀྲོངས་རྗེས་སྲས་གཉིས་ཀྱིས་རང་རང་གི་ཕྱོགས་གཏོགས་ཁྲིད་དེ་ནང་འཁྲག་བསླངས་ཤིང་། རིམ་བཞིན་འབངས་གྱེན་ལོག་གི་ཚ་རླབས་འཕྱུར་ཏེ། མཐར་ཅི་ཡིན་གང་ཡིན་མེད་པར་མི་སྨོན་རང་སྐྱིད་ཀྱི་རྒྱལ་ཁམས་ཆེན་པོ་དེ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་ཀློང་དུ་བསྟིམས་སོང་བ་རེད།

བདག་གི་དཔེ་མཚོན་དེ་གཉིས་དྲངས་ནང་ཤོད་འདོད་པ་ནི། ཆེ་སའི་རྒྱལ་ཁབ་ཅིག་ཡིན་ནའང་རུང་། ཆུང་སའི་ཁྱིམ་ཚང་ཞིག་ཡིན་ནངའ་ཆོག གང་དེ་ལ་དར་རྒུད་དང་འཕེལ་འགྲིབ་སྣ་ཚོགས་པ་ཞིག་འབྱུང་ནི་ཆོས་ཉིད་རེད། དེ་དག་དར་རྒུད་གང་རུང་དུ་འགྲོ་བའི་འགགས་གནད་ཀྱི་དུས་མཚམས་སམ་གང་དེའི་ལོ་རྒྱུས་ཀྱི་ཀྱོག་མཚམས་སུ་ཐོན་དུས་རྒྱལ་ཁབ་དང་མི་རིགས་དེའི་ཁོངས་གཏོགས་ཀྱི་སྐྱེ་བོ་ཚོས་སྒེར་ཕན་སྒེར་སྐྱིད་ཀྱི་བསྟ་གོན་བཤམས་སོང་ན་ཀྱོག་མཚམས་དེ་ནི་ཁོ་ཚོའི་ཕམ་ཁ་དང་ཕུང་བྱེད་དུ་འགྲོ་ལ། གལ་ཏེ། ཁོང་ཚོས་སྒེར་གྱི་ཁེ་གྲགས་གནས་སྐབས་བཏང་སྙོམས་སུ་བཞག་སྟེ། ཚོགས་པ་གང་དེའི་བདེ་སྡུག་དང་དར་རྒུད་ཀྱི་ཆེད་དུ་རང་ངོས་ཀྱི་འགན་འཁྲི་ཁུར་བར་བྱས་ན་ནི་ཀྱོག་མཚམས་གང་དེ་ཏག་ཏག་ཁོ་ཚོ་སྔོན་ཐོན་དང་ཡར་རྒྱས་སུ་འགྲོ་བའི་རྒྱུད་རིམ་གལ་ཆེན་ཞིག་ཏུ་འགྱུར་འགྲོ་བ་རེད།

ལོ་རྒྱུས་ཀྱི་ནོར་འཁྲུལ་རབ་དང་རིམ་པའི་དབང་གིས་རང་ཅག་བོད་པ་ཚོ་ནི་ཆ་འཕྲིན་དང་ཚན་རྩལ་གྱི་ཕན་བདེ་བཅུད་དུ་གཏམས་པའི་དུས་རབས་ཉེར་གཅིག་པར་སླེབས་ནའང་སྔར་བཞིན་རྗེས་ལུས་དང་རྨོངས་དད། ལེ་ལོ་དང་བག་འཁུམས་ཀྱི་འཆིང་སྒྲོག་ལས་ཐར་ཐུབ་མེད། དེའི་རྐྱེན་གྱིས་འུ་ཚོས་རང་ཉིད་ལ་དབང་བ་ཡོད་ཚད་རྗེས་ལུས་དང་ནོར་འཁྲུལ་འབའ་ཞིག་ཏུ་མཐོང་ནས། འཛམ་གླིང་རྒྱལ་ཁབ་ཀུན་གྱི་རྩ་བར་གྱུར་ཅིང་། སྒྲ་གདངས་ཀྱི་ཕུན་སུམ་འཚོགས་ཚད་དངནང་དོན་སྟོན་པའི་ཤུགས་ཚད་གང་ཐད་ནས་ཀྱང་སྐད་རིགས་གཞན་གང་ཞིག་ལའང་ཡིད་སྨོན་འཆོར་མི་དགོས་པའི་བོད་ཀྱི་སྐད་ཡིག་དག་ཀྱང་དོར་ནས། གཞན་གང་ཞིག་གི་རྗེས་སུ་སྙེགས་འགྲོ་ཁུལ་བྱེད་ན་ནི་ཡོངས་སུ་ནོར་འཁྲུལ་གྱི་ཕུང་པོ་རི་རབ་ཏུ་བརྩིགས་པའི་ནོར་འཛོལ་ཞིག་ལོས་ཡིན།

སྤྱིར་སུ་ཞིག་གིས་སྔར་ཡོད་ཀྱི་རིག་གནས་ལ་བཟོ་བཅོས་རྒྱག་མི་ཆོག་པ་དང་། གཞན་གྱི་རིག་གནས་ནང་འདྲེན་བྱ་མི་རུང་ཟེར་ན། དེ་ནི་ལྟ་རྒྱ་མཐོང་རྒྱ་མེད་པའི་རང་ཤེད་ཅན་ཞིག་རེད་ཅེས་མི་ཤོད་ཀ་མེད་རེད། འོན་ཏེ་གང་ཞིག་གིས་རང་ཉིད་ལ་ད་ལྟ་ཡོད་པ་ཡོད་ཚད་ལེགས་ཉེས་ཀྱི་རྣམ་དབྱེ་མེད་པར་དོར་ནས་ཐམས་ཅད་གཞན་ཞིག་ནས་དང་དུ་ལེན་དགོས་ཟེར་ན། དེ་ནི་ཉམས་མྱོང་དང་རང་ཚུགས་མེད་པའི་ཧོལ་རྒྱུག་ཅིག་ཡིན་ངེས་པ་རེད།

དེང་གི་དུས་སྐབས་སུ་རང་མི་རིགས་འདི་སླར་ཡང་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་ཏུ་ཐོན་ཡོད་པ་ཡིན་ལ། ཀྱོག་མཚམས་འདི་ཡི་རྗེས་ནས་རང་ཅག་ལ་ཉེན་ཁ་ཚབས་ཆེན་གཉིས་དང་འཕྲད་ཀྱིན་ཡོད་པ་ཡིན། གཅིག་ནི་རང་མི་རིགས་འིད་ཡོངས་སུ་གཞན་གྱི་རྗེས་འབྲངས་འབའ་ཞིག་བྱས་ཏེ་ལོ་ངོ་བརྒྱ་ཉིས་བརྒྱའི་རྗེས་སུ་བོད་རིགས་ཞེས་པའི་ཐ་སྙད་ལོ་རྒྱུས་ཀྱི་དཔེ་དེབ་ཁོ་ན་ལས་མི་རྙེད་པར་འགྱུར་སྲིད། གཅིག་ཤོས་ནི། འུ་ཚོ་སྔར་བཞིན་རྙིང་ཞེན་དང་མཁྲེགས་འཛིན། རང་ཆེ་དང་རང་བསྟོད་འབའ་ཞིག་གི་དུག་ཆང་ཀློང་དུ་རྗེས་ལུས་ནས་ཤིན་ཏུ་རྗེས་ལུས་་སུ་སོང་སྟེ། མཐའ་མར་དུས་རབས་ཀྱིས་ང་ཚོ་དང་ང་ཚོའི་རིག་གནས་ཡོད་ཚད་ལོ་རྒྱུས་ཀྱི་སྙིགས་མར་ཕུད་དེ་མི་རིགས་འདི་གཏན་དུ་རྨེག་མེད་ལ་འགྲོ་ཉེན་ཡོད།

ད་འོ་ན། རང་ཅག་ཉེན་ཁ་ཆེན་པོ་གཉིས་ཀྱི་བར་སྲུབ་ཏུ་ལུས་ཤིང་བྱ་དཀའ་བྱེད་གཏད་དུ་གྱུར་ཡོད་པ་ཡིན་ན། གོང་དུ་བཤད་ཟིན་པ་ལྟར་རང་རིགས་ཀྱི་སྐྱེས་ཕོ་མོ་རྒན་གཞོན་ཀུན་གྱིས་མཉམ་དུ་ཤུགས་རྒྱག་དགོས་པ་ཡིན་གྱི། ཡོད་ཚད་ཀྱིས་རང་སྒེར་གྱི་ལྟོ་ཕོར་དང་ཁེ་ཕན་ཁོ་ནའི་ཆེད་དུ་ཤི་མཆོངས་རོ་མཆོངས་བྱ་བའི་དུས་མིན། བདག་གིས་འུ་ཚོས་རང་དོན་བསྒྲུབ་མི་འོས་ཟེར་བ་གཏན་ནས་མིན་ཏེ། དེ་ལྟར་ཟེར་ན་དོན་དངོས་དང་མི་མཐུན་པ་རེད། བདག་གིས་བསམས་ན། དུས་སྐབས་འདིར་ང་ཚོས་རང་མི་རིགས་ཀྱི་སྔར་ཡོད་རིག་གནས་ཀྱི་རྩ་བ་མ་བོར་བའི་རྨང་གཞིའི་ཐོག གཙོ་ཕྱིར་ནུབ་ཕྱོགས་ཀྱི་སྔོན་ཐོན་རིག་གནས་དང་། ཁྲིམས་ལུགས་འདུ་ཤེས་སོགས་ལ་སྦྱངས་པ་བྱ་རྒྱུ་གལ་ཆེ། རིག་གནས་དར་སྤེལ་དང་། འགན་འཁྲིའི་འདུ་ཤེས་ལ་སོགས་པའི་ཐ་སྙད་རྫིག་པོ་འདི་དག་ཁ་ནས་ཤོད་པར་ལས་སླ་པོ་ཡིན་མོད། དོན་དམ་པའི་ལག་ལེན་དུ་ཇི་ལྟར་འགེལ་དགོས་མིན་ནི་དཀའ་གནད་དང་ཡང་གནད་རེད། དེའང་བདག་གི་ཉམས་མྱོང་གི་ངོས་ནས་བཤད་ན། ཞེ་མཐུན་གྱི་གྲོགས་པོ་གང་མང་ཞིག་དང་ལྷན་དུ་མི་རིགས་ཡར་རྒྱས་དང་རིག་གནས་དར་སྤེལ་སྐོར་གྱི་བགྲོ་གླེང་དང་བྱ་འགུལ་སྣ་ཚོགས་པར་ཞུགས་མྱོང་ཡོད་ལ། ཁོང་རྣམས་དང་ཕན་ཚུན་བསམ་བློ་བརྗེ་རེས་དང་རྒྱུས་ལོན་གང་མང་བྱས་མྱོང་། དེ་དང་དེ་དག་གི་བརྒྱུད་རིམ་དུ་གནད་དོན་འདི་འདྲ་ཞིག་ཚོར་བྱུང་སྟེ། རང་ཅག་བོད་མི་མང་ཤོས་ནི་མི་རིགས་ཀྱི་འདུ་ཤེས་རབ་རིབ་ཅིག་རྙེད་ཅིང་། འཇིག་ཉེན་གྱི་ཚོར་བའང་ཐན་ཐུན་རེ་ཡོད་འདུག མ་ཟད་འུ་ཚོས་རིག་གནས་དར་སྤེལ་དང་གསར་གཏོད་བྱེད་དགོས། མི་རིགས་ཡར་རྒྱས་དང་སྔོན་ཐོན་དུ་བསྒྱུར་དགོས། མི་རིགས་དང་རིག་གནས་ལ་འགན་འཁྲི་འཁུར་དགོས་པའང་ཀུན་གྱིས་ཤེས་འདུག་ནའང་། ཡང་སྙིང་ཅི་ཞིག་ནི་ད་གཟོད་བོད་ཀྱི་རིག་གནས་ཡིན་པ་དང་། གང་ཞིག་ནི་རིག་གནས་ཀྱི་སྲོག་རྩ་ཡིན། གསར་གཏོད་དང་དར་སྤེལ་ཇི་ལྟར་བྱ་དགོས་པ་དང་། སྔོན་ཐོན་དུ་ཅི་ལྟར་བསྒྱུར་དགོས་པ། འགན་འཁྲི་གང་འདྲ་ཞིག་ཇི་ལྟར་འཁུར་རྒྱུ་སོགས་འགགས་རྩའི་གནད་དོན་དག་ལ་ནི་ཧ་ཅང་རབ་རིབ་དང་མག་མོག ཟང་ཟིང་གི་རྣམ་པ་ཞིག་ཆགས་ཡོད་འདུག

ཡང་མང་པོ་ཞིག་གིས་ལག་ལེན་ཞེས་པའི་ཐ་སྙད་འདི་གོ་བ་ཙམ་གྱིས་ཧ་ལམ་ལག་པ་གཉིས་འགུལ་ཏེ་ཅི་ཞིག་བསྒྲུབ་དགོས་པ་མིན་ནམ་སྙམ་གྱིན་ཡོད་ཚོད་རེད། དེའང་བདག་གི་གྲོགས་པོས་བཤད་པ་ལྟར་ན། ཐེངས་ཤིག་ཁོས་ཉལ་ཁང་དུ་བོད་སྐད་གཙང་མའི་གཏམ་གླེང་བྱེད་སྐབས། སློབ་གྲོགས་གཞན་ཞིག་གིས་ཁྱོད་ཀྱིས་བོད་སྐད་གཙང་མ་བཤད་ནའང་། དེ་ནི་ཁ་སྟོང་པའི་ལ་རྒྱ་ཙམ་རེད། དོན་དམ་པའི་ལག་ལེན་མེད་ན་མི་ཕན་ཞེས་ཟེར་སྐད། བསམ་གཞིགས་གློ་བུར་བ་རེ་བྱས་ན། འདི་ནི་སྐད་ཆ་གནས་ལུགས་ཅན་ཞིག་རེད་བསམས་སྲིད། འོན་ཏེ། ངེད་ཚོས་ཤེས་དགོས་པ་ཞིག་ནི། ལག་ལེན་ཞེས་པ་ལུས་ངག་ཡིད་གསུམ་གྱི་ལས་གང་ལའང་གོ་ཆོག་པ་དེ་རེད། དུས་བབས་འདི་དང་གནས་བབས་འདི་རུ་འཚོ་བཞིན་པའི་ངེད་ཚོའི་ངོས་ནས་བཤད་ན། དུས་རྒྱུན་འཚོ་བའི་ཁྲོད་རང་ངོས་ནས་ར་མ་ལུག་གི་སྐད་ཆ་གང་ཐུབ་ཅི་ཐུབ་ཀྱིས་སྤོང་རྒྱུ་དང་། བོད་སྐད་དང་བོད་ཡིག་ལ་ཕན་པའི་བྱ་བ་གང་ནུས་ཅི་ནུས་ལྕོགས་ཀྱིས་བསྒྲུབ་རྒྱུ་དེ་རེད། མ་ཟད་རང་གི་ཁྱིམ་ཚང་དང་རང་གི་གྲོགས་པོ་སོགས་རང་ཉིད་ཀྱི་ཉེ་འཁོར་ནས་མགོ་བཟུང་སྟེ། བོད་སྐད་གཙང་མ་ཤོད་རྒྱུའི་སློབ་གསོ་དང་སྐུལ་མ་གཏོང་དགོས་པ་རེད། དེང་གི་ཆར་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་དང་རབ་བྱུང་བ། དགེ་རྒན། སློབ་གྲྭ་བ། དེ་བཞིན་སྤྱི་ཚོགས་ཀྱི་ཟུར་ངོས་གང་སར་ཡོད་པའི་སྤུན་ཟླ་གང་མང་ཞིག་གིས་ཕ་སྐད་གཙང་མ་དང་རིག་གནས་དར་སྤེལ་གྱི་ལས་ལ་ཤ་ཐང་ཐང་དུ་འབད་ཀྱིན་ཡོད། ང་ཚོ་ཚང་མ་བོད་ཀྱི་རིགས་སུ་སྐྱེས་ཤིང་། མར་རྩམ་གྱི་ཟན་ལ་རོལ་བཞིན་འཚར་ལོངས་བྱུང་བ་གཅིག་མཚུངས་ཡིན་ན། ཁ་ཅིག་གིས་དེ་ལྟ་བུའི་ཤུགས་རྒྱག་གིན་ཡོད་ལ། ངེད་ཚོ་ནི་དེ་དག་ལ་རྗེས་སུ་ཡི་རངས་བའི་སེམས་པ་ཞིག་ཀྱང་མེད་ན་ནི་ཇི་འདྲའི་ངོ་ཚ་དགོས་པ་ཞིག་རེད། དེས་ན་ང་ཚོས་ཁོང་རྣམ་པའི་རྒྱབ་སྣོན་དང་དཔུང་རོགས་ཡིན་འགྲིག་པ་ལས། འདི་ལྟར་ལ་རྒྱ་དང་ལྷག་བསམ་ཅན་ཚོ་ཁེར་རྐྱང་དུ་བསྐྱུར་བར་ག་ལ་བཟོད། རང་ཅག་བོད་པ་ཚོར་ཁྲིམས་ལུགས་འདུ་ཤེས་མེད་པས། ཁྲིམས་དང་སྲིད་ལ་ཐེ་གཏོགས་མི་བྱེད་ལ། གཞན་གྱི་ཁེ་དབང་དང་ཐོབ་ཐང་ལ་བརྩི་འཇོག་ཆེན་པོ་བྱེད་མི་ཤེས་ཤིང་། རང་གི་ཁེ་དབང་དང་རྩིས་ཐང་ལ་ནི་དེ་བས་ཀྱང་སྲུང་སྐྱོབ་བྱེད་མི་ཤེས། གནས་དང་ཡུལ་དུ་གང་ལའང་གནད་དོན་ཆེ་ཆུང་ཅི་འདྲ་ཞིག་འཕྲད་ཀྱང་ཁྲིམས་ལུགས་ཀྱི་འདུ་ཤེས་མེད་རྐྱེན་ཁྲིམས་དང་ལུགས་ལ་མི་བརྟེན་པར་ལམ་སེང་རང་ངོས་ནས་ཐག་གཅོད་བྱེད་པ་སྟེ། རྒྱག་རེས་རྒྱག་རྒྱུ་དང་འཁོན་ལན་སློག་རྒྱུའི་སྦྱོར་བ་རྩོམ་པར་མོས། དེ་མིན་ན་ཉེས་ཅན་དང་རྫབ་ཆེན་དག་གུ་ཡངས་སུ་གཏོང་བ་ལས། ཁྲིམས་དང་སྲོལ་གྱི་ལག་ཆར་བརྟེན་ནས་རང་གི་ཁེ་དབང་སྲུང་ཐབས་རྩ་བ་ནས་བྱེད་སྲོལ་མེད། དེ་འདྲའི་ནོར་འཁྲུལ་གྱི་འོག་ནས་རང་ཅག་ཚོ་ནི་གཏན་ནས་གཏན་དུ་གྱོང་གུན་ཁོ་ནའི་བདག་པོ་རུ་འགྱུར་བ་རེད། ཁ་གསལ་བར་བཤད་ན་རྒྱག་རེས་དང་འཁོན་ལན་རེ་རེས་བདེན་པ་རང་ཉིད་ལ་ཡོད་ཀྱང་གཞན་ལ་སྟེར་སོང་བ་རེད། དགོས་མེད་ཀྱི་གུ་ཡངས་རེ་རེས་ཁོ་ཚོར་མུ་ནས་མུ་རུ་ངན་སྤྱོད་ལ་ཞུགས་པའི་སྐུལ་མ་བཏང་སོང་བ་རེད། ཕྱོགས་གཞན་ཞིག་ནས་ཕ་རོལ་ཀྱི་སྐྱེ་བོ་མགོ་བདེ་དྲན་འཕྲུལ་ཅན་དག་གིས་ནི་ཏག་ཏག་ཁྲིམས་དང་སྲིད་ཀྱི་ཁ་གཡང་ཁོ་ན་སྒྲོག་བཞིན་གླེན་འཐོམ་འཐོམ། ལྐུགས་ཚོད་ཚོད་ཀྱི་ང་ཚོར་མགོ་སྐོར་བགྲང་གིས་མི་ལང་བ་ཞིག་བཏང་ཡོད་པ་རེད། ཁྲིམས་དང་སྲིད་ཀྱི་རྫུ་འབག་གྱོན་པའི་གཡོ་སྒྱུ་རབ་དང་རིམ་པའི་ཕོག་ཐུག་གི་འོག་ནས། རང་ཅག་ཚོས་སྲིད་དང་ཁྲིམས་ལུགས་མི་ཤེས་པས། ཞེད་སྣང་དང་འཇིགས་སྣང་གིས་ས་གོམ་གང་སྤོས་ན་ཁྲིམས་དང་འགལ་གྱིས་དོགས། གཏམ་ཚིག་གསུམ་བཤད་ན་སྲིད་དང་ཐུག་གི་དོགས་ནས་ཅི་ཡང་མི་ཕོད་གང་ཡང་མི་ནུས་པར་ཁེ་དང་ཕན་བདེ་ཡོད་ཚད་གཞན་ལ་བསྐྱལ། གྱོང་དང་ཕམ་ཁ་ཐམས་ཅད་རང་གིས་བསུས་ནས་ད་བར་བསྡད་ཡོད་པ་ཡིན། དེའང་བདག་གིས་འདིར་ཁྲིམས་ལུགས་འདུ་ཤེས་གླེང་དགོས་དོན་ནི། གཡོ་དང་སྒྱུ་ལ་རང་དབང་འབྱོར་བའི་སྐྱེ་བོ་ཐ་ཤལ་དག་གིས་སྲིད་དང་ཁྲིམས་ཀྱི་ཕྱི་ཐུམ་བརྒྱབ་སྟེ། རང་དོན་འགྲུབ་ཕྱིར་སུ་དང་གང་ཞིག་ལ་ཞྭ་མོ་གཡོགས་པ་དང་། ཅི་དང་གང་ཞིག་ལ་རྫུན་འབྲེལ་བྱས་དྲགས་པའི་དེ་རིང་ཁ་སང་གི་དུས་སུ། གལ་ཏེ་མི་རིགས་དང་རིག་གནས་ལ་འགན་འཁུར་བ་དང་ཕ་སྐད་གཙང་མ་དང་དེ་འབྲེལ་གྱི་བ་གཞག་གང་ཞིག་བསྒྲུབ་པར་བྱས་ན། རང་ཉིད་ལ་སྲིད་དང་ཁྲིམས་ཀྱི་ཉེས་པ་ཞིག་འབབ་མི་འོང་ངམ་སྙམ་པའི་དོགས་པ་པ་ཞིག་འཆར་སྲིད་པ་རེད། དེ་ཐད་ལ་གསལ་བཤད་ཞུ་དགོས་པ་ཞིག་ནི། སྔར་ནས་ཀྲུང་གོའི་གཙོ་འཛིན་ཐོག་མ་མོའོ་ཙེ་དུང་དང་ཏིང་ཞོའོ་ཕིང་སོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་ལ་མཐོང་ཆེན། དེ་དག་དར་སྤེལ་དང་ཡར་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་བཀའ་སློབ་གང་མང་གནང་ཡོད་ལ། དེང་གི་ཆར་ཡང་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་བཅའ་ཁྲིམས་དང་མི་རིགས་རང་སྐྱོང་ས་གནས་ཀྱི་བཅའ་ཁྲིམས་སོགས་སུ་དེ་འབྲེལ་གྱི་གཏན་འབེབས་རབ་དང་རིམ་པ་འཁོད་ཡོད་དེ། ཟུར་ཙམ་ཞིག་བཀོད་ན། ༢༠༠༥ལོའི་ཟླ༥པའི་ཚེས༣༡ཉིན་ནས་ལག་ལེན་དུ་བསྟར་བའི《མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་གཏན་འབེབས་ཀྱི་དོན་ཚན་ཉེར་གཉིས་པར། རྒྱལ་ཁབ་ཀྱིས་མི་རིགས་སོ་སོས་མི་རིགས་རང་གི་སྐད་ཆ་དང་ཡི་གེ་བཀོལ་བ་དང་དར་རྒྱས་སུ་གཏོང་བའི་རང་དབང་ཁག་ཐེག་འོང་བ་བྱ་རྒྱུ་དང༌། གྲངས་ཉུང་མི་རིགས་ཀྱི་སྐད་ཆ་དང་ཡི་གེ་ཚུལ་མཐུན་དང་ཚད་ལྡན་དུ་བསྒྱུར་བ་དང་ཆ་འཕྲིན་ཐག་གཅོད་ཀྱི་བྱ་བར་རོགས་སྐྱོར་བྱ་རྒྱུ། ཞེས་འཁོད་ཡོད་པ་དང་། གཞན་ཡང《བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་འགའ་ཞིག》ཅེས་པའི་དོན་ཚན་གཉིས་པ་ལས། རིམ་ཁག་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་ལས་དོན་ལ་མཐོང་ཆེན་དང་ཤུགས་སྣོན་རྒྱག་དགོས། ཞེས་འཁོད་ཡོད། དེའི་དོན་ཚན་བཞི་པར། རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་ཀྱི་གལ་ཆེའི་ཚོགས་འདུ་དང་འདུ་འཛོམས་བྱེད་སྒོའི་ནང་བོད་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཉིས་ཀའམ་ཡང་ན་གང་རུང་གཅིག་སྤྱོད་རྒྱུ། ཞེས་འཁོད་པ་དང་། ཡང་གཏན་འབེབས་དེའི་དོན་ཚན་དགུ་པར། རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་སློབ་གསོ་དང་། གསར་འགྱུར། དཔེ་སྐྲུན། རླུང་འཕྲིན། གློག་བརྙན་བརྙན་འཕྲིན་བཅས་ཀྱི་བྱ་གཞག་གོང་འཕེལ་ཧུར་ཐག་གཏོང་དགོས་ཞེས་པ་དང་། དོན་ཚན་དེ་གའི་ནང་། རང་སྐྱོང་ལྗོངས་ཀྱིས་བྱ་ཐབས་སྤྱད་ནས་བོད་ཡིག་དགེ་རྒན་དང་། བོད་ཡིག་རྩོམ་སྒྲིག་པ། བོད་ཡིག་གསར་འགོད་པ། བོད་ཡིག་རྩོམ་པ་པོ། བོད་ཡིག་དྲུང་ཡིག་སོགས་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་པ་དང་། བོད་སྐད་ཡིག་ཞིབ་འཇུག་བྱེད་མཁན་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱེད་རྒྱུ། ཞེས་འཁོད་ཡོད་པ་རེད། ཡང་དེ་གའི་དོན་ཚན་བཅོ་ལྔ་པར། རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་བཅས་གཏོང་བའི་ཐད་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ། ཞེས་འཁོད་ཡོད་པ་རེད། མ་ཟད་དེང་གི་ཆར་གོང་རིམ་ནས་བོད་ཀྱི་བརྡ་ཆད་གཅིག་གྱུར་རམ་བོད་ཀྱི་སྤྱི་སྐད་གཏན་ལ་འབེབས་པའི་ཨུ་ཡོན་ལྷན་ཁང་བཙུགས་ཡོད་པ་དང་། དེ་དང་དེ་འབྲེལ་གྱི་བོད་རིག་པ་ཞིབ་འཇུག་ཚོགས་ཆུང་དང་། བོད་རིག་པ་ཞིབ་འཇུག་ཁང་། དེ་མིན་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་དམིགས་པའི་སྲིད་གཞུང་གི་སྒྲིག་གཞི་ཡང་མི་ཉུང་བ་ཞིག་ཡོད་པ་ཡིན། ཡང་ན་དེང་གི་ཆར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་བོད་སྐད་ཡིག་སློབ་ཆོག་པ་དང་། བོད་ཡིག་གི་དུས་དེབ་དང་ཚགས་ཤོག་གང་མང་ཞིག་འགྲེམ་སྤེལ་བྱེད་ཆོག་པ། དེ་བཞིན་བོད་ཀྱི་ཡུལ་དུ་འཛུགས་སྐྲུན་དང་དར་སྤེལ་གྱི་ལས་གྲྭ་གང་མང་ཞིག་འཛུགས་ཀྱིན་པ་འདིས་ཀྱང་བོད་ཀྱི་སྐད་ཡིག་དང་རིག་གནས་དར་སྤེལ་དང་མི་རིགས་ཡར་རྒྱས་སུ་གཏོང་བ་འདི་རྒྱལ་ཁབ་ཀྱི་སྲིད་དང་མཐུན་ཞིང་ཁྲིམས་དང་འཚམས་པ་རྟོགས་ཐུབ་ན། འདི་དང་འདི་འབྲེལ་གྱི་འཇིགས་པ་བྱ་དགོས་དོན་མེད། མདོར་ན་འུ་ཚོས་ཁྲིམས་ལུགས་ཀྱི་ཤེས་བྱ་ངེས་ཅན་སྦྱོང་དགོས་ཤིང་། མ་མཐའི་ཁྲིམས་སྲོལ་དག་ནི་ངེས་པར་དུ་ཤེས་དགོས་པར་འདུག དེ་ལྟར་བྱུང་སོང་ན་རང་གི་ལས་ཀ་གང་ཞིག་བྱས་ཀྱང་རུང་། ཚད་གཞི་དང་མཚམས་ཐིག་ཞིག་ཡོད་པས། དོན་མེད་ཀྱི་ཞེད་སྣང་བྱེད་མི་དགོས་ལ། སྣང་མེད་དུ་ཁྲིམས་དང་འགལ་བ་ཡང་མི་སྲིད།

གོང་དུ་བཤད་ཟིན་པ་ལྟར། ངེད་ཚོས་རང་ཉིད་ཀྱི་སྐད་ཡིག་དར་སྤེལ་གཏོང་བ་དང་མི་རིགས་འཕེལ་རྒྱས་སུ་གཏོང་བ། དེ་བཞིན་རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱེད་པ་སོགས་གང་ཞིག་ཡིན་རུང་། གོང་རིམ་གྱི་ཁྲིམས་སྲོལ་དང་ཆབ་སྲིད་ཀྱི་གཏན་འབེབས་གང་ཞིག་དང་འགལ་བར་སོང་མེད་པས། སླད་ཕྱིན་ཆད་མི་རིགས་འདིའི་བདེ་སྡུག་ཇི་འདྲ་ཡོང་མིན་དང་སྐད་ཡིག་རིག་གནས་ཀྱི་འཕེལ་འགྲིབ་གང་འདྲ་ཡོང་མིན་ནི་ཡོངས་སུ་ང་ཚོ་རང་ཉིད་ལ་རག་ལུས་ཡོད་པ་ཡིན་གྱི་སུ་ཞིག་གི་གནང་སྦྱིན་དང་གང་ཞིག་གི་བྱིན་རླབས་ལ་སྒུག་བསྡད་ན་ནི་རེ་བ་མེད་ཁོ་ཐག་ཡིན། འོ་ན་མི་རིགས་ཡར་རྒྱས་དུ་ཇི་ལྟར་གཏོང་དགོས། རིག་གནས་རྒྱུན་འཛིན་དང་གསར་གཏོད་ཅི་ལྟར་བྱེད་དགོས། སྐད་དང་ཡི་གེའི་ལས་དབང་ལ་ཁ་ལོ་གང་འདྲ་བྱས་ནས་བསྒྱུར་དགོས་ཟེར་ན། དེའང་མི་རིགས་ཀྱི་དར་རྒུད་ནི་གང་དེའི་རིག་གནས་ལ་རག་ལས་ཡོད་ཅིང་། རིག་གནས་ཡོངས་སུ་ནུབ་ཚར་ན་མི་རིགས་དེའང་ཉམས་ཚར་བ་ཡིན་ལ་རིག་གནས་ཇི་ལྟར་གྱིས་དར་ཞིང་རྒྱས་ན་མི་རིགས་ཀྱང་དེ་ལྟར་སྔོན་ཐོན་ནས་སྔོན་ཐོན་དུ་འགྲོ་བ་ཡིན། མ་ཟད་རིག་གནས་ཀྱི་ངོ་བོ་སྔོན་ཐོན་ཡིན་ན་མི་རིགས་དེ་སྔོན་ཐོན་དུ་འགྲོ་ཞིང་། རིག་གནས་ཀྱི་ངོ་བོ་རྗེས་ལུས་དང་ཀླ་ཀློ་ཡིན་ན་མི་རིགས་དེའང་རྗེས་ལུས་དང་ཀླ་ཀློ་རུ་འགྱུར་བ་རེད། དེ་ལྟར་ན་མི་རིགས་ཀྱི་དར་རྒུད་ནི་རིག་གནས་ཀྱིས་ཐག་ཆོད་ཡོད་པ་རེད། རིག་གནས་ཀྱི་དར་རྒུད་ནི་རྒྱུན་འཛིན་དང་གསར་གཏོད་ཀྱི་སྣེ་འདི་གཉིས་ལ་རག་ལས་ཡོད་པ་ཡིན། དེ་བས་རིག་གནས་ཟེར་བ་འདིའི་ཆགས་འཇིག་དར་རྒུད་ཡོད་ཚད་ནི་སྐད་ཡིག་ཡིན་ཏེ། རིག་གནས་ཞེས་པ་འདི་མཐོང་རྒྱུ་འཛིན་རྒྱུ་མེད་པའི་གཞི་གྲུབ་ཅིག་ཡིན་ཙ་ན། གང་དེའི་ཆགས་ས་དང་བརྟེན་ས་དེ་མེད་པར་གྱུར་སོང་ན་གང་དེའང་ནུབ་འགྲོ་བ་ཡིན། རིག་གནས་ཞེས་པའི་གཟུགས་མེད་ཀྱི་གཞི་གྲུབ་དེ་གནས་ན་གནས་ས་སྐད་ཡིག་ཡིན་ལ། ཉམས་ན་ཉམས་སའང་སྐད་དང་ཡི་གེ་ཁོ་ན་ཡིན། དེའང་ཁ་གསལ་བར་བཤད་ན། སྐད་དང་ཡི་གེ་ནི་གྲུ་གཟིངས་ལྟ་བུ་དང་། རིག་གནས་ནི་དེའི་ནང་གི་མི་ལྟ་བུ་ཡིན་པས་གྲུ་གཟིངས་གས་ཆག་ཏུ་ཤོར་སོང་ན་གྲུ་པ་གང་དེའང་འཚོ་ཐབས་མེད་པ་ལྟར། སྐད་ཡིག་ཉམས་སོང་བའི་ཤུལ་དུ་རིག་གནས་ཀྱང་གནས་ཐབས་མེད་སོང་བ་རེད། དེའང་འཛམ་གླིང་གི་རིག་གནས་དར་ཆེ་བའི་གནའ་བོའི་རྒྱལ་ཁབ་བཞིའི་ཡ་གྱལ་དུ་གྱུར་པའི་གནའ་བོའི་རྒྱ་གར་གྱི་རིག་གནས་ཧ་ལམ་ནི་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཏུ་གནས་ཡོད་པ་ཡིན་རྐྱེན་དེང་གི་ཆར་སྐད་ཡིག་དེ་ཧ་ལམ་ཉམས་ཞན་དུ་སོང་ཚར་བ་ཡིན་མོད། གང་དེའི་ཐོག་ཏུ་ཆགས་ཡོད་པའི་རྒྱ་ཆེ་ཞིང་བམ་མཐུག་པའི་རིག་གནས་དེ་སྦྱོང་ཆེད་དུ་ལེགས་སྦྱར་གྱི་སྐད་ཡིག་གམ་སྒྲ་རིག་པར་སྦྱོང་མཁན་གྱི་མཁས་པའི་དབང་པོ་ནི་འཛམ་གླིང་རྒྱལ་ཁབ་ཀུན་ཏུ་བགྲང་གིས་མི་ལང་བ་ཡིན། ཁོ་ཚོས་སྔར་ནས་ཤི་སོང་བའི་སྐད་ཡིག་ཅིག་ཨུ་ཚུགས་ཀྱི་སྦྱོང་དོན་གང་ཡིན་ནམ་ཞེ་ན། སྐད་ཡིག་དེའི་ཐོག་ཏུ་ཆགས་ཡོད་པའི་རིག་གནས་གང་ལ་དམིགས་པ་ཁོ་ན་ཡིན། རིག་གནས་རྒྱུན་འཛིན་དང་རིག་གནས་གསར་གཏོད་ཀྱི་གཞི་རུ་གྱུར་པའི་རིག་གནས་ཞེས་པ་དེ་ནི་སྐད་དང་ཡི་གེའི་རྩོམ་རིག་དང་གཞུང་ལུགས། དེ་དང་དེ་འབྲེལ་གྱི་གོམས་གཤིས་དང་ལུགས་སྲོལ། བམ་མཐུག་པའི་དཔེ་ཆའི་གཏོས་དང་གཏིང་ཟབ་པའི་རིག་པའི་གཞུང་། དེ་དང་དེ་དག་གིས་བཞག་པའི་བག་ཆགས་དང་བསམ་བློའི་འཁྱེར་སོ། ལས་ཀའི་བྱེད་ཕྱོགས་སོགས་ཏེ། མདོར་ན་རིག་པའི་གནས་བཅུ་རུ་གྲགས་པ་འདི་དག་ཡིན། འདི་དག་ནི་ཡོངས་སུ་དཔེ་ཆ་དང་པོ་ཏི་དག་གི་རུམ་ཁོང་དུ་སྐད་ཡིག་སྟེ། ཡིག་ཐོག་དང་ངག་ཐོག་གང་རུང་གི་རྣམ་པར་ཡོད་པ་ཡིན། དེ་ལས་ཀྱང་རིག་གནས་ཀྱི་རྒྱུན་འཛིན་ཞེས་པ་ནི་སྐད་ཡིག་གི་ལུས་ཐོག་ནུས་འབྱུང་དགོས་ལ་རིག་གནས་གསར་གཏོད་ཅེས་པའང་སྐད་དང་ཡི་གེ་ཁོ་ནའི་ཐོག་ནས་འབྱུང་དགོས་པ་ཡིན། དེས་ན་ངེད་ཚོས་རིག་གནས་དར་སྤེལ་དང་གསར་གཏོད་གླེང་ནའང་ཆོག མི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་བསམས་ནའང་རུང་། ཡོད་ཚད་ཀྱི་འགག་རྩ་ནི་སྐད་དང་ཡི་གེ་འདི་ལ་ཐུག་ཡོད་པ་ཡིན། དེས་ན་ང་ཚོས་མ་འོངས་པའི་ལོ་ཟླའི་ནང་མི་རིགས་དང་རིག་གནས་ལ་སྨན་པའི་བྱ་གཞག་ཅིག་བསྒྲུབ་དགོས་ན་རྒྱ་ཆེ་ས་དང་གཏིང་ཟབ་སའི་གནད་དོན་དག་མཁས་པ་དང་རྩོམ་པ་པོ་སོགས་རིག་གནས་པའི་སྡེ་ལ་རག་ལུས་ཡོད་ཅིང་། དེ་དག་གི་རྨང་གཞི་དང་རྒྱ་རྟེན་ལྟ་བུ་ནི་ང་ཚོ་བོད་མི་ཡོངས་ཀྱི་ལས་འགན་ཏེ། གཙོ་ཕྱིར་སྐད་ཡིག་གི་དར་རྒུད་ཐད་ལ་རྣམ་གཞག་ཅི་ཞིག་བཞག་ན་རུང་བ་རེད། བྱ་ཐབས་ལའང་། སྐད་ཡིག་གི་དར་རྒུད་ནི་དེའི་བེད་སྤྱོད་ཀྱི་རྒྱ་ཁྱབ་རང་བཞིན་གྱིས་ཐག་ཆོད་པ་རེད་དེ། དེའང་སྐད་ཡིག་ཅིག་ཉམས་དང་མ་ཉམས་ཀྱི་དབྱེ་མཚམས་ནི་སྐད་ཡིག་དེ་བེད་སྤྱོད་བྱེད་མཁན་གྱི་མི་ཡི་ཚོགས་པ་ཞིག་ཡོད་མེད་དང་། བེད་སྤྱོད་བྱེད་སའི་ཡུལ་དུས་ཀྱི་ཁྱབ་ཁོངས་ངེས་ཅན་ཞིག་ཡོད་མེད་ལ་རག་ལས་ཡོད་རྐྱེན། རང་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་བོད་སྐད་གཙང་མ་ཤོད་རྒྱུ་དང་བོད་ཡིག་བེད་སྤྱོད་མང་ཙམ་གཏོང་རྒྱུ། དཔེར་ན། ཁ་པར་ཨང་གྲངས་དང་ཅ་དངོས་གང་རུང་གི་མིང་བོད་སྐད་དུ་ཡོད་ན་ངེས་པར་དུ་བོད་སྐད་ཀྱི་ཐོག་ནས་འབོད་པ་དང་། དམིགས་བསལ་གྱི་དགོས་མཁོ་མེད་ན་སྙན་ཞུ་དང་ཡིག་ཆ། རེའུ་མིག་སོགས་འབྲི་སྐབས་བོད་ཡིག་གི་ཐོག་ནས་འབྲི་བ། གཞན་ད་དུང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་བོད་སྐད་ཀྱི་མིང་དང་ཐ་སྙད་བསྡུ་རུབ་དང་ཁྱབ་སྤེལ། བོད་ཡིག་གི་རྩོམ་འབྲི་བ་དང་བོད་ཡིག་གི་དེབ་བལྟ་བ། ཚགས་པར་དང་དུས་དེབ་སོགས་རྩོམ་སྒྲིག་བྱེད་པ་དང་། སློབ་གྲྭ་དང་སྤྱི་ཚོགས། ཁྱིམ་ཚང་སོགས་སུ་བོད་ཡིག་གི་རྩོམ་འབྲི་རྒྱུ་འགྲན་བསྡུར་དང་སྙན་ངག་གྱེར་འདོན་འགྲན་བསྡུར། བོད་སྐད་གཙང་མ་དང་བོད་ཡིག་དག་ཆའི་ཐད་ནས་འགྲན་བསྡུར་དང་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་ཚད་ལ་རན་པའི་བྱ་དགའ་ཡང་སྤྲད་ནས། བོད་པ་རྒན་གཞོན་ཀུན་གྱི་སེམས་སུ་བོད་སྐད་དང་བོད་ཡིག་འདི་ཕན་མེད་འཕར་མ་དང་མི་འདོད་བཙན་གྱིས་བཀལ་བའི་ཁུར་བོ་ཞིག་མ་ཡིན་པ་ཤེས་སུ་འཇུག་དགོས་པ་ཡིན།

སྐད་ཆའི་ཤོད་མཚམས་འདིར་སླེབས་དུས་སྐྱེ་བོ་མང་པོ་ཞིག་གིས་བོད་སྐད་དང་བོད་ཡིག་སྦྱངས་ན་མི་སྒེར་གྱི་ངོས་ན་བཤད་ན་མ་འོངས་པར་མདུན་ལམ་དང་ཁེ་ཕན་མེད་བསམ་སྲིད། དེའང་ལོས་ཡིན་ཏེ། མི་སུ་ཞིག་ཡིན་ཡང་རང་སྒེར་གྱི་ལྟོ་གོས་ཀྱང་རང་མགོ་མ་ཐོན་པར་མི་རིགས་དང་རྒྱལ་ཁབ་སོགས་ཀྱི་གཞི་ཆེན་པོ་འདི་དག་ལ་འགན་འཁྲི་ཅི་ཞིག་འཁུར་དགོས། ལས་དོན་གང་ཞིག་བསྒྲུབ་དགོས་ཟེར་ན། དེ་ནི་དཔེ་མི་སྲིད་པ་ཞིག་ཡིན་པས། རང་སྒེར་གྱི་ལྟོ་གོས་ནི་གལ་ཆེན་དང་འགངས་ཆེན་ཞིག་ཡིན་པ་སྨོས་ཅི་དགོས། འོན་ཏེ་ང་ཚོས་བསམས་གཞིགས་ཅུང་ཟད་བྱས་ནས་གོང་དུ་བཤད་ཟིན་པ་ལྟར་བོད་སྐད་དང་བོད་ཡིག་ལ་ཕན་པའི་ལས་ཀ་གང་ཞིག་བྱས་ན་ཡིན་གཅིག་མིན་གཉིས་རང་གི་མདུན་ལམ་དང་ཁེ་ཕན་ཡོད་ཚད་བློས་བཏང་ནས་སྡུག་བསྔལ་གྱི་རི་བས་ལྕི་བ་ཞིག་ཁུར་དགོས་པ་ག་ལ་ཡིན། རང་དོན་དང་སྤྱི་དོན་གཉིས་ལྷན་དུ་འགྲུབ་ཡོང་བ་ནི་ཆོས་ཉིད་རེད། དཔེར་ན། ཁྱོད་ཀྱིས་རང་གི་བུ་ཕྲུག་ལ་བོད་སྐད་དང་བོད་ཡིག་སྦྱོང་བའི་དགའ་ཞེན་གྱི་བསམ་པ་ཤུགས་ཆེན་པོ་ཞིག་གསོ་སྐྱོང་བྱ་ཆེན་ཁྱིམ་ཚང་གི་ནང་མི་ཚང་མར་བོད་སྐད་གཙང་མ་དང་བོད་ཡིག་འབྲི་ཀློག་གི་གོམས་གཤིས་ཤིག་ཆགས་པ་བྱས་ན། གཅིག་ནས་བོད་མི་རིགས་ལ་ཞབས་འདེགས་བླ་ན་མེད་པ་ཞུས་ཟིན་པ་ཡིན་ལ། གཉིས་ནས་རང་དང་རང་གི་བུ་ཕྲུག་བཅས་པའི་ཁྱིམ་མི་ཀུན་ལ་ཤེས་བྱ་རིག་གནས་ཀྱི་ས་བོན་ལེགས་པོ་ཞིག་བཏབ་ཡོད་པ་ཡིན་པས། དེ་ལྟ་བུའི་ལས་ཀ་རྒྱུན་འཁྱོངས་བྱེད་ཐུབ་ན་བུ་ཕྲུག་གི་མདུན་ལམ་ལ་རེ་བ་ཡི་འོད་སྣང་གསར་པ་ཞིག་བསྣན་པ་ཡིན་ལ། རང་ཉིད་ཀྱི་ངོས་ནས་ཀྱང་དུས་རྟག་ཏུ། ང་ལ་རིག་གནས་མེད། ཡི་གེ་མི་ཤེས་པས་གྲོང་ཁྱེར་ནང་དུ་ཕྱིན་ན་དུད་འགྲོ་ནང་བཞིན་རེད་འདུག་སོགས་ཟེར་ནས་སྡུག་ཡུས་ལུང་པ་གང་ཤོད་མི་དགོས་པ་ཞིག་ཡོང་ངེས།

མ་ཟད་དེང་སྐབས་བོད་ཡིག་སྦྱངས་ན་མདུན་ལམ་མེད་ཟེར་བའི་གཏམ་འཆལ་ཞིག་ག་ས་གང་དུ་ནད་ཡམས་བཞིན་ཁྱབ་ཅིང་། མང་མང་གིས་དེ་ལ་བདེན་ཁ་ཡང་སྟེར་བཞིན་འདུག འུ་ཚོས་བསམ་གཞིག་ཞིབ་མོ་ཞིག་བཏང་ན། སྐད་ཆ་དེ་ཤོད་མཁན་དག་ནི་ཧ་ལམ་བོད་ཡིག་སྦྱངས་ནས་བྱང་བར་གྱུར་ནའང་མདུན་ལམ་མེད་པར་ལུས་བསྡད་ཡོད་པ་ཞིག་ལོས་ཡིན་སྙམ་དུ་དྲན་སྲིད་མོད། དོན་དངོས་ཐོག་ཁོ་ཚོ་ནི་ཏག་ཏག་བོད་ཡིག་ལ་མི་དགའ་མཁན་དང་། བོད་ཡིག་མི་སྦྱོངས་མཁན། སྦྱངས་རུང་མ་ཤེས་པའི་རིགས་ཁོ་ན་རེད། ཁོ་ཚོས་བོད་ཡིག་ལ་རྩ་བ་ནས་མ་སྦྱངས་པའམ་ཅུང་ཟད་སྦྱངས་པ་དག་ཀྱང་མཐའ་མ་འཁྱོལ་བས་བོད་ཡིག་སྦྱངས་ན་མདུན་ལམ་ཡོད་མེད་ཇི་ལྟར་ཤེས་སོང་བ་རེད་དམ། ཡང་ན་ཁོ་ཚོས་བོད་ཡིག་ལ་མཁས་པའི་མི་སུ་ཞིག་མདུན་ལམ་མ་རག་པར་ལུས་བསྡད་པ་ཞིག་མཐོང་སོང་བ་རེད། ལྷ་སར་རྩ་བ་ནས་འགྲོ་མ་མྱོང་ཞིང་དེ་ལ་རྒྱུས་མངའ་ཡེ་ནས་མེད་མཁན་ཞིག་གིས་ལྷ་ས་སྐྱིད་པོ་མི་འདུག་ཟེར་ན་སུ་ཞིག་གི་རྣ་བར་འགྲོ་སྲིད་དམ། སུ་ཞིག་གིས་འདི་ལྟར་ཟེར་ང་ཚོ་ལ་དགོད་རྒྱུ་ཞིག་མི་ཡོང་ངམ། འོན་ཏེ་བོད་ཡིག་སྦྱངས་ན་མདུན་ལམ་མེད་ཅེས་པའི་སྐད་ཆ་དེ་ལ་ནི་འདི་ལྟ་བུའི་ཡིད་ཆེས་བྱེད་པ་ནི་ཅི་ཕྱིར་ཡིན་པ་བདག་གིས་རྟོགས་མ་སོང་། འདི་ནི་སངས་རྒྱས་ཀྱི་བཀའ་སློབ་ཚད་མ་དངོས་སུ་ཐོས་པ་ཞིག་ཡིན་ནམ་ཡང་ན་ཚན་རིག་གི་བརྟག་དཔྱད་འབྲས་བུ་ཀུན་ལ་བསྒྲགས་བཞག་པ་ཞིག་རེད་དམ། དེ་འདྲ་ཡིན་ན་ནི་བདེན་དུ་ལོས་བཟུང་མོད། དེ་ནི་སྐྱེ་བོ་མདོ་མེད་ཅོལ་ཅུང་འགའ་ཡིས་འོལ་ཚོད་དུ་སྨྲས་པ་ཙམ་དུ་ཟད། མཇུག་ཏུ་བདག་གིས་ཤོད་འདོད་པ་ནི། དེང་གི་དུས་སྐབས་སུ་བོད་ཡིག་སྦྱངས་ཤིང་བོད་ཡིག་ལ་མཁས་པའི་སྐྱེ་བོ་མང་ཤོས་ནི་རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་སློབ་ཆེན་དང་ལས་ཁུངས་མང་པོ་ཚང་ག་ཤིག་ཤིག་གིས་གདན་དྲངས་ཏེ་སློབ་དཔོན་ཆེན་མོའི་མཚན་སྙན་གསོལ་དང་གསོལ་བཞིན་པ་ཡིན། མ་ཟད་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཀུན་གྱིས་མ་བགྲོས་གཅིག་མཐུན་དུ། དུས་རབས་ཉེར་གཅིག་པར་བོད་རིག་པའི་དུས་རབས་སུ་འབོད་ཀྱིན་ཡོད། ཁ་གསལ་དུ་བཤད་ན་དེང་སྐབས་འཛམ་གླིང་ཁྱོན་དུ་བོད་སྐད་དང་བོད་ཡིག དེའི་ཐོག་ཏུ་ཆགས་ཡོད་པའི་ནང་རིག་པ་དང་གསོ་བ་རིག་པ་སོགས་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་གྱིན་ཡོད་པས། བོད་ཡིག་སྦྱོང་མཁན་ལ་མདུན་ལམ་མེད་ཟེར་བ་ནི་ལྟ་རྒྱ་དང་མཐོང་རྒྱ་མེད་པའི་རང་མཚང་ཕྱི་མངོན་པའམ། མིག་ཕོར་པ་ཙམ་གདངས་ནས་ལོང་གཏམ་རི་ཙམ་ཞིག་བཤད་པ་ཡིན་ནོ། །

ལེ་ལོ་དང་སྒྱིད་ལུག་ཆེ་བ་བོད་རིགས་ཀྱི་རང་གཤིས་ཡིན་པས། འོ་ན་དེང་སྐབས་འཛམ་གླིང་ཀུན་དུ་བོད་ཀྱི་རིག་གནས་ལ་དེ་ལྟ་བུའི་མཐོང་ཆེན་བྱེད་ཀྱིན་ཡོད་ན་ང་ཚོ་ངལ་གསོས་ནས་བསྡད་ན་ཆོག་ཆོག་རེད་བསམས་པའི་འཁྲུལ་ཤེས་ཤིག་སྐྱེ་སྲིད། དོན་དུ་རང་གི་བདེ་སྡུག་རང་གིས་སྐྱོངས་དགོས་ཀྱི། ཕྱི་གླིང་བ་ཚོར་ཞིབ་འཇུག་དང་ལེགས་གྲུབ་ཅི་ཞིག་བྱུང་བར་ཆ་བཞག་ནའང་དེ་ཕྱི་གླིང་བའི་ཡིན་གྱི་ངེད་ཚོའི་མིན། འདི་ལྟར་ལེགས་གྲུབ་ཀྱི་འབྲས་བུ་རེ་རེ་བཞིན་ཁོ་ཚོར་སྤྲད་བཞག་ནས་འུ་ཚོ་བློ་ཡིད་ཚིམས་ནས་བསྡད་ན། མཐར་རིག་གནས་ཡོད་ཚད་མི་རིགས་གཞན་དང་གཞན་གྱི་སྐད་ཡིག་ཐོག་ཏུ་གནས་སྤོས་རྗེས། ང་ཚོ་ཕྱི་རྒྱལ་དུ་བོད་སྐད་ཡིག་དང་བོད་ཀྱི་རིག་གནས་སྦྱོང་བར་འགྲོ་དགོས་པའི་གནས་བབས་སུ་ལྷུང་སྲིད། གདོང་དམར་བོད་པའི་རིགས་རྒྱུད་གཅིག་གི་ངོས་ནས་བཤད་ན་རང་གི་སྐད་ཡིག་དང་རིག་གནས་གཞན་གྱི་ས་ནས་གསོལ་རས་ཞུ་དགོས་པའི་གནས་བབས་དེ་ལས་ཉམས་དམའ་བ་དང་། ངོ་ཚ་དེ་ལས་ཆེ་བ་ཞིག་གང་ན་ཡོད་དེ། གང་ནའང་མེད་དོ། ། དོན་དངོས་སུ་འཛམ་གླིང་ཀུན་ཏུ་བོད་ཀྱི་རིག་གནས་ལ་མཐོང་ཆེན་བྱེད་བཞིན་པའི་གོ་སྐབས་བཟང་པོ་འདི་དམ་དུ་བཟུང་ནས་ང་ཚོས་རང་ཉིད་ཀྱི་སྐད་དང་ཡི་གེས་གཙོས་བྱས་པའི་རིག་གནས་མཐའ་དག་རྒྱུན་འཛིན་དང་དར་སྤེལ། གསར་གཏོད་བཅས་བྱས་ཏེ། བོད་སྐད་ཡིག་དང་བོད་ཀྱི་རིག་གནས་དེ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་པ་ཞིག་ཡོང་ཐབས་ལ་འབད་དགོས་པ་ནི་བོད་རིགས་ཤིག་གིས་རང་མི་རིགས་ལ་འགན་འཁྲི་འཁུར་སྟངས་ལེགས་ཤོས་ཡིན་ལ། བོད་རིགས་ཤིག་གིས་རང་གི་མདུན་ལམ་འཚོལ་སྟངས་འཚམས་ཤོས་དང་བརྟན་ཤོས་ཀྱང་ཡིན་པས། འདི་ཐད་ནས་ཅི་ཞིག་བསྒྲུབ་རྒྱུ་དང་གང་ཞིག་ལ་འབད་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ནོ། །

བསྟོད།6

དཔྱད་མཆན་སྤེལ།