རྫས་ངན་དུ་བའི་ཉེས་དམིགས།

ནག་ལྡོང་འཁྱམས་པོ།

སྟོན་པ་མཉམ་མེད་ཤྰཀྱའི་རྒྱལ་བོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་འདུད་དོ།

ཉེ་ལམ་ཟླ་བ་ཁ་ཤས་ཀྱི་གོང་རོལ་ཏུ་གསར་ཤོག་རེ་ཟུང་ཞིག་གི་ལྟེབ་བར་ནས། ཁོ་བོས་དུ་བ་ལ་ཆགས་སྲེད་ཀྱིས་འགྲམ་ཆུ་འཛར་འཛར་དང་དུ་བའི་དགེ་མཚན་བསྔོགས་འདོན་བྱེད་པར་འདོད་པའི་མི་བུ་ལ་ལ་ཞིག་གི་སེམས་པའི་ནང་དུ་འཕྲོད་འཕྲོད་དང་འགྲིགས་འགྲིགས་མ་ཡིན་པའི་ཕོག་ཐུག་རེ་བཟོས་སོང་ལ། ཟུར་ཟ་དང་འཕྱ་སྨོད་ཀྱི་ལུད་སྐྱུག་རྫོབ་པོ་རེ་འཁྱམས་པོའི་ངོ་གདོང་ཆུང་ཆུང་ལ་གཏད་པའི་ངང་ཚུལ་དགོད་བྲོ་བོ་རེ་ཡང་ཡོད་ཚོད་འདུག་སྟེ། བསྟོད་བསྔགས་ཙམ་གྱི་རྗེས་སུ་འདུར་འགྲོ་བ་དང་ངན་སྨོད་ཙམ་གྱིས་མགོ་བོ་བྲང་ཁར་ལྷུང་འགྲོ་བ་ནི་སྡར་མ་ཞིག་གི་གཤིས་སུ་རང་གིས་དངོས་འཛིན་བྱེད་པར་འདོད་དོ། ༼སྔར་དུ་བའི་ཉེས་དམིགས་ཕྱོགས་ཙམ་གླེང་བ་ལས༽་དེང་རབས་ཚན་རིག་པའི་སྡེ་ཁག་དག་ལས་ཕུལ་ཏུ་ཕྱིན་པའི་རབ་འབྱམས་པ་འགའ་ཞིག་གིས་དུ་བ་ནི་མིའི་ལུས་ཕུང་ལ་གནོན་སྐྱོན་ཚབས་ཆེན་བཟོ་བར་བྱེད་པའི་ཕོང་འདྲེ་དངོས་ཞིག་ཏུ་སྡོམ་ཚིག་བཀོད་པའི་སྟེང་ནས་དུ་བ་ལ་ཉིན་མཚན་གང་དུ་འབྲལ་འདོད་མེད་པ་དང་གཞན་ལ་ཡང་བརྔུབ་པར་སྐུལ་བའི་མི་བུ་ཚོ་སྡིགས་མོ་ཞིག་གི་རྣམ་པ་ལྟ་བུ་ཤོར་སོང་ལ། འོན་ཀྱང་རང་བཟོ་དང་རང་གི་འགྱུ་དྲན་ཉི་ཚེ་ལ་ཞིག་གིས་དེ་ལྟར་བྱས་པ་ག་ལ་ཡིན། འོན་ཀྱང་དུ་བའི་ཉེས་དམིགས་ཡང་བསྐྱར་གླེང་འདོད་ལ་སྐྱབས་འགྲོ་ཅན་དག་གིས་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་འཛིན་པའི་ཚད་མའི་སྐྱེས་ཆེན་ཚོའི་ལེགས་གསུང་དྲི་མ་མེད་པ་དེ་འདི་རུ་ཞལ་འཕེན་པར་འདོད་པ་ལས་རང་གི་ཡིད་དཔྱོད་ཀྱིས་འགྲིགས་འགྲིགས་བཟོ་བར་དཀའ་ཁག་དང་སུན་སྣང་འཕྱོ་གི་འདུག དེ་ལ་རྫས་ངན་དུ་བ་འདི་ནི་སྔོན་བདུད་རྒྱལ་སྲོག་དང་བྲལ་མ་ཐུབ་པར་ཡོད་པའི་ཚེ་ན་བུ་མོ་སྤུན་བདུན་ཁ་འཆམས་ནས་རང་རང་གི་མངལ་ཁྲག་ས་ལ་གཏོར་ནས་རེག་ཚད་ཀྱི་སེམས་ཅན་ཐམས་ཅད་དམྱལ་བ་ལས་མི་ཐར་བའི་འབྲས་བུ་རེ་རེ་སྐྱེ་བར་སྨོན་ལོག་བཏབ་པས་བདུད་རྒྱལ་སྲོག་དང་བྲལ་ཏེ་ཤི་བ་དང་འཐར་འབྲས་བུ་བདུན་པོ་སོ་སོར་སྨིན་པ་ལས་ཆང་ཕབ་ཀྱི་བཅུད་མེ་ཏོག་དུང་ཐིག་དཀར་པོ་དང་རྫས་ངན་ཁ་དུད་དང་སྣ་དུད་འདི་དག་ཡིན་པར་གསུང་ལ། རི་བོ་མ་ལ་ཡ་ཡི་གནས་སུ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འཁོར་རིག་ཅན་དྲྭ་མ་ལྔ་ལ་གསང་སྔགས་འབྲས་བུའི་ཆོས་རྣམས་སྟོན་པའི་ཚེ་ན་བཟང་པོ་ལྷའི་སྤྲུལ་བ་དང་ངན་པ་བདུད་གྱི་སྤྲུལ་བ་གཉིས་འོང་བ་ཡིན་ཏེ་ལར་བླ་མ་ནི་སེམས་ཅན་སྟོང་གི་སྲོག་གཅོད་པ་དང་། ཆོས་ཟོབ་ཟོབ་ཀྱི་མི་མགོ་བསྐོར་བ་དང་བཙུན་མོ་རོལ་དུ་ཁྲིད་པ་སོགས་མཛད་སྤྱོད་དམན་པ་གདོལ་ལས་བྱེད་པ་དེ་ཀུན་བདུད་ཀྱི་སྤྲུལ་བ་ཨེ་ཡིན་མི་ཤེས་ལ་སློབ་མ་ཡང་གདོལ་བ་དང་སྨད་ཚོང་མ་དང་ཉ་བ་རྔོན་པ་ཚུལ་འཆད་བཀའ་ལོག་སོགས་ཅི་ལྟ་བུ་དེ་དག་བདུད་ཀྱི་སྤྲུལ་བ་ཨེ་ཡིན་མི་ཤེས་ཏེ། དེ་རྣམས་ཀྱི་ནང་ནའང་སངས་རྒྱས་དང་བྱུང་ཆུབ་སེམས་དཔའི་སྤྲུལ་བ་མ་ངེས་པའི་གཟུགས་སུ་སྤྲུལ་ནས་འགྲོ་དོན་གང་ལ་གང་འདུལ་དུ་མཛད་པའི་ཕྱིར་བྱོན་ཡོད་པས་སྙིགས་དུས་ཀྱི་གང་ཟག་རྣམས་ཀྱིས་བཟང་པོ་ལྷའི་སྤྲུལ་བ་དེ་བརྟསག་དཀའ་བ་ཡིན་ནོ། ངན་པ་བདུད་ཀྱི་སྤྲུལ་བ་ནི་ཅང་ཟད་བརྟགས་སླ་སྟེ། དམ་སྲི་སྤུན་བདུན་གྱི་མངལ་ཁྲག་གི་ས་བོན་ལས་བྱུང་བའི་རྫས་ངན་དུག་གི་ལོ་མ་ཁ་དུད་དང་སྣ་དུད་བརྟེན་པའི་གང་ཟག་དེ་ཡིན། སྣང་སེམས་དུ་མ་རོ་གཅིག་ཐོབ་པ་ལྟ་བུའི་ངང་ནས་བྱ་ལྟར་ནམ་འཁར་འཕུར་བ་དང་ཆུ་ལ་ཉ་ལྟར་བྱིང་བ་རི་བྲག་ལ་ཟང་ཐལ་དུ་འབྱིན་པ་སོགས་དང་མངོན་ཤེས་ཀྱིས་སྣང་སྲིད་ཐམས་ཅད་མཁྱེན་ནུས་ནའང་དེ་ནི་བདུད་ཀྱི་སྤྲུལ་པར་གདོན་མི་ཟ་གསུངས་འདུག་གོ རྫས་ངན་དུ་བ་བསྟེན་པར་གྱུར་ན་གློ་བ་ནད་ཀྱིས་ཟིན་པ་དང་ཁ་ཆུ་དང་སྣ་ཆུ་མང་བ་རིག་པ་མི་གསལ་བར་ལྡབ་ལྡིབ་དུ་འགྱུར་བ་དང་བརྗེད་ངེས་ཆེ་བ་ལུས་པོ་ལ་ཤ་རྒྱས་པའི་གེགས་སུ་འགྱུར་བ་དང་རྩ་དབུ་མར་མུན་པ་འཁྲིགས་པ་སོགས་ཀྱིས་མཚོན་པའི་ཉེས་པའི་ཆ་མང་དུ་མཆིས་ལ། ཇོ་བོ་རྗེས། དུ་རུ་ཥ་ནི་སུས་བསྟེན་ན།། ཉོན་མོངས་དུག་ལྔ་མེ་ལྟར་འབར།། ཚེ་འདིར་མི་ཁ་བྲ་མཆུ་ལྡིང་།། ཤི་ནས་ངན་སོང་རྒྱུན་མར་འཁོར།། མི་རུ་སྐྱེས་ཀྱང་སྨྱོན་པར་སྐྱེ་གསུངས་བ་དང་།། རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོས། སྨོན་ལོག་བདུད་ཀྱི་རྫས་ངན་དེ།། དངོས་སུ་སྤྱོད་ན་སྨོས་ཅི་དགོས།། སྨན་ལ་དུད་པའི་བསྡེབས་སྤྱོར་ནས།། ཉིན་བདུན་མཐུང་ན་ནད་པ་དང་།། སྨན་པ་གཉིས་ཀ་དམྱལ་བ་ནས།། བསྐལ་བ་བདུན་དུ་ཐར་མི་འགྱུར་གསུངས་བ་དང་།། རྫ་དཔལ་སྤྲུལ་རིན་པོ་ཆེས། དུ་བ་སེན་གང་ཙམ་ཞིག་འཐེན་གྱུར་ན།། མ་ཎི་དུང་ཕྱུར་འདོན་ཡང་བཤགས་མི་ནུས།། ཉེས་དམིགས་ཐམས་ཅད་ཀུན་གྱི་རྩ་བ་ཡིན།། ཁ་ལག་འབྲེལ་ཚད་ངན་སོང་གནས་སུ་ཁྲིད་ཅེས་པ་དང་། ཞབས་དཀར་བས། རྫས་ངན་དུ་བ་སུས་འཐེན་ན།། དབུ་མའི་ནང་ཀུན་མུན་ནག་འཁྲིགས།། རོ་སྐྱང་རྩ་བུག་གཏན་ནས་འགགས།། རྫོགས་པའི་སངས་རྒྱས་བྱོན་གྱུར་ཀྱང་།། འཆི་དུས་འཕོ་བ་ཐེབས་མི་སྲིད་ཅེས་པ་དང་།། འཇམ་དབྱངས་བཞད་པས། དྲི་ངན་དུད་པ་འདི་ཉིད་ཀྱིས།། ལས་ངན་སེམས་ཅན་ངན་འགྲོར་ཁྲིད།། དམྱལ་བ་མ་གཏོགས་འགྲོ་ས་མེད།། དུག་ནག་སྲེད་པ་ཤིན་ཏུ་ཆེ།། དུད་ཁུག་ལུས་དང་འབྲལ་མེད་བྱེད།། དུད་ཚག་དུད་ཁུག་གཡག་ར་ཀུན།། སྔས་འགོར་བཞག་ནས་ཤི་ཉིན་ན།། ཁ་སྣ་གཉིས་ནས་དུད་ཁུ་འོང་།། རོ་མཐོང་མི་ཡི་ཞེན་ཁ་ལོག། བེམ་པོ་དུག་ཤ་བྱས་མི་ཟ།། ངན་སོང་གནས་ནས་ཐར་བ་མེད་ཅེས་གསུངས་བ་དང་། གཞན་ཡང་ཨྱོན་ཆེན་པོའི་གསུང་དང་འདུལ་བ་གསེར་མདོག་དང་རཏྣ་གླིང་བའི་གསུང་དང་ས་སྐྱ་པཎ་ཆེན་གྱི་གསུང་སོགས་གྲུབ་བརྙེས་ཀྱི་སྐྱེས་ཆེན་མང་པོའི་བཀའ་པོད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དག་ལས་མཇལ་རྒྱུ་འདུག་ལ། འོན་ཀྱང་ལས་འབྲས་ལ་ཡིད་རྟོན་མེད་པའི་མུན་འཐོམས་འགའ་རེ་དང་ཡོད་ཚད་ལ་རྟོག་གེ་བྱེད་པ་རེ་ཟུང་གིས་རང་རང་ས་ནས་གཡག་སྣ་ཁུ་ཚུར་བྱེད་སྲིད་ལ། སྐྱབས་གནས་ཡང་དག་འཚོལ་མཁན་དང་ལས་འབྲས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་ན་ཚད་མའི་སྐྱེས་བུ་ཆེན་པོ་འདི་དག་གི་ཞལ་གསུང་དང་ལེན་བྱས་ཏེ་རང་རང་ས་ནས་ལེགས་པའི་ལམ་ཞིག་བསྙེག་དགོས་བར་སེམས་སོ།

༢༠༠ ༡༢ ༧ ༡༣ སློབ་གླིང་ནས། འདིས་ཀྱང་རྒྱལ་བསྟན་ལ་བྱ་བ་བྱེད་ནུས་པར་གྱུར་ཅིག །

བསྟོད།7

དཔྱད་མཆན་སྤེལ།