བཙན་པོའི་ལོ་རྒྱུས་ཤིག་ལ་འཇལ་བ།

ཨ་རིན།

དེབ་ཀྱི་ཕྱེད་ཀ་རྒྱ་གར་བའི་ཆོས་ལུགས་དང་མི་རྒྱུད་ལ་གཏུགས་ཤིང་། ཕྱེད་ཀ་བཙན་པོ་གང་གི་རིང་དུ་བོད་ལ་ལྷ་ཆོས་ཇི་ལྟར་དར་བའི་བརྗོད་བྱ་༼ལྷ་གཤིས་༽ཅན་དག་ལས། ཁོ་བོས་གནའ་བོའི་བོད་ཀྱི་ཡིག་རྙིང་སྟེ། ཡིག་འབྲུ་སྟོང་ལ་ལོངས་ཙམ་ཡིན་པའི་སྟག་རི་གཉན་གཟིགས་སྐབས་ཀྱི་ཡིག་ཆ་འདི་ཀློག་དུས། དོན་གྱི་༼མི་གཤིས་༽ལྡན་པའི་མི་ཡི་ལོ་རྒྱུས་ནི་འདི་འདྲ་ཞིག་ལོས་ཡིན་དགོས་སྙམ་ལ། མི་ཡི་ལོ་རྒྱུས་དེ་ཡང་གནའ་གཏམ་དང་སྒྲུང་པས་གེ་སར་སྒྲུང་འཆད་པ་ལྟ་བུར་གཏམ་རྒྱུད་ཅན་གྱི་ངག་གི་བཟློ་བ་དེ་ཁོ་ན་ག་ལ་སྟེ། དེའི་གཞའ་དང་གསེང་ན་ཤུགས་ཀྱིས་གནས་པའི་མི་བུའི་རིག་གནས་ཀྱི་རྒྱགས་ཕྱེ་གྱ་ནོམ་པོ་དེ་རེད།

རེད་དེ། ལོ་རྒྱུས་ལ་ཕྱིའི་སྣང་ཚུལ་དང་ནང་གི་བསམ་བློ་གཉིས་ཡོད་པ་ལས། གལ་ཏེ་ལོ་རྒྱུས་ཀྱི་ནང་གི་བསམ་བློ་སྔོག་འདོན་ནུས་ན་ནི། ལོ་རྒྱུས་ཀྱི་རིན་ཐང་ཞར་ལ་རྟོགས་འོང་ཞིང་། ལོ་རྒྱུས་དེ་ཡང་ལོ་རྒྱུས་གསོན་པོ་ཞིག་ཏུ་མི་འགྱུར་གྲང་། དེ་བས། ལོ་རྒྱུས་ལ་བསམ་བློའི་རིག་གནས་ཀྱི་ལོ་རྒྱུས་ཞེས་ཀྱང་ཟེར་བ་ཡིན།

དང་པོ། ༼བདག་༽ཉིད་བཀུར་བ།

བདག་ཉིད་བཀུར་བ་སྟེ། མི་གཞི་རྩ་ཡིས་སྒེར་མིའི་རྩིས་ཐང་མངོན་དུ་གཏད་པ་ནི་བཙན་པོའི་ལོ་རྒྱུས་འདིའི་ནང་གི་སྙིང་པོ་དེ་ཡིན། མྰོ་ལི་ཡིས་༼རྒྱལ་ཁབ་ཀྱི་རིན་ཐང་དེ། ཚད་མཐོ་ས་ནས་བལྟས་ཚེ་སྔར་བཞིན་རྒྱལ་ཁབ་གྲུབ་བྱེད་ཀྱི་སྒེར་མིའི་ཡོངས་ཀྱི་རིན་ཐང་ལས་མངོན་༽ཞེས་སྨྲས་མྱོང་བ་ལྟར། རྒྱལ་ཁབ་གང་དེའི་སྲིད་ཀྱི་ཉམས་མཐོ་དགོས་ན་ཐོག་མའི་ཆ་རྐྱེན་ནི་བདག་ཉིད་དམ་སྒེར་མི་རེ་རེའི་རིན་ཐང་ལ་བརྩི་འཇོག་དང་། སྲིད་གཞུང་གིས་དེ་འདྲའི་རིན་ཐང་དང་བརྩི་འཇོག་ལ་ངེས་པར་དུ་ཁྲིམས་ཀྱིས་ཁག་ཐེག་བྱེད་དགོས་པ་ཡིན། དེས་ན་རྒྱལ་ཁབ་བམ་མི་རིགས་སམ་སྤྱི་ཚོགས་གང་ཡིན་ཡང་། སྒེར་མིའི་རྩིས་ཐང་གི་ཁེ་དབང་ནི་དེ་དག་ལས་ཀྱང་བླ་ན་ཡོད་པར་གོ་བས། དེར་སུས་ཀྱང་གང་འདོད་དུ་རྡོག་རྫིས་བཏང་མི་ཆོག་པར་འདུག

དེ་ན་ཡིག་རྙིང་དེ་ལས་༼བདག་༽ཉིད་བཀུར་ཚུལ་ནི། ༼བྲན་གྱི་ས་རིས་ཀྱི་ནང་དུ། མྱང་ནམ་ཏོ་རེ་ཁྲུ་གུ་དང་། སྨོན་ཏོ་རེ་ཙེང་སྐུ་སྤད་ཀྱང་། འཛི་ཟུང་གི་བྲན་དུ་བཆད་དོ།། འུང་ནས། འཛི་ཟུང་གི་ཆུང་མ་པ་ཙབ་བཟས། མྱང་བྲན་བྱེད་པ་ལ། དྲེགས་བཀུར་ཏེ། སྡིག་བསྣོད་སྟུ་བསྟན་ནས། མྱང་ཙེང་སྐུ་མ་རངས་སྟེ། ཟིང་པོ་རྗེ་ཁྲི་པང་སུམ་ལ། མཉན་གྱི་བྲན་མྱི་ཕོད་ཆེས་འཁངས་སྟེ་གསོལ་ཏོ་༽ཞེས་དང་། ༼དབའས་ཀྱི་ཕུ་བོ་ཕང་ཏོ་རེ་དབྱི་ཚབ་ཀྱིས། ཟིང་པོ་རྗེ་ལ། ནུ་བོ་གཤེན་གྱིས་བསད་པར་སྟོང་ཇི་གནང་༽ཞེས་གསོལ་བ་ལྟ་བུ་ལས། མཉན་འཛི་ཟུང་གི་ཆུང་མ་པ་ཚབ་བཟའ་ཟེར་བས་དབང་ཤུགས་ཀྱི་འོག་ནས་མྱང་ཙེང་སྐུ་ལ་མོ་མཚན་བསྟན་ཏེ། མྱང་ཙེང་སྐུའི་སྒེར་མིའི་རྩིས་ཐང་དང་མི་གཞི་ལ་ཁྱད་གསོད་དམའ་འབེབས་བྱས་པར། མྱང་ཙེང་སྐུས་དེ་མུར་སྒེར་མིའི་རྩིས་ཐང་ལ་གཞན་གྱིས་བརྩི་འཇོག་མ་བྱས་པ་རྒྱུ་བྱས་ཏེ་རྒྱལ་པོར་ཞུ་གཏུག་བརྒྱབ་ཅིང་། དབའས་དབྱི་ཚབ་ལ་མཚོན་ན། རང་གི་ནུ་བོ་མི་གཞན་གྱིས་བསད་པ་ལ། དེའི་སྟོང་འཇལ་དུ་ལྷན་སྐྱེས་ཀྱི་ཁེ་དབང་ངོས་ནས་ནུ་བོའི་སྒེར་གྱི་རྩིས་ཐང་སྲུང་སྐྱོབ་བྱས་ཡོད་པ་ལྟ་བུ་རེད།

དེ་ཡང་གོ་བདེ་མོར་བཤད་ན། དམངས་གཙོའི་ལམ་ལུགས་སུ་ཁྲིམས་མ་གཏོགས་ད་དུང་གལ་ཆེ་བ་ཞིག་ནི། སྤྱི་ཚོགས་དེའི་ཁྲོད་ཀྱི་སྒེར་མི་རེ་རེར་ཀུན་སྤྱོད་ཀྱི་འབྱུང་སྤུས་སྲ་མོ་ཞིག་ཡོད་ལ། གལ་ཏེ་ཀུན་སྤྱོད་ཉམས་རུལ་དུ་གྱུར་བ་ཡིན་ན་ཁྲིམས་གཅིག་པུས་དམངས་གཙོའི་ལམ་ལུགས་སྲུང་བར་མི་ནུས་པ་རེད། ཁྲིམས་ལའང་རང་བྱུང་ཁྲིམས་དང་བཅས་ཁྲིམས་ཞེས་རིགས་གཉིས་སུ་དབྱེ་ཡོད་པ་ཇི་བཞིན། ཀུན་སྤྱོད་ནི་མཐར་གཏུགས་ན་རང་བྱུང་ཁྲིམས་ཀྱི་ཁོངས་སུ་གཏོགས་པ་ཡིན། དེ་ན་སྒེར་མིའི་རྩིས་ཐང་ལྟ་བུའི་ལྷན་སྐྱེས་ཀྱི་ཁེ་དབང་ནི་རང་བྱུང་ཁྲིམས་ཀྱི་ཁོངས་སུ་འདུ་སྟེ། རྒྱུ་མཚན་སྒེར་མིའི་རྩིས་ཐང་དེ་བཅས་ཁྲིམས་ཀྱིས་ཐད་ཀར་བསྩལ་བ་ཞིག་མ་ཡིན་པར། སྒེར་མིའི་ལྷན་སྐྱེས་སུ་མཆིས་པར་ལོ་རྒྱུས་ཀྱི་འཕེལ་རིམ་རིང་མོའི་ཁྲོད་འགྲོ་མི་ཡོངས་ལ་ངོས་འཛིན་གཅིག་པ་ལས་བྱུང་ཞིང་། དེ་ལྟ་བུའི་དཔྱོད་ཤེས་ཀྱིས་ད་གཟོད་བཅས་ཁྲིམས་ཀྱི་ངོས་ནས་བརྩི་འཇོག་དང་སྲུང་སྐྱོབ། ཁག་ཐེག་བྱས་པ་རེད། དེ་ལྟར་བཤད་ན། ཁེ་དབང་ནི་ལྷན་སྐྱེས་ནས་ཡོད་པ་ཞིག་དང་ཐོབ་ཐང་ནི་གཞན་གྱིས་གཏན་ལ་ཕབ་པ་ལྟ་བུས། སྒེར་མིའི་རྩིས་ཐང་ནི་སྒེར་མིའི་ལྷན་སྐྱེས་སུ་མངའ་བའི་ཁེ་དབང་ཞིག་ཡིན་པའི་ཆ་ནས་སྒེར་མི་རང་ངོས་ནས་སད་རྟོགས་བྱུང་དགོས་པ་ཞིག་མ་གཏོགས་ཐོབ་ཐང་ལྟར་གཏན་པ་ཕབ་པ་ཞིག་མིན་པ་དེའོ།།

དེར་བརྟེན། ལོ་རྒྱུས་དུམ་ཚན་དེ་ལས་ཤེས་ཐུབ་པ་ནི། དུས་དེའི་བོད་པའི་རྒྱལ་ཁམས་སུ་བློན་མྱང་ཙེང་སྐུ་ལྟ་བུའི་མི་སྣར་སྒེར་མིའི་རྩིས་ཐང་གི་རྟོགས་པ་ནང་ནས་སད་ཡོད་པར། བླ་ན་མཐོ་བའི་རྗེ་ཁྲི་པང་སུམ་ལྟ་བུའི་དབང་ཆེན་གྱི་མདུན་དུའང་། བདག་ཉིད་བཀུར་བ་སྟེ་སྒེར་མིའི་རྩིས་ཐང་གི་ཆེད་དུ་རང་གི་ཁེ་དབང་ནམ་ཞར་སྲུང་སྐྱོབ་ཀྱི་ཚུལ་གྱིས་ཡོད་ཅིང་། རྒྱལ་པོར་ཞུ་གཏུག་བརྒྱབ་ཏེ་བཅས་ཁྲིམས་ཀྱི་ངོས་ནས་ཀྱང་ཁག་ཐེག་བྱེད་དགོས་པ་ཞར་ལ་བསྟན་འདུག དེ་ཡང་ཁྲིམས་ཀྱི་དགོངས་པ་ཞེས་པའི་གསུང་རྩོམ་དུ། དམངས་གཙོའི་ལམ་ལུགས་ཀྱི་རྩ་དོན་ནི་ཀུན་སྤྱོད་ལ་རག་ལས་ཞེས་ཡོད་པ་ལྟར། དུས་སྐབས་དེར་བོད་པའི་རྒྱལ་ཁམས་སུ་སྒེར་མིའི་རྩིས་ཐང་ལྟ་བུའི་ཀུན་སྤྱོད་ཀྱི་རྟོགས་པ་ནང་ནས་སད་ཡོད་པ་དེས། དམངས་གཙོའི་ལམ་ལུགས་ཀྱི་མྱུ་གུ་ཡང་དུས་དེར་འབུས་མགོ་ཚུགས་པ་ཤུགས་སུ་གོ་ནུས་པས། བྲན་གཡོག་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་ཞེས་ཞིང་ལས་རིག་གནས་ལ་འཚམ་པའི་རིང་ལུགས་ཤིག་གིས་བརྒྱ་ཁ་གཅིག་ཆོད་བྱེད་མི་རུང་བའི་གནད་ཀྱང་འདི་ན་ཡོད།

གཉིས་པ། རང་གཅུན་སྙིང་སྟོབས།

དེ་ཡང་རང་གཅུན་སྙིང་སྟོབས་ཞེས་པ་ནི། རོལ་རྩེད་ཀྱི་རྩ་དོན་དང་སྒྲིག་སྲོལ་ལ་བརྩི་འཇོག་བྱེད་པར་གོ་སྟེ། དེར་རྟོགས་པ་ནང་ནས་སད་པའི་རང་རྩིས་ཀྱི་རྩ་དོན་ཡོད་དགོས་པར་མ་ཟད། མི་དང་མིའི་བར་ལའང་འབྲེལ་བ་ངེས་ཅན་ཡོད་པ་ཁས་ལེན་ཏེ། རང་བཀུར་གྱི་དུས་མཚུངས་སུ་གཞན་བཀུར་ཡང་དགོས་པ་དེའོ།། ཡང་ན། འདི་ནི་སྐུ་དྲག་རིག་གནས་ཀྱི་སྙིང་སྟོབས་མཚོན་བྱེད་ཀྱང་ཡིན་པར་སྨྲ་ལ། སྐུ་དྲག་སྙིང་སྟོབས་ཀྱི་ཆེས་མ་མཐའི་རེ་བ་དེ། རོལ་རྩེད་ཀྱི་རྩ་དོན་དང་སྒྲིག་སྲོལ་ལས་འགལ་མི་རུང་བའི་ཁར། རང་གི་བླ་སྲོག་དང་རྒྱབ་འགལ་ཀྱང་བྱེད་མི་རུང་བ་དེ་ཡིན། འོན་ཀྱང་། ཡིག་ཆ་འདིའི་ནང་གི་རྒྱལ་པོ་སྟག་སྐྱ་བོ་སྟེ། ༼ཟིང་པོ་རྗེ་སྟག་སྐྱ་བོ་ལྟ་ཞིག ཇི་ལ་ཡང་ལོག་པ་གཤིན་ཕྱོགས་ཤེ་དག་བྱེད་དེ། ལེགས་པ་ནི་ཉེས་པར་བཅུག། ཉེས་པ་ནི་ལེགས་པར་བཅུག་གོ། འཛངས་པ་སྙིང་ཉེ་བ། ལེགས་པའི་སྲིད་བྱས་བློ་བརྟན་པ་ནི་མི་ཉན། མྱི་གཅམ་བུ་གསག་གི་ངོ་ཟ་རི་བྱེད་པའི་ཚིག་ནི་ཆེད་དུ་ཉན་ཏོ། མྱི་འདི་སྟེ་བུ་ཡུས་བྱུང་ངོ་༽ཞེས་རྒྱལ་པོ་སྟག་སྐྱ་བོ་ལྟ་བུར་དེ་འདྲའི་སྐུ་དྲག་སྙིང་སྟོབས་ཀྱི་ཚད་གཞི་མེད་པར་གྱུར་བ་ནི། དོན་གྱིས་འཆལ་པོ་དང་ཁྲམ་པའི་རང་གཟུགས་ལས་མ་འདས་ཏེ། རྒྱུ་མཚན་འཆལ་པོ་དང་ཁྲམ་པ་སོགས་ལ་ཐུན་མོང་གི་འདྲ་ས་ཞིག་ནི། རང་གི་བླ་སྲོག་དང་རོལ་རྩེད་ཀྱི་རྩ་དོན། སྒྲིག་སྲོལ་བཅས་ཀུན་སྤྱོད་ཀྱི་རིན་ཐང་ལ་བརྩི་འཇོག་མེད་པར་སྣང་མེད་དུ་བསྐྱུར་བས་ཡིན།

འོན་ཀྱང་། རང་གཅུན་དང་ཁྲིམས་གཅུན་གཉིས་བར་གཞི་རྩའི་ཁྱད་པར་ཡོད་དེ། རང་གཅུན་ནི་རྟོགས་པ་ནང་ནས་སད་པ་ལས་རྩ་དོན་དང་སྒྲིག་སྲོལ་སོགས་རང་བཞིན་གྱིས་བརྩི་བས་བཅས་ཁྲིམས་ལྟ་བུར་བསྟེན་དགོས་མེད་ཀྱང་། ཁྲིམས་གཅུན་ནི་རྟོགས་པ་ནང་ནས་སད་ཡོད་མིན་ལ་མི་བལྟ་བར་ཁྲིམས་ཀྱི་ངོས་ནས་གཏན་ལ་ཕབ་ནས་རྩ་དོན་དང་སྒྲིག་སྲོལ་སོགས་བཙན་གྱིས་བརྩི་རུ་འཇུག་པ་ཡིན། དེ་ལྟར། མི་ཆོས་རིག་གནས་ཤིན་ཏུ་དར་བའི་རྒྱལ་ཁབ་དང་མི་རིགས་གང་དེར་རང་གཅུན་སྙིང་སྟོབས་ནི་ཤིན་ཏུ་གལ་ཆེ་སྟེ། དེས་རྒྱལ་ཁབ་དང་མི་རིགས་གང་དེའི་ལས་དབང་ཐག་གིས་བཅད་ཡོད་པ་ལྟ་བུར་འདུག དཔེར་ན། རྒྱལ་པོ་སྟག་སྐྱ་བོ་ལྟ་བུས་༼ཇི་ལ་ཡང་ལོག་པ་གཤིན་པྱོགས་ཉེས་དགུར་བྱེད་ཅིང་། མ་འོས་པའི་ཆད་པ་ནི་ནན་ཆེ་༽བ་སོགས་རོལ་རྩེད་ཀྱི་རྩ་དོན་དང་སྒྲིག་སྲོལ་གྱི་ལེགས་ཉེས་གོ་ལྡོག་པ་ལས། སྟག་སྐྱ་བོའི་རྒྱལ་ཁམས་ནི་༼གཆིག་ལ་གཆིག་སྙིང་མྱི་བརྟན་ཏེ། ཐ་དད་དུ་སེམས་༽ཤིང་། ༼སྲིད་ཀྱི་ཉམས་དམའ། ཡུལ་གྱི་མྱི་དབུལ་བས། མྱི་ཡོངས་ཀྱིས་རྗོ་བོ་ལ་འཁང་༽ཞིང་། མཐར་རྒྱལ་ཁབ་ཀྱང་འཇིག་པའི་ལོ་རྒྱུས་ཀྱི་སྐྱོ་གར་བྱུང་བ་རེད། དེ་བཞིན་སྒེར་མིའི་ངོས་ནས་བཤད་ནའང་དེ་ལྟར་ཏེ། མི་རིགས་སམ་སྤྱི་ཚོགས་གང་དེའི་སྒེར་མི་རེ་རེར་རང་གཅུན་གྱི་སྙིང་སྟོབས་མེད་པར་གྱུར་ཚེ། མི་རིགས་དང་སྤྱི་ཚོགས་གང་དེར་བདེ་ཐང་གི་མི་ཆོས་རིག་གནས་དར་མེད་པའི་མཚོན་རྟགས་ཏེ། ཁ་རུབ་ཀྱི་ངང་ཚུལ་དུ་ཡོད་པས་མི་རིགས་དང་སྤྱི་ཚོགས་གང་དེར་འཕེལ་རྒྱས་ཞེས་པ་གཏན་ནས་གླེང་ས་མེད་ཅིང་། གཞན་བསྟུན་ཏེ་བཅས་ཁྲིམས་ཀྱི་ངོས་ནས་མི་རིགས་དང་སྤྱི་ཚོགས་གང་དེའི་ཡོད་ཚད་བཙན་གྱིས་གཅུན་པ་ཡིན། དེ་བས། བཅས་ཁྲིམས་ཁོ་ནས་རྒྱལ་ཁབ་སྐྱོང་བ་ནི་ཕྱི་ངོས་སུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྣང་བ་འཆར་ཡང་། དོན་གྱིས་བདེ་ཐང་གི་རྒྱལ་ཁམས་ཤིག་ཡིན་པའི་ངེས་པ་ཁྱོན་ནས་མེད།

རང་གཅུན་ལས་ལྡོག་པའི་རྩ་དོན་ལ། ལུའུ་ཞུན་གྱིས་༼གང་ལྟར་གཞུང་ལུགས་ཀྱི་སྐུད་སྣེ་ཅུང་ཙམ་ཡང་རྙེད་དུ་མེད་པ་མཐའ་དག་ལ་འཆལ་པོ་ཞེས་པའི་མིང་གདགས་ཆོག་༽ཅེས་འགྲེལ་ཡོད་པ་ལྟར། རྒྱལ་པོ་སྟག་སྐྱ་བོས་རང་གི་བླ་སྲོག་དང་འགལ་ཞིང་རོལ་རྩེད་རྩ་དོན་དང་སྒྲིག་སྲོལ་སྣང་མེད་དུ་བསྐྱུར་བ། རང་བཀུར་གྱི་ཞོར་ཏུ་གཞན་བཀུར་ཡང་དགོས་པའི་རྟོགས་པ་སད་མེད་པ་དེས། རྒྱལ་ཁམས་ཤིག་གི་ལས་དབང་ཐག་གིས་བཅད་ཅིང་། དེ་ནི་ནུབ་གླིང་པ་ཞིག་གིས། འཆལ་པོ་དག་གིས་རྒྱལ་ཁམས་སྐྱོང་མི་ནུས་ཞེས་བཤད་མྱོང་བ་ལྟར་རོ།།

གསུམ་པ། ཁྱད་དབང་དང་འདྲ་མཉམ།

ལར་ཡུལ་སྡེའམ་རྒྱལ་ཁབ་ཞིག་སྐྱོང་བར་ཁྲིམས་ཤིག་ངེས་པར་དུ་མཁོ་ལ། ཁྲིམས་དེ་ཡང་ཡུལ་སྡེའམ་རྒྱལ་ཁབ་དེའི་རྒྱལ་པོ་དང་བློན་པོ། འབངས་མི་སེར་སོགས་སེམས་ཅན་ཀུན་གྱི་བླ་རུ་ཡོད་པ་ཞིག་ཡིན་དགོས་ཤིང་། དེ་འདྲའི་ཁྲིམས་ཀྱི་འོག་ཏུ་སྤྱི་དམངས་ཀུན་གནས་དགོས་པ་ཡིན། དེ་ན། ཁྲིམས་དེ་སེམས་ཅན་ཀུན་གྱི་བླ་རུ་ཡོད་དགོས་དོན། མདོར་དེད་ཚེ་འདྲ་མཉམ་གྱི་ཆེད་དུ་ཡིན་ལ། འདྲ་མཉམ་ཡོད་པས་སྤྱི་ཚོགས་ཀྱི་རྒྱུ་འབྲས་བློ་མིག་སྟེ་བདེན་པའང་ཡོད་པ་ཡིན། དེ་བས། འགྲོ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་དུའང་། ༼སྐྱེ་བོ་ཐམས་ཅད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་དང་། ཁྲིམས་ཐོག་ནས་དབྱེ་འབྱེད་གང་ཡང་མེད་པའི་སྲུང་སྐྱོང་འདྲ་མཉམ་དགོས་པའི་ཐོབ་ཐང་ཡོད་༽ཅེས་འཁོད་པ་ལྟར། སྤྱི་ཚོགས་དེ་བདེན་པའི་ལམ་དུ་ཞུགས་དགོས་ན། ཐོག་མར་སྒེར་མི་རེ་རེ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་དགོས་པ་ལས། དབང་ཤུགས་ཆེ་བའི་མི་ཚོས་རང་འདོད་དང་རང་གི་ཁེ་ཕན། རང་གི་དགོས་མཁོའི་ཆེད་དུ་འགྲོ་མི་ཡོངས་ངོས་འཛིན་གཅིག་པ་བྱུང་བའི་རང་བྱུང་ཁྲིམས་ཡིན་ནའང་འདྲ། སྒེར་མི་རེ་རེའི་ཚེ་སྲོག་དང་རྒྱུ་ནོར། ཁེ་དབང་སོགས་ལོངས་སུ་སྤྱོད་པར་ཁག་ཐེག་དང་སྲུང་སྐྱོབ་བྱེད་པའི་བཅས་ཁྲིམས་ཀྱི་དགོངས་པ་ཡིན་ཡང་རུང་། དེ་དག་གི་དགོངས་པ་དང་རྒྱབ་ཀྱིས་ཕྱོགས་ཏེ་ཁྲིམས་འགལ་ལག་བསྟར་གཏན་ནས་བྱེད་མི་ཆོག་པ་ཡིན།

དེས་ན། ཁྱད་དབང་ནི་དེ་ལས་ལྡོག་སྟེ་མིའམ་ཚོགས་པ་གང་རུང་ཞིག་ལ་དམིགས་བསལ་གྱི་དབང་ཆ་དང་ཁེ་དབང་། ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་པར་གོ་ཞིང་། དེས་ནམ་ཞར་བདེན་པ་དང་འདྲ་མཉམ་ལ་རྨ་ཕབ་བཞིན་ཡོད་པས། དེ་གཉིས་མེ་ཆུ་ལྟར་མཐུན་ཐབས་མེད་པ་ཞིག་ཡིན། གལ་ཏེ་ཁྱད་དབང་ཡོད་ན་འདྲ་མཉམ་དང་བདེན་པ་མེད་ལ་འདྲ་མཉམ་དང་བདེན་པ་ཡོད་ཚེ་ཁྱད་དབང་འཇུག་ཡུལ་མེད་པ་ཆོས་ཉིད་དུ་གྲུབ་འདུག་པས་ན། འདྲ་མཉམ་དང་བདེན་པ་ཞེས་པ་རྒྱལ་ཁབ་དང་སྤྱི་ཚོགས་གང་ཞིག་བརྟན་བརླིང་ཡོང་བའི་རྨང་རྡོ་ལྟ་བུར་གྱུར་ཡོད། ཡོངས་ཁྱབ་ཀྱི་རིན་ཐང་འདི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་ལོ་རྒྱུས་ལའང་མེད་པ་མིན་ཏེ། མྱང་ཙེང་སྐུས། ༼ཆབ་ཆབ་ནི་ཕ་རོལ་ན།། ཡར་ཆབ་ནི་ཕ་རོལ་ན།། མྱི་ནི་མྱི་བུ་སྟེ། ལྷ་ནི་སྲས་པོ་བཞུགས།། རྗེ་བདེན་ནི་བཀོལ་དུ་དགའ།། སྒ་བདེན་ནི་བསྟད་དུ་དགའ་༽ཞེས་མགུར་ཚན་པ་ཞིག་བླངས་ཡོད་པ་འདིས། དུས་དེའི་འཕྱོངས་རྒྱས་སུ་བཞུགས་པའི་བཙན་པོ་སྟག་རི་གཉན་གཟིགས་བྱ་བ་མི་ཡི་ནང་གི་མི་མཆོག་ཏུ་གྱུར་བ་སྟེ། དོན་དམ་གྱི་རྒྱལ་སྲས་ཤིག་ཡིན་དོན། བདེན་པ་དོན་དུ་གཉེར་ཞིང་འདྲ་མཉམ་ཀུན་ལ་བལྟ་བའི་རྒྱལ་པོ་ཞིག་ཡིན་པས་དང་། དེའི་ཚུལ་ལྷ་ཆུའི་སྐྱིད་ཆུའི་ཕར་ངོགས་སུ་མཆིས་པའི་མྱང་ཙེང་སྐུས་གསན་ཐོས་བྱུང་བར། ཁོ་བོ་རང་ཉིད་འདྲ་མཉམ་དང་དྲང་བདེན་སྐྱོང་བའི་རྒྱལ་པོ་སྟག་རི་གཉན་གཟུགས་ཀྱི་འབངས་མིར་འགྱུར་འདོད་ཀྱི་སྨོན་པ་དེ་མཚོན་ཡོད་པ་ཡིན། འོན་ཀྱང་། ཡོངས་ཁྱབ་ཀྱི་རིན་ཐང་ལ་དམའ་ཕབ་པ་ཡིན་ན། འབངས་མི་སེར་གང་དེ་རྒྱལ་པོ་དང་སྲིད་གཞུང་དེར་ཡི་ཆད་པར་ཡང་འགྱུར་ཏེ། དཔེར་ན་སྟག་རི་གཉན་གཟིགས་ཀྱི་ལོ་རྒྱུས་ལས། ༼ཟིང་པོ་རྗེ་ན་རེ། མཉན་འཛི་ཟུང་ལས་ང་ལ་སྙིང་ཉེ་མྱེད་པའི་བྲན་དུ། ཁྱོད་འདའ་མ་རན་པ་མྱེད་དོ།། རྗོ་མོས་སྡིག་བསྣོལ་སྟུ་བསྟན་བ་བས། ཁར་གླན་ཡང་རྗོ་མོ་དབང་གིས་ཉེས་པ་མྱེད་དོ་ཞེས་བསྒོ་སྟེ། གསོལ་བ་མ་གནང་ངོ་། འུང་གི་ཚིག་དེས་ཙེང་སྐུ་ཤིན་ཏུ་མ་རངས་སྟེ་ཡི་ཆད་དོའ་༽ཞེས་དང་། ༼དབའས་དབྱི་ཚབ་ཀྱིས། ཟིང་པོ་རྗེ་ལ། ནུ་བོ་གཤེན་གྱིས་བསད་པའི་སྟོང་ཇི་གནང་ཞེས་གསོལ་ནས། ཟིང་པོ་རྗེས། གཤིན་ཁྲི་བཞེར། ཁོལ་ཚབ་ནང་བློན་བྱེད་པའི་ངོ་མ་ཆོད་དེ། དགེ་བས་མྱི་དགེ་བ་བསད་ན། བསད་དུ་ཟད་དོ་ཞེས་བསྒོ་འོ།། འུང་གི་ཚིག་དེས། དབྱི་ཚབ་ཤིན་ཏུ་མ་རངས་སྟེ་ཡི་ཆད་དོ་༽ཞེས་པ་ལྟ་བུ་ལས། རྒྱལ་པོ་ཟིང་པོ་རྗེ་ཁྲི་པང་སུམ་གྱིས་ཁྲིམས་ཀྱི་མདུན་སར་རྒྱུ་འབྲས་བློ་མིག་གིས་འདྲ་མཉམ་མ་བསྟེན་པར་ཁྲིམས་ཀྱི་གོང་དུ་བསྡད་དེ། རང་གི་དབང་གྲགས་ཀྱི་ངོས་ནས་བློན་པོ་རེ་འགར་ཁྱད་དབང་བྱིན་པར། བློན་པོ་གཞན་དག་ལ་སྒེར་མིའི་འདྲ་མཉམ་མ་ཡོང་ཞིང་བདེན་པ་ཐེད་དུ་དོར་བས། མྱང་དབའས་ལྟ་བུའི་བློན་པོ་དག་གིས་བདེན་པའི་ཆེད་དུ་རང་སྲོག་ལ་མ་འཛེམ་པར་བཙན་པོ་གཞན་ལ་སྐྱབས་བཅོལ་དགོས་པར་གྱུར་བ་རེད།

འོ་ན་བཙན་པོ་སྟག་རི་གཉན་གཟིགས་ཀྱི་རྒྱལ་ཁབ་ལྟ་བུར་འདྲ་མཉམ་དང་བདེན་པ་ཡོང་དོན་དེ། ལར་བཙན་པོའི་ལམ་ལུགས་ནི་དེང་གི་ཞིང་ལས་རིག་གནས་ཀྱིས་དབྱེ་ཞིབ་དང་མཐའ་སྡོམ་བཀོད་པ་ལྟར་གྱི་བྲན་གཡོག་ལམ་ལུགས་ཤིག་ཏུ་ཡེ་ནས་མི་འདོད་དེ། ཐོག་མར་བོད་ཀྱི་གཙོ་རྒྱུགས་རིག་གནས་ཀྱི་ངོ་བོ་ནི་འབྲོག་ལས་རིག་གནས་ལས་ཞིང་ལས་རིག་གནས་ཀྱི་ངོ་བོ་གཞར་ཡང་མིན་ལ། གཉིས་ནས་བཙན་པོའི་ལམ་ལུགས་ནི་གནའ་བོའི་ནུབ་གླིང་དག་དུ་དར་བའི་གོང་མའི་ལམ་ལུགས་ཞེས་པ་དེ་ལྟ་བུ་ཡིན་པར་འདོད། འདིར་རྒྱུ་མཚན་རགས་པ་ཞིག་བཀོད་ན། དུས་དེའི་བཙན་པོའི་སྲིད་གཞུང་གི་སྲིད་ཀྱི་བྱ་བ་མཐའ་དག་བཙན་པོ་གཅིག་པུས་བརྒྱ་ཁ་གཅིག་གཅོད་གནང་གི་མེད་དེ། དོན་ཆེན་གནད་བསྡུས་སོགས་སུ་འདུན་མ་ཞེས་དབྱར་འདུན་དང་དགུན་འདུན། ད་དུང་མདོ་སྨད་ཀྱི་འདུན་མ་ཞེས་བཙན་པོའི་ཁབ་ཀྱི་བློན་ཆེན་དག་གིས་བསྡུ་བཞིན་ཡོད་པས་མཚོན་ཞིང་། གཞན་གོང་མའི་ལམ་ལུགས་ཡིན་ན་དེར་སྐུ་དྲག་གི་གྲལ་རིམ་ཞིག་ཀྱང་ངེས་པར་དུ་གནས་ཏེ། སྐུ་དྲག་དག་གིས་གོང་མའི་དབང་ཆར་ཚོད་འཛིན་བྱེད་ལ། དེར་གཞུང་ལུགས་ངོས་སུ་དབང་ཆ་བགོ་སྙོམས་ཟེར་གྱི་ཡོད། དེ་བས། རྒྱལ་པོ་སྲོང་བཙན་སྒམ་པའི་སྐབས་སུ། བཙན་པོས་སི་ཁྲོན་ཟོང་ཅུ་ལ་དམག་ཐེངས་གཉིས་པ་འདྲེན་དུས་དེར་དམག་དཔོན་བརྒྱད་ཀྱིས་རང་སྲོག་བཅད་དེ་ངོ་རྒོལ་བྱས་པར། བཙན་པོས་ཀྱང་དམག་མ་དྲངས་པའི་ལོ་རྒྱུས་ཤིག་ཡོད་པ་ལྟ་བུས་ར་སྤྲོད་བྱེད་ནུས་པ་ཡིན། དེ་ལྟར། བཙན་པོའི་ཁབ་སོ་རུ་འདྲ་མཉམ་དང་བདེན་པ་ཡོད་པས། མྱང་ཙེང་སྐུ་ལྟ་བུ་དང་ཁྱུང་པོ་སྤུ་ཟད་ཟི་ཙེ་ལྟ་བུའི་དཔའ་མཛངས་གཉིས་ལྡན་གྱི་བློན་པོ་སྐོར་ཞིག་གིས་རང་གི་རྗེ་བོ་དོར་ཏེ་བཙན་པོའི་ངོ་ལ་བལྟས་ཤིང་། ཨེ་ཤ་ཡའི་གླིང་ཆེན་དུ་བཙན་པོའི་རྒྱལ་ཁབ་ཞེས་གཞན་དོ་ཟླར་ལངས་ཐུབ་པ་ཞིག་ཏུའང་ཆགས་པ་ཡིན།

གལ་ཏེ། དེ་ལྟ་མ་ཡིན་པར་སྒེར་གཅོད་ཀྱི་ངོ་བོར་གྲུབ་པ་ཡིན་ཚེ། བཙན་པོའི་ཁབ་སོ་རུ་དབྱར་མདུན་དང་དགུན་འདུན་ཞེས་འདུན་མ་ཆེ་ཆུང་བསྡུ་དགོས་དོན་མེད་པར། བཙན་པོ་གཅིག་པུས་རང་འདོད་ལྟར་ཐག་གིས་བཅད་པས་ཆོག་ཅིང་། སྐུ་དྲག་གི་གྲལ་རིམ་ཡང་དགོས་དོན་མེད་དེ། མངའ་ཁོངས་དང་འབངས་མི་ཡོད་ཚད་བདག་གིར་བཞེས་པ་ལས་མཉན་འཛི་ཟུང་ནག་པོ་ལྟ་བུར་༼མཁར་སྔུར་བས་བཆད་དེ། ཀླུམ་ཡ་གསུམ་གྱི་སྨད། མཉན་འཛི་ཟུང་གི་བྲན་དུ་དངར་༽ཞེས་དམིགས་བསལ་གྱི་གཟིགས་བཟོས་སྤྲོད་དོན་ཅི།

དེ་ལྟར། ལོ་རྒྱུས་ནི་མི་ཡི་ལོ་རྒྱུས་ཤིག་ཡིན་དགོས་པ་ལས་གཞར་ཡང་ལྷ་ཡི་ལོ་རྒྱུས་ཤིག་ཡེ་ནས་མིན་དགོས་ཏེ། རྒྱུ་མཚན་ལོ་རྒྱུས་མ་གཞི་ནས་མི་ཡིས་བསྐྲུན་པས་ཡིན་ལ། ལོ་རྒྱུས་དེ་མི་དང་བར་ཐག་ཇི་ཙམ་ཉེ་ན་ལོ་རྒྱུས་ཀྱི་རིན་ཐང་སོགས་ཀྱང་དེ་བཞིན་དུ་བསྐལ་བའི་བར་དུ་གནས་པའོ།། དེ་བས། བཙན་པོའི་ལོ་རྒྱུས་ལ་༼མྱི་༽ལྟེ་བར་འཛིན་པའི་མི་བུའི་རིག་གནས་གཙང་མའམ་བདེ་ཐང་ཞིག་ཡོད་པས་ན། བཙན་པོའི་ལོ་རྒྱུས་ཀྱི་རིན་ཐང་ཡང་དེ་རུ་ཡོད་པ་མ་གཏོགས་ལོ་ངོ་སྟོང་ཕྲག་དུ་མར་བྱེ་མའི་གསེབ་དུ་ལུས་པ་ཙམ་དང་ཕྱིས་ཀྱི་མཁས་པས་སྨྱུག་རྩེས་རེག་མྱོང་བ་ཙམ་གྱི་རྒྱུ་མཚན་ཁོ་ན་ནི་བཙན་པོའི་ལོ་རྒྱུས་ཀྱི་རིན་ཐང་ཞིག་ཏུ་གཏན་ནས་མི་འདོད་དོ།། ཡིན་ནའང་། སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་མི་ཡི་གོ་རྟོགས་ཀྱང་དེ་བཞིན་འཕེལ་འགྱུར་བྱུང་བཞིན་ཡོད་པས། དུས་རིམ་རེ་རེར་འགྲོ་མིའི་ཡོངས་ཁྱབ་ཀྱི་རིན་ཐང་འདི་ལ་ངོས་བཟུང་ཚུལ་ཀྱང་མི་འདྲ་མོད། གང་ལྟར། བཙན་པོའི་ལོ་རྒྱུས་ཤིན་ཏུ་གྲགས་ཆེའོ་ཞེས་ཡ་མཚན་མཚན་གྱིས་དགོང་དུ་བསྟོད་པ་ལས། དེའི་ཤུགས་སུ་མངའ་བའི་མི་བུའི་རིག་གནས་སྔོག་འདོན་དང་དེའི་འབྱུང་རྐྱེན་ལ་ཉམས་ཞིབ་ཀྱིས་མི་ཆོས་རིག་གནས་ཀྱི་མ་ལག་གསར་འཛུགས་བྱེད་པ་དེ་ཤིན་ཏུ་གལ་ཆེ་ཞིང་། གལ་ཏེ་སྲོལ་རྒྱུན་ཞེས་པ་ཞིག་རྒྱུན་འཛིན་བྱེད་དགོས་ན། འདི་ལྟ་བུའི་མི་བུའི་རིག་གནས་ནི་རྒྱུན་འཛིན་བྱས་ཀྱང་དོན་གོ་ཆོད་པར་སེམས་སོ།།

༢༠༡༡ལོའི་ཟླ༡༠ཚེས་༡༥ནས་༡༧བར་འགུ་དྲག་ནས།

བསྟོད།8

དཔྱད་མཆན་སྤེལ།