གཟན་ཤམ་འོག་གི་སྤྱང་ཁུ།

མྱི་བུ། ༼དཀར་མཛེས༽

དེ་རིང་ནི་སྤྱི་ལོ་ཉིས་སྟོང་བཅུ་གཅིག་པའི་དགྱ་ཟླ་དྲུག་པའི་ཚེས་ཉེར་དྲུག་རེད་ལ། ཡང་གཅིག་བཤད་ན་གཟའ་ཉི་མའང་ཡིན་པས་བདག་དང་ལས་གྲོགས་ཁ་ཤས་ཤིག་གིས་ཞོགས་ཟས་ཡིད་ཚིམས་པ་ཞིག་ཟོས་རྗེས་དཀར་མཛེས་རྫོང་གི་སྤྲོ་བདེ་ཚྭ་ཆུའི་ནང་དུ་ལུས་པོ་བཀྲུ་བར་སོང་བ་ཡིན། ཉིན་འདི་ནི་གཟའ་ཉི་མ་ཡིན་པས་སྤྲོ་བདེ་ཚྭ་ཆུའི་ལུས་པོ་བཀྲུ་སར་གྲྭ་བ་དང་གྲོང་བ། ཇོ་མོ་དང་སློབ་མ། དགྱ་མྱི་དང་དམག་མི། བྱིས་པ་དང་རྒན་པ་སོགས་འདུ་འཛི་ཧ་ཅང་ཆེ། ཏག་ཏག་ལུས་པོ་བཀྲུ་མཁན་གྱི་མི་ཤིན་ཏུ་མང་བའི་རྐྱེན་གྱིས་ལུས་པོ་བཀྲུ་སའི་ཁང་མིག་ཀྱང་མེད་པར་ང་ཚོ་རེ་ཞིག་དེ་གར་སྒུག་དགོས་བྱུང་སོང་། དེ་ལྟར་དུས་ཚོད་ཕྱེད་ཀ་ལྷག་ཙམ་ཞིག་འགོར་བ་ན་བོད་མོ་ཞབས་ཞུ་མ་དེས་ང་ཚོ་ལུས་པོ་བཀྲུ་སའི་ཁང་མིག་རིམ་པ་མཐོ་ཤས་༼སྒོར་བཞི་བཅུ་ཅན་ནི་ཆེས་མཐོན་པོ་ཡིན༽ཅན་ཞིག་ཏུ་འཁྲིད་དེ་སོང་བ་ན་བདག་ལ་ཡིད་ཆེས་དཀའ་ཞིང་བློ་ཡུལ་ལས་འདས་པ་ཞིག་ནི་ལུས་པོ་བཀྲུ་སའི་ཁང་མིག་དེའི་ནང་དུ་ལོ་ཚོད་ཕལ་ཆེར་བཞི་བཅུར་བུད་མེད་སྙམ་པའི་སངས་རྒྱས་བསྟན་པའི་རྗེས་འཇུག་པའི་གྲྭ་བ་དར་མ་ཞིག་དང་བོད་ལྭ་གྱོན་པའི་བོད་མོ་མཛེས་མ་ཞིག་ངོ་ཚ་མེད་ལ་ཐེ་ཚོམ་བྲལ་ཞིང་ཡ་མི་ང་བའི་སྒོོ་ནས་ལུས་པོ་བཀྲུ་སའི་ཁང་མིག་དེའི་སྒོ་ནས་མཉམ་དུ་ཕྱིར་བུད་བྱུང་། ཨ་ཙི་ཙི། སྐབས་དེེར་ངས་འདི་ནི་དོན་དངོས་ཡིན་ནམ་ཞེས་བསམ་པའི་མོད་ལ་ངའི་སེམས་པ་འཁྱག་སིབ་སིབ་དང་གྲང་ཤིག་ཤིག་ཏུ་བཏང་སོང་། སྐྱུག་བྲོ་བའི་དོན་ངན་དེ་མཐོང་བ་ན་ངའི་ལས་གྲོགས་ཤིག་གིས་སྐད་གསེང་མཐོན་པོས། ཇོ་བོ་རིན་པོ། དེང་སང་གི་གྲྭ་བ་འགའ་རེར་ངོ་མ་ངོ་ཚ་རྒྱུ་ཞིག་ཡེ་ནས་མི་འདུག ངོ་མ་སྐྱུག་ལོག་པ་ཞིག་མིན་ནམ་ཞེས་བརྗོད་སོང་། གལ་ཏེ་གྲྭ་བ་དེའི་རྣ་འོན་པ་ཞིག་མིན་ཚེ་གོང་གི་སྐད་ཆ་འདི་གོ་ཡོད་ཐག་ཆོད་ཡིན་ནའང་གྲྭ་བས་དེ་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་ལག་འཁྱེར་ཁ་པར་ཞིག་བཏང་བ་ན་ཅུང་མ་འགོར་བར་གླ་འཁོར་ཞིག་དེ་མ་ཐག་ཏུ་སླེབས་བྱུང་ལ། གྲྭ་བ་དར་མ་དང་བོད་མོ་མཛེས་མ་དེ་གཉིས་གླ་འཁོར་དེར་འཛུལ་ཏེ་བྱ་འཕུར་བ་ལྟར་སྤྲོ་བདེ་ཚྭ་ཆུ་དང་རིང་དུ་བྲལ་སོང་། དེ་ནས་ངས་བོད་མོ་ཞབས་ཞུ་མ་དེར་གྲྭ་བ་ཚོས་རྒྱུན་དུ་འདི་ལྟར་བུད་མེད་དང་མཉམ་དུ་ལུས་པོ་བཀྲུས་ནས་ངོ་ཚ་མེད་པའི་བྱ་བ་འདི་འདྲ་བསྒྲུབ་ཀྱིན་ཡོད་མེད་དྲིས་པ་ན། བོད་མོ་ཞབས་ཞུ་མ་དེས་གཟབ་ནན་གྱི་སྒོ་ནས་ཉི་མ་རེ་རེ་བཞིན་དུ་ཟེར་ན་བཤད་དཀའ་མོད། འོན་ཀྱང་བུད་མེད་འཁྲིད་དེ་ཚྭ་ཆུའི་ནང་དུ་ལུས་པོ་བཀྲུ་གི་ཡོང་མཁན་གྱི་གྲྭ་བ་ཅུང་མང་པོ་ཡོད་པ་དང་དེར་མཐུད་ནས་གྲྭ་བ་ལ་ལས་མཚན་མོའི་དུས་སུ་དགྱའི་སྨད་འཚོང་མ་འཁྲིད་ཡོང་ནས་ཚྭ་ཆུའི་ནང་མཉམ་དུ་ལུས་པོ་བཀྲུ་བའང་འགའ་རེ་རིག་རྒྱུ་ཡོད་ཀི་ཟེར་བས་ང་ཧ་ལས་ཤིང་ཧོན་ཐོན་ནས་ངའི་སེམས་པ་བློང་བློང་བོར་གྱུར་སོང་། ལུས་པོ་བཀྲུ་སའི་ཁང་མིག་ཏུ་འཛུལ་བ་ན་དེ་ལས་ཀྱང་ཚབས་ཆེ་ཞིང་ཡིད་ཆེས་དཀའ་བ་ཞིག་བྱུང་སོང་། གྲྭ་བ་དར་མ་དེ་དང་བོད་མོ་མཛེས་མ་དེ་གཉིས་ཀྱི་ལུས་པོ་བཀྲུ་སའི་ཁང་མིག་དེའི་ནང་དུ་ཐ་མག་གི་དྲི་མས་ཁྱབ་ཅིང་ཐ་མག་གི་འཐེན་འཕྲོ་དང་ཁ་བ་རྟགས་ཅན་གྱི་སྦི་རག་༼雪花啤酒༽གི་ལྕགས་སྒམ། དྲི་མ་ཡ་མཚར་ཅན་ཞིག་གིས་ཡོངས་སུ་ཁྱབ་ཅིང་གླང་དམར་༼红牛༽གྱི་འཐུང་འཕྲོའི་ལྕགས་སྒམ་དང་གཙང་ཤོག་༼卫生纸༽སོགས་ཀྱང་དེར་འདུག་ན་གྲྭ་བ་དར་མ་དེ་དང་བོད་མོ་མཛེས་མ་དེ་གཉིས་ཀྱིས་མི་ལས་དགུ་ལས་ཀྱི་ལས་ཀ་ཅི་ཞིག་ལས་ཡོད་མེད་ནི་ང་ཚོ་སུ་ལའང་ཐེ་ཚོམ་ཟ་དགོས་པ་ཞིག་མ་རེད་ཨང་། དེའི་རྐྱེན་གྱིས་བདག་ལ་ལུས་པོ་བཀྲུ་རྒྱུའི་འདུན་པ་མེད་པར་གྱུར་ཅིང་གྲྭ་བ་མཐོང་དུས་དུངས་བ་བྲལ། བདག་གིས་ཀྱང་གྲྭ་བ་ཚང་མ་དེ་འདྲ་རེད་ཟེར་བ་ནི་མིན་མོད། ཉིན་དེ་ནས་བཟུང་གྲྭ་བ་ཚོ་རིག་ན་སྡང་སེམས་ཡ་མཚན་དང་དོགས་གཞི་འདྲེས་མ་ཞིག་སྐྱེས་ཀི མ་གཞི་དེ་ལྟར་འདང་རྒྱག་པ་ནི་ནོར་འཁྲུལ་ཞིག་ཡིན་ན་ཡང་།

དེ་ལྟར་ཡིིན་ཡང་སྒང་པ་བོད་ཀྱི་ལུང་པ་འདི་ནས་གོང་གི་གྲྭ་བ་དར་མ་དེ་ལྟ་བུ་དང་བླ་སྤྲུལ་རྫུན་མ་མང་པོ་ཞིག་ནི་སྟོན་པའི་ན་བཟའ་རྩེད་ཆས་བྱེད་པའི་གཟན་ཤམ་འོག་གི་སྤྱང་ཁུ་རེད་ལ། མི་སེར་ཚོའི་གསོ་ཕག་རེད། དོན་ངོ་མར་བཤད་ན་སངས་རྒྱས་བསྟན་པའི་དགྲ་བོ་ངོ་མ་དེ་སྐྱ་མིན་སེར་མིན་གྱི་སེར་གཟུགས་འཛིན་པ་ཁོ་ཚོ་ལས་གཞན་སུ་ཞིག་འཇོག་རྒྱུ་ཡོད་དམ། དེ་ཚོ་ལས་གང་ཞིག་བརྩི་རྒྱུ་ཡོད་དམ། རིག་འཛིན་ཚངས་དབྱངས་རྒྱ་མཚོའི་ཞལ་ནས་ཀྱང་། སྤྲིན་པ་ཁ་སེར་གཏིང་ནག། སད་དང་སེར་བའི་གཞི་མ།། བནྟེ་སྐྱ་མིན་སེར་མིན།། སངས་རྒྱས་བསྟན་པའི་དགྲ་བོ།།ཞེས་པའི་འཁྲུལ་འགལ་མེད་པའི་ལེགས་བཤད་རྨ་མེད་ཅིག་གསུངས་ཡོད་པ་མིན་ནམ། ཕྱི་གོས་དམར་པོ་ཞིག་གིས་གཡོག་ཅིང་ནང་བསྟན་གྱི་རྒྱུན་ཤེས་ཙམ་ཡང་མི་མངའ་བའིགྲྭ་བ་དང་བླ་སྤྲུལ་རྫུན་མ་༜༝དེ་དག་གི་ཁ་ལས་རླུང་རྟ་ནི་དགྱ་ཡུལ་དང་སོག་ཡུལ་སོགས་ཡུལ་གང་རུང་ན་རྟ་རྒོད་རྒྱུགས་རྒྱུགས་དང་ཆར་བ་འབབ་འབབ་ལྟ་བུའི་ཆེས་དར་ཞིང་རྒྱས་བཞིན་པའི་སྒང་རེད་ལ་ཁོང་ཚོས་མེས་པོ་གོང་མ་དག་གི་མཚན་བཙོང་ཞིང་བླ་སྒུལ་ནས་ཕྱུག་པོར་གྱུར་འདུག་པ་མ་ཡིན་ནམ། “ ཕྱུག་པོ་“དེ་དག་གིས་ད་ལྟ་ཟི་ལིང་དང་ཁྲིན་ཏུའུ་སོགས་ན་ཁང་བ་ཉོས་ཏེ་འཇིག་རྟེན་འཁོར་བ་སྐྱོང་གིན་འདུག་ལ། ན་གཟའ་བཀླུབས་ཏེ་དམ་པའི་ལྷ་ཆོས་སྒྲུབ་ཀྱིན་འདུག ཅི་ཁག་ཨང་། དེ་ཚོ་ལ་རྨང་གཞིའི་སློབ་གསོ་འཐུས་ཚང་ཞིག་ཐོབ་མ་མྱོང་བས་མི་ཚད་ལྡན་དུ་མ་གྱུར་བ་རེད་ལ། མི་ཚད་ལྡན་དུ་མ་གྱུར་བ་དེ་ནི་སློབ་གསོའི་ཕམ་ཁ་ཆེན་པོ་ཞིག་ཏུ་མ་ཟད་ལྷག་དོན་དགོན་སྡེ་སློབ་གསོའི་ཕམ་ཁ་ཆེན་པོ་ཞིག་ཏུ་ཅི་ལ་མི་བརྩི་ཨང་། དེའི་ཕྱིར་དེང་སང་གི་དགོན་སྡེ་མང་ཆེ་བའི་གྲྭ་བཙུན་མང་ཆེ་བ་དང་བླ་སྤྲུལ་ཕལ་ཆེར་བ་ལ་མཚོན་ན་མཚན་ཉིད་བསམ་བློ་གཏིང་ཟབ་ལྡན་པའི་ནང་བསྟན་གྱི་གཙུག་ལག་རྣམས་སློབ་སྦྱོང་མི་བྱེད་པར་སྐལ་མེད་སར་སྐེད་སྲིང་ནས་འདུར་རྒྱུགས་བྱེད་ཀྱིན་འདུག ཁོང་ཚོས་བོད་པ་༇༇༇༇རྨོངས་དད་པ་དག་གིས་ཕུལ་བའི་ནོར་རྫས་ལ་བརྟེན་ནས་ཤ་རྒྱག་པ་མ་ཡིན་ནམ། ཤེད་རྒྱས་པ་མ་ཡིན་ནམ། སྐྱ་མིན་སེར་མིན་དེ་དག་གིས་ཆོས་དང་འཇིག་རྟེན་གང་ལའང་མི་ཐེ་པའི་ཕུང་གསུམ་པའི་ལས་ཀ་ཞིག་ལ་ཤི་འཐམ་རོ་འཐམ་གྱིས་འབྱར་འདུག་ཅིང་དབྱར་ཁའི་དུས་སུ་ཡུལ་མགོ་ལོག་དང་ས་ཡུལ་ཤུལ་དག་ན་སེན་མགོ་ཁྲག་དང་སེན་རྟིང་རྣག་ཅན་གྱི་མི་སེར་དཀྱུས་མ་ཚོར་གཡོ་སྒྱུ་ཁྲམ་གསུམ་གྱིས་མགོ་གཡོག་ནས་དབྱར་རྩྭ་དགུན་འབུ་ཡི་ཚོང་རྒྱག་པར་བྲེལ་ཞིང་དགུན་ཁའི་དུས་སུ་བྱ་རྒོད་ཅིག་དང་འདྲ་བར་ཕུང་གསུམ་པ་དེ་ཚོ་ནི་འཕྲུལ་རྟ་ཡི་གོང་རོལ་ན་རྔམ་རྔམ་རྫིག་རྫིག་གི་མགྱོགས་རྩལ་འགྲན་བཞིན་མི་ཞིག་ཨེ་ཤི་ལ་རེ་ནས་འདུག ཁ་བཏོན་ཙམ་དང་རྒྱུན་ཤེས་ཙམ་ཡང་མི་ཤེས་པའི་༼བདག་ལ་འབྲེལ་འདྲིས་བྱས་པའི་གྲྭ་བའི་ཁྲོད་དུ་དཀོན་མཆོག་གསུམ་པོ་གང་དག་ཡིན་པ་བརྩི་མི་ཤེས་པའང་འདུག༽སྐྱ་མིན་སེར་མིན་དེ་ཚོ་ལ་འཇིག་རྟེན་སྐྱོང་གི་ནུས་པ་མེད་ལ། བསྟན་པ་སྐྱོང་གི་འདུ་ཤེས་ཀྱང་རིང་ནས་བྲལ་བས་དོན་གྱིས་དེ་དག་ནི་སྒང་བ་བོད་པའི་གསོ་ཕག་ཅིག་ལའང་མི་དོ་ཞེས་ཁོ་བོས་སྨྲ་འདོད། ད་དུང་ཚོད་ཚོད་དུ་ཕྱག་འཚལ་བའི་མི་སེར་ཚོས་སེར་མོ་བ་དེ་དག་མཐོང་དུས་ཚོད་ཚོད་དུ་སྒུར་སྒུར་ཞིག་དང་རང་བཞིན་གྱིས་ཞུམ་ཞུམ་ཞིག་རེད་ལ། སེར་མོ་བ་དེ་ཚོས་ཀྱང་རང་ཉིད་མཐོན་པོ་མཐོན་པོ་ཞིག་མ་ཡིན་ཡིན་མདོག་གི་རང་མདོག་ཁ་བོ་སྟོན་བཞིན་གདོང་གི་མིག་ཟུང་བཙུམ་ནས་ལག་པ་བྲང་ཁར་སྦྱར་ཡང་མིག་ལམ་དུ་ཅི་ཞིག་འཆར་གྱིན་ཡོད་དམ། སེམས་ནང་ལ་སུ་ཞིག་སྒོམ་བཞིན་ཡོད་དམ། ང་ཚོ་མང་མང་ཅིག་གིས་ཁ་ནས་འཚོ་གནས་འཚོ་གནས་ཟེར་གྱི་ཡོད་པ་མིན་ནམ། འོ་ན་འདི་ལྟ་བུའི་དོན་དངོས་ཀྱི་སྣང་ཚུལ་ལ་བརྟེན་ནས་ང་ཚོའི་མྱི་བུའིའཚོ་གནས་ལ་གནོད་པའི་སྤྲུལ་གྲྭ་རྫུན་མའི་རིགས་དག་རྒྱང་ཕུད་དུ་གཏོང་དགོས་པའི་མི་ཚད་འཕྱིས་དྲག་འདུག་པའི་ཚོད་རེད་ལ། ན་གཞོན་གསར་བ་ཚོའང་རིང་ནས་བོས་ཏེ་གམ་དུ་དྲངས་རན་ཅི་ལ་མིན་ཨང་། ངས་འདི་ལྟར་བཤད་ན་བོད་མྱི་མང་ཆེ་བ་ཞིག་དང་ལྷག་ཏུ་སེར་མོ་བ་མང་པོ་ཞིག་ཁོང་ཁྲོ་ལངས་ཤིང་ན་ཟུག་སྐྱེས་མོད། སྡོམ་པ་ཆུ་བཞིན་གཙང་ཞིང་ཆོས་དོན་ཉམས་སུ་ལེན་མཁན་གྱི་མིང་དོན་མཚུངས་བའི་ཆོས་བ་དག་གི་ངོས་ཐད་ནས་ཁ་ནང་ལ་འཁོར་ནས་བསམ་བློ་རྣལ་མ་གཏོང་མཁན་ཞིག་ཡིན་ན་ནི་སེམས་ཁྲལ་ལྷག་མ་ཡོད་དགོས་དོན་མི་འདུག་ལ་ཡོད་ཀྱང་སྲིད་ཀྱི་མ་རེད།

དགྱ་ནང་ནས་ཁ་མ་སོས་ཤིང་བོད་ནང་ནས་ཀྱང་ཁས་མི་ལེན་པའི་ཁ་ལས་དང་རླུང་རྟ་དར་གྱིན་མེད་པའི་སྒང་བ་བོད་ཀྱི་སྐྱ་མི་སེར་མིན་གྱི་སེར་གཟུགས་ཅན་སྐོར་ཞིག་གིས་རྒྱུ་འབྲས་གཡུག་ཅིང་སྙིང་རྗེ་བོར་ཏེ་ནང་ལོག་གི་ས་ཆ་ག་གེ་མོ་ཞིག་ན་དགྱ་ཕྱུག་རྨོངས་དད་ཅན་དག་ལ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆོས་དབྱངས་སུ་འགུག་བཞིན་དང་ཚིགས་བཅད་རྩོམ་ཡིག་དུ་མ་ལུང་བསྟན་ཏུ་འདོད་བཞིན་རྫུན་གྱི་ཆོས་འཁོར་བསྐོར་ནས་དགྱ་ཕྱུག་ཚོ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་དག་པའི་ཞིང་ཁམས་ལ་འདྲེན་མཁན་བཞིན་མཆིས། ངོ་ཚ་དང་རྒྱུ་འབྲས་མེད་ཅིང་མི་ཁ་ལ་འཛེམ་དོག་བྲལ་པའི་སེར་མོ་བ་ཚོས་རུམ་གྱི་སྒོར་ཁུག་ཇེ་མཐུག་དང་སྐུ་ལུས་རི་རྒྱལ་ཇེ་བརྗིད་དུ་གཏོང་བཞིན་འདུག ལུས་ལ་སྦྱར་བྱུང་གི་དྲི་མས་ཁྱབ་ཅིང་གདོང་ལ་སྐེག་རྫས་ཀྱི་རི་མོས་བཀང་པའི་དགྱ་མོ་གང་ཡག་ཡག་ཚོའི་འཕོང་ཚོས་ལྡག་ནས་རང་ཉིད་འབོར་གྱིན་འདུག སྡོམ་པ་ཤོར་གྱིན་འདུག ཐོབ་ཐང་བརྗེད་ཀྱིན་འདུག དེ་དག་ལ་འཁོར་བ་སྐྱོང་གི་ནུས་པ་མེད་ལ་གྲྭ་ལྭ་ཕུད་པའི་སྙིང་སྟོབས་དབེན། དེ་དག་ལ་བསྟན་པར་འཇུག་པའི་སྙིང་སྟོབས་མེད་ལ་སློབ་ཕྲུག་སྐྱོང་གི་འདུ་ཤེས་བྲལ། དེའི་ཕྱིར་དེ་ཚོ་ནི་བོད་པའི་སྤྱི་ཚོགས་སུ་ཡོད་པས་ཡོད་གོ་མི་ཆོད་ལ་མེད་པས་མེད་གོའང་མི་ཆོདཔའི་གཟམ་འོག་གི་སྤྱང་ཁུ་དང་མི་སེར་ཚོའི་ཁུར་བོ་རེད། དེ་ལས་བུ་རབས་ཚ་རྒྱུད་ཀྱི་ས་བོན་བཏབ་ནས་བོད་པའི་མི་གྲངས་ལ་བྱས་རྗེས་བཞག་ན་མི་བཟང་ངམ། གཟམ་ཤམ་ཁོ་ན་ནི་དེ་དག་གི་དཔལ་འབྱོར་གྱི་འབྱུང་ཁུངས་སྟེ་ཅི་དགར་འཛོམས་པའི་དཔག་བསམ་ལྗོན་པ་ཡིན། རྒྱུ་མ་བསག་པར་འབྲས་བུ་འབྱུང་བའི་སྒང་བ་བོད་ཀྱི་ཡུལ་ནས་དེ་དག་གི་བསྟན་པ་ཇེ་དར་དང་ས་གང་དུ་སོང་ན་ཇེ་བྲིན་རེད། ཞྭ་ཕུད་མཁན་ཇེ་མང་ཇེ་མང་དང་ཕྱག་འཚལ་མཁན་སོགས་ཇེ་མང་ཇེ་མང་རེད། ་་་་་་

སྤྱི་ལོ་ཉིས་སྟོང་བཅུ་ཡི་དགུན་ཁ་ཞིག་ལ་བདག་དང་གྲོགས་པོ་ཁ་ཤས་ཟི་ལིང་གྲོང་ཁྱེར་གྱི་༼摩登假日༽ ཞེས་པའི་KTVཞིག་ནས་མགོ་ལོག་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ན་རིག་པའི་གནས་ལ་འཇུག་བཞིན་པའི་གྲྭ་བ་གྲོགས་པོ་ཞིག་ལ་འཕྲད་དུས་ང་ལ་བཤད་མི་ཤེས་པའི་ཚོར་བ་ཡ་མཚན་བྱིན་སོང་། བསམ་དཀའ་བའི་འདྲི་གཞི་གང་མང་བྱིན་སོང་། དེ་ནི་ངའི་གྲྭ་བ་གྲོགས་པོ་དེ་KTVདེ་ན་སྦི་རག་འཐུང་ནས་ར་བཟི་རུ་གྱུར་ཅིང་གཡས་གཡོན་གཉིས་སུ་ཁ་ངོ་པིར་གྱིས་བྲིས་ཤིང་རྐང་སྣམ་ཐུང་ཐུང་ཟུར་གསུམ་མ་གྱོན་པའི་མཛེས་མ་གཉིས་ཀྱིས་གཡས་སྐྱོར་གཡོན་འཐེན་བྱེད་བཞིན་སྐབས་རེར་འོ་རེ་བྱས། སྐབས་རེར་བྲོ་རེ་འཁྲབ། ཡང་སྐབས་རེར་གླུ་རེ་ལེན་བཞིན་འཇིག་རྟེན་སྣང་བ་ལ་རོལ་འདུག གླུ་གར་རྒྱ་མཚོ་ལ་ཆགས་འདུག དུ་ཆང་མཛེས་མ་ལ་སྤྱོད་འདུག ་་་་་་

ངས་འདི་ལྟར་དོན་དངོས་ཤིག་བཤད་ནའང་ཤིན་ཏུ་མང་མང་ཅིག་གིས་དེ་འདྲ་ཞིག་ཡོད་སྲིད་ཀྱི་མ་རེད་ཅེས་བརྗོད་ངེས་ན་ཡང་། སྐད་ཆ་བདེན་པ་ཞིག་སྨྲ་རྒྱུ་ནི་རྩོམ་ཡིག་འབྲི་མཁན་ཞིག་གི་ངོས་ནས་མ་མཐའི་ཚད་གཞི་རེད་ཅེས་པའི་གངས་ཅན་མཛངས་མ་ཞིག་གི་ལེགས་བཤད་རྨ་མེད་ཅིག་ངས་སེམས་སུ་ཉར་ཡོད།

ཡང་ཉིས་སྟོང་བཅུ་ལོའི་དགུན་ཁ་ཞིག་ལ་བདག་ཟི་ལིང་རླངས་འཁོར་འབབ་ཚུགས་ཀྱི་དཔེ་ཁང་ཞིག་ཏུ་དཔེ་དེབ་འགའ་ཉོ་རུ་སོང་བ་ཡིན། ཉིན་དེར་དཔེ་ཁང་དེར་གྲྭ་བ་འགའ་ཡང་འདུག་པ་ངའི་ཡིད་ན་ད་རུང་ཤིན་ཏུ་གསལ། ངས་༼བོད་རེ་བ་ཅན་༽ཞེས་པའི་དཔེ་དེབ་ཅིག་ལ་བལྟས་ནས་སྐར་མ་འགའ་ལས་སོང་མེད་པའི་སྐབས་དེར་དཔེ་ཁང་ནང་གློ་བུར་དུ་ཨག་འཁྱིལ་ལེར་གྱུར་སོང་། ངས་ཞིབ་ཏུ་བལྟ་དུས་བོད་པའི་གྲྭ་བ་ཞིག་དང་དཔེ་ཆ་འཚོང་མཁན་གྱི་བུ་མོ་དེ་གཉིས་ཁ་རྩོད་བྱེད་བཞིན་འདུག བུ་མོས་ཨ་ཁུ་ལ་ད་སོ་མ་ཁྱེད་ཀྱིས་༼ཀུན་བཟང་བླ་མའི་ཞལ་ལུང་༽གི་དཔེ་ཆ་ཞིག་རུམ་ལ་འཇུག་བཞིན་པ་ངས་རིག་སོང་། ཨ་ཙི། གྲྭ་བ་ཞིག་གིས་ཀྱང་རྐུ་བྱས་ན་ཇི་འདྲའི་མི་འོས་ཨང་། ཁྱོད་ཚོས་མ་བྱིན་པ་མི་ལེན་ཟེར་བ་མིན་ནམ་ཞེས་བརྗོད་དུས་སུ་གྲྭ་བ་དེས་ཁོང་ཁྲོ་དང་བཅས་རྒྱལ་བ་རིན་པོ་ཆེ། གྲྭ་བས་བརྐུ་བྱེད་ནི་མ་རེད། ཁྱོད་ཀྱིས་མི་དཀར་པོ་ལ་ཞྭ་ནག་པོ་མ་བསྐོན་ཞེས་སྐད་ཆ་མཇུག་མ་རྫོགས་གོང་དཔེ་ཆ་འཚོང་མཁན་གྱི་བུ་མོས་ཁྱེད་ཀྱིས་ད་དུང་འཕྲལ་ལེ་འཕྲུལ་ལེས་དཔེ་ཆ་མི་སྤྲོད་ན་ངས་སྤྱི་བདེ་མི་སྣར་གཏུགས་རྒྱུ་ཡིན་ཞེས་ཁུག་མ་ལས་ལག་འཁྱེར་ཁ་པར་བླངས་ནས་གཏོང་རྩིས་བྱེད་པ་ན་གྲྭ་བ་དེའི་རུམ་ནས་དངོས་གནས་༼ཀུན་བཟང་བླ་མའི་ཞལ་ལུང་༽གི་དཔེ་དེབ་ཅིག་ཐོན་བྱུང་། མ་གཞི་ངས་ཀྱང་བུ་མོ་དེས་གྲྭ་བ་དེར་ཞྭ་ནག་པོ་བསྐོན་སོང་སྙམ་ནས་ཁོང་ཁྲོ་ཞིག་ལངས་མྱོང་། རྒྱུ་མཚན། གྲྭ་བ་ཞིག་གིས་བརྐུ་བྱེད་ཀི་ཟེར་ན་མི་སུ་ཡང་རྣར་མི་འགྲོ་ལ་དོན་དག་འདི་ངས་རང་གི་ཁྱིམ་མི་དག་ལ་བཤད་སྐབས་ཀྱང་ཁོང་ཚོ་ཡིད་ཆེས་མ་སོང་བར་མ་ཟད་ལྡོག་སྟེ་ང་ལའང་སྡིགས་མོ་ལུང་བ་བཀང་བྱས་སོང་།

མཇུག་མཐར་ཞུ་འདོད་པ་ནི་ཤ་ཚ་བའི་ཚིག་ལ་སྙན་མོ་མེད། ནད་འཁྲིས་པའི་སྨན་ལ་ཞིམ་པོ་མེད་ཅེས་བཞིན་སྤྱིི་ཚོགས་ཀྱི་ངན་མཚང་སོགས་ལ་གནད་དོན་ཐེར་འདོན་དང་རིག་གནས་ཀྱི་སྣང་ཚུལ་རྫོབ་པོ་དག་ལ་དཀར་འདོན་བྱེད་རྒྱུ་ནི་ཤེས་ཡོན་པའི་རྟགས་མཚན་ཡིན་པར་འདོད་དོ།།

2011.8.16

བསྟོད།8

དཔྱད་མཆན་སྤེལ།