ཁ་ཕོ་ཆེ་བའི་ན་གཞོན་སྐོར་ཞིག

རྔོག་རུ་བ།

༄༅།།ད་ལྟའི་བརྡ་འཕྲིན་ཆེ་ཆེར་དར་བཞིན་པའི་སྐབས་འདིར་མཚོན་ན་སུས་ཀྱང་ཁ་མི་དལ་དགེ་སྐྱོན་གླེང་བརྗོད་དང་ལག་མི་དལ་སུག་བྲིས་གང་འདོད་དུ་སྤེལ་བཞིན་པ་ནི་དགའ་འོས་པའི་དོན་ཞིག་གམ་ཡང་ན་ཡི་མུག་པའི་གནས་ཤིག་ཀྱང་མ་ཡིན་ནམ།
སྤྱིར་གནའ་དེང་གང་ལའང་མཛད་རྗེས་རླབས་ཆེན་བསྐྲུན་ཅིང་འཕྲིན་ལས་རླབས་ཆེན་(དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་)གཉེར་བཞིན་པའི་སྐྱེས་བུ་དམ་པ་རྣམས་ནི་ང་ཚོས་ནམ་ཡང་བཀུར་བར་འོས་པ་དང༌མིག་དཔེར་འཛིན་རུང་།ལྷག་པར་དུ་དེ་དག་གི་མཛད་འཕྲིན་ལ་ཡི་རང་དང་གཙིགས་ཆེན་བྱ་དགོས་པར་སེམས།རྒྱུ་མཚན་ནི་ཁོང་ཚོའི་རྔུལ་ཁྲག་ལ་བརྗེས་པའི་གཅེས་ནོར་ཏེ་སྲོལ་རྒྱུན་རིག་གནས་ཀྱིས་ད་གཟོད་ང་ཚོ་ས་སྒང་འདི་ལས་འབོར་དུ་མ་བཅུག་ཅིང་འཆི་རུ་མ་བཅུག་པ་མ་ཡིན་ནམ། ཡིན་ནའང་ད་ལྟ་གསར་བུ་མགོ་སྟོང་སྐོར་ཞིག་གམ་གསར་འགྲོགས་ལ་དགའ་བ།བསམ་བློ་ན་ཕྲ་བ།རྟོགས་སད་པ་ཡིན་ཞེས་གཞན་གྱི་རྗེས་ཟློས་དང་སྨྱོ་གར་འཁྲབ་རྒྱུར་དགའ་བའི་ན་གཞོན་སྐོར་ཞིག་གིས་གནའ་དེང་གང་ལའང་ཕན་ཐོགས་ཆེ་ཞིང་མི་རིགས་རིག་གནས་ལ་ཤ་ཞེན་རུས་ཞེན་གཏིང་ནས་ཆེ་བའི་མི་སྣ་རྣམ་པས་མ་འཇོན་ཚུལ་དང་མ་འཁྱོངས་ཚུལ།ཁོང་ཚོའི་བསམ་བློ་དང་ལྟ་བ་རྙིང་བ་ཡིན་ཚུལ།ད་ལྟའི་འཚོ་བར་ཕན་མི་ཐོགས་ཚུལ་སོགས་ཐ་ན་རླབས་ཆེ་བའི་མཛད་རྗེས་དང་གྲུབ་འབྲས་གང་ལ་ཡང་འདང་མི་རྒྱག་པར་འཆལ་གཏམ་སྣ་ཚོགས་བྱུང་རྒྱལ་དུ་སྨྲས་དང་སྨྲ་བཞིན་འདུག
ཁྱོད་ཀྱིས་འཆལ་གཏམ་བྱུང་རྒྱལ་དུ་སྨྲ་བར་རྒྱུ་མཚན་ཞིག་དང་རྒྱུ་རྐྱེན་ཞིག་ཡོད་སྲིད་ལ། ཁྱོད་ལ་དེ་ལས་ལྷག་པའི་གྲུབ་འབྲས་ཤིག་དང་ལྟ་བ་ཞིག་སྟོན་རྒྱུ་དགོས་འདུག གལ་ཏེ་ཁྱོད་ལ་འབྲས་བུ་གྱ་ནོམ་པ་ཞིག་གམ་ལྟ་བ་ཡང་དག་པ་ཞིག་བརྗོད་རྒྱུ་མེད་ན། ཁྱོད་ཀྱིས་བཤད་པ་མཐའ་དག་སྙིང་བོ་ཅི་ཡང་མེད་པའི་ལབ་རྡོལ་ཁོ་ནར་ཟད་པས་སུ་ཞིག་གིས་ཁྱོད་ལ་ཡིད་རྟོན་འཕེར་རམ། དོན་དུ་རང་ཉིད་ལ་ཅི་ཡང་མེད་པའི་ངན་མཚང་རྫོབ་པོ་དེ་ཕྱི་རུ་བསྟན་པ་མ་ཡིན་ནམ།
ཡང་གང་ཞིག་བྲིས་མ་ཐག་ནས་རྩོམ་པ་པོར་རློམ་པའི་ན་གཞོན་སྐོར་ཞིག་གིས་རྩོམ་འབྲི་བ་ནི་ཡི་གེའི་རོལ་རྩེད་ཅིག་གམ། རང་ཉིད་ཀྱི་ལག་ཆ་ཙམ།ཐ་ན་གཞན་ལ་བསམ་བློ་མི་གཏོང་བར་ཡི་གེའི་གད་སྙིགས་གང་འདོད་དུ་སྤེལ་བཞིན་པ་དེ་ནི་གཅིག་ནས་རྩོམ་རིག་གི་རླབས་ཆེན་འགན་འཁྲི་དང་འདུ་ཤེས་མ་རྟོགས་ཤིང་། གཉིས་ནས་གུ་དོག་པའི་བསམ་བློ་དང་རང་ཉིད་སྒྲོག་འདོད་ཀྱི་ཀུན་སློང་བཅོས་མ་དེས་ལན་ནམ་སྙམ།
རྩོམ་པ་པོར་རློམ་པའི་ན་གཞོན་དེ་དག་གིས་ཁ་ནས་ཆེན་པོ་ཆེན་པོ་ཞིག་བརྗོད་བཞིན་ཡོད་ཀྱང་དོན་དུ་ཡིག་སྐད་དག་མ་ཞིག་དང་སྐད་ཆ་བདེ་མོ་ཞིག་ཀྱང་འབྱོར་ཐུབ་ཀྱིན་མི་འདུག་མོད།ཡིན་ནའང་རང་ཉིད་སྙན་ངག་པ་ཞིག་ཡིན་ཁུལ་གྱིས་དྲ་མིང་བརྗིད་པོ་རེའམ་འཇིགས་སུ་རུང་བ་རེས་དབུ་བརྒྱན་པ་མ་གཏོགས་རྩོམ་དང་དཔྱད་བརྗོད་གང་ལ་ཡིག་ནོར་དང་ཁ་སྐད་ཀྱིས་ཡོངས་སུ་གཏམས་པས་ཀློག་པ་པོར་དུངས་པ་སྟེར་རྒྱུ་ཕར་ཞོག་ཐ་ན་ཞེན་པའང་ལོག་ཏུ་འཇུག་སྲིད།
རྩོམ་པ་པོ་ནི་མིའི་རིགས་ཀྱི་མགྲིན་ཚབ་པའམ་མི་རིགས་ཀྱི་གདོང་མཆོང་བ་ཞིག་ཡིན་པའི་ཆ་ནས་མི་དམངས་དང་མང་ཚོགས་ཀྱི་ཕྱོགས་ནས་ལངས་དགོས་པར་འདོད་ལ།མི་རིགས་ཀྱི་བདེ་སྡུག་མ་ལུས་དབྱངས་སུ་གྱེར་མཁན་གྱི་གླུ་བ་ཞིག་ཀྱང་ཡིན་དགོས་པར་འདོད།།
གོང་ནས་བརྗོད་པའི་རྩོམ་པ་པོ་དེ་དག་གི་རྩོམ་ལ་བལྟས་ཚེ་ཞེ་མེར་བ་ཞིག་དང་ཞེན་པ་ཞིག་གཏིང་ནས་ལོག་འོང༌།དེ་ནི་ཁོ་ཚོའི་བརྩམས་ཆོས་ཀྱི་བརྗོད་བྱ་རྗོད་བྱེད་གང་ལའང་ལེགས་པའི་ཆ་མེད་པའམ་ཉུང་དྲགས་པས་ཡིན་པ་འདྲ།དོན་གྱི་ཆ་ནས་རྙོག་དྲགས་པས་ཁོ་རང་གིས་ཧ་གོ་ན་མ་གཏོགས་ཀློག་པ་པོ་རབ་འབྲིང་ཐ་གསུམ་གང་གིས་ཀྱང་ཧ་གོ་གི་མི་འདུག་ཅེས་མགོ་བོ་ཐད་དུ་གཡུག་བཞིན་པའི་བརྩམས་ཆོས་དང་གཅིག འདོད་གཏམ་(ལུས་སྨད་)དམར་རྗེན་དུ་བརྗོད་པས་རང་རེས་རླབས་ཆེན་དུ་བཀུར་བའི་ཁྲེལ་དང་ངོ་ཚ་རྩ་བ་ནས་དོར་བའི་བརྩམས་ཆོས་དང་གཉིས།རྗེས་རབས་པ་ལོག་ལམ་དུ་ཁྲིད་པའི་ནག་ཉེས་ཅན་གྱི་བརྩམས་ཆོས་དང་གསུམ་གྱིས་འཐུས་པར་བྱ་ལ།རྗོད་བྱེད་ཀྱི་ཆ་ནས་ལུང་སྐད་དམ་གྲོང་སྐད་བསྲེས་པས་ཧ་མི་གོ་བ།བརྡ་སྤྲོད་ཀྱི་གཞུང་ལྟར་མི་འགྲོ་ཞིང་ཡིག་ནོར་མང་བས་དོན་ལ་གོ་འཛོལ་བྱུང་བ།ཚིག་གྱོང་དྲགས་པས་སྙན་ཆས་དབེན་པ་སོགས་ཤིན་ཏུ་མང་བར་འདུག
ཁོ་ཚོས་ད་རུང་རང་ཉིད་ཀྱི་ངོ་ཚ་འགེབ་ཆེད་དུ་དོན་གྱི་ཧ་མི་གོ་བ་ནི་ཆུ་ཚད་ཞན་པས་ལན་ཞེས་དང༌།འདོད་གཏམ་དམར་རྗེན་དུ་བརྗོད་པ་ནི་བཤད་ཕོད་སྒྲུབ་ཕོད་ཀྱི་སྙིང་སྟོབས་མངའ་བས་ཡིན་ཞེས་ཁ་ཤོམ་འཐེན་བཞིན་འདུག་སྐད།བདག་གིས་བསམས་ན་བརྗོད་བྱ་རྗོད་བྱེད་གང་ལ་ཡང་ལེགས་ཆ་ཉུང་བའི་བརྩམས་ཆོས་ནི་ཡི་གེའི་གད་སྙིགས་ཤིག་ལས་ཅི་ཡང་མིན་པར་སྙམ་ལ།ཁྱོད་ཀྱིས་ཡི་གེའི་གད་སྙིགས་སྤུངས་པ་ལས་འདོད་གཏམ་དམར་རྗེན་འབྲི་རྒྱུར་སྤྲོ་ན་མཁས་དབང་དགེ་ཆོས་ཚང་གི་འདོད་པའི་བསྟན་བཅོས་ལྟ་བུ་རྩོམ་དང་དེས་ཆོག་སྟེ་འོང༌།དེ་མིན་ཕྱི་རབས་པ་དང་ན་ཆུང་མང་པོ་ཞིག་གི་དྭངསས་གཙང་གི་སེམས་ཁམས་དང་བསམ་བློ་མི་སྦགས་པར་ཞུ་ཞེས་རེ་བ་སྙིང་ནས་ཞུ་བ་དང་ཆབས་ཅིག་དྲ་བའི་རིག་གནས་སྔར་ལས་དར་སྤེལ་དང་གོང་འཕེལ་དུ་འགྲོ་བར་ཕན་ཨེན་ཙམ་ཐོགས་ན་སྙམ་པའི་ཀུན་སློང་གིས་ཀྱང་ངོ་།།

༢༠༠༨ལོའི་ཟླ་༨ཚེས་༡༤དགུང་མོར།

བསྟོད།5

དཔྱད་མཆན་སྤེལ།