གནས་ལུགས་དང་རྒྱུ་འབྲས་སོགས་ནི་རྫུན་གྱི་ཕུང་བོ་ལྟོས་ཆེ་བ་ཞིག་གོ

ཞོགས་ལྗང་།

མཚན་ཉིད་རིག་པའི་ངོས་ནས་བསམ་གཞིག་གཏོང་རིན་ཆེ་བའི་རྩོམ་ཐུང་བདེ་ཅོག་ཅོག་ཅིག་རེད་སྙམ་སོང་། དེ་བཞིན་དེ། གནས་ལུགས་ཡོད་མེད་ཅེས་པ་ནི་དོན་ལ་གང་འདྲ་ཞིག་ཡིན་མིན་དང་། གནས་ལུགས་ཡིན་མིན་ཞེས་པ་ཡང་དོན་དུ་ཇི་འདྲ་ཞིག་ཡིན་མིན་སོགས་ནི་སུས་ཀྱང་ཁ་ཚོན་མི་ཆོད་ན་ཡང་། འཇིག་རྟེན་ན་གནས་ལུགས་ཟེར་བའི་མགོ་གཡོག་རྫུན་སྐོར་ཞིག་ཡོད་ལ། དེས་མི་རྣམས་ལ་བདེ་སྡུག་སྣ་ཚོགས་བསྟན་དང་སྟོན་མུས་ཡིན། གནས་ལུགས་ཞེས་པའི་མགོ་སྐོར་མཁན་པོ་འདིར་མི་ཆོས་དང་མཐུན་པའི་གོ་བ་ཞིག་བསྐྱེད་དེ་ཚད་ཐིག་ཅིག་བླངས་ན། དེ་ཡིས་རྒྱུ་འབྲས་མཐའ་དག་གསལ་བར་བྱེད་ཅིང་། ཡོངས་ཁྱབ་རིན་ཐང་ཞེས་པའི་དགོས་མཁོ་དེ་ཡང་བག་ཙམ་ཤེས་འགྲོ། དེ་ལྟ་ནི་མ་ཡིན་ཚེ། རང་གཞན་སུ་ལའང་གནས་ལུགས་བསྟན་མི་ཚར་བ། བཤད་མི་ཚར་བ། བསྒྲུབ་མི་ཚར་བ་ཅི་མང་ཞིག་ཡོད་ཀྱང་སྲིད་མོད། དངོས་པོའི་གནས་ལུགས་ཀྱི་ཚད་ཐིག་གིས་རྒྱ་བཏབ་ཅིང་། རིན་ཐང་ལྟ་ཚུལ་གྱིས་དྲ་འཐེན་རྒྱུ་ལས་མི་འདུག་པའི་ཐབས་ཟད་འུ་ཐུག་གི་ཐབས་དེས་གཞལ་ན། བག་ཙམ་ཀུན་མཐུན་ཞིག་ལོས་ཡིན་སྙམ་པའི་གནས་ལུགས་ཞེས་པའི་ཐ་སྙད་འདོགས་སུ་རུང་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་རྙེད་མི་འགྲོའམ་སྙམ་པའི་ལྟ་ཚུལ་ཞིག་ཁོ་བོར་ཡོད། དེ་ཡང་ལོས་ཡིན་ཏེ། ཡོད་ཡོད་འདྲ་ལ་མེད་མེད་འདྲ་བའི་ཐ་སྙད་མང་པོ་ཞིག་ནི་འཇིག་རྟེན་གྱི་མགོ་སྐོར་མཁན་པོ་དག་གིས་བརྩེགས་རིམ་དུ་བཞེངས་པ་རེད་པས། ལན་རེར་འདི་ནི་སྒེར་གཅོད་བཟོད་དུ་མེད་པ་ཞིག་ལོས་ཡིན་འདོད་ཀྱང་། རང་བྱུང་འཚོ་བ་ལས་རིང་དུ་འདས་པའི་རང་རེ་ཚོ་ནི་སྔ་མོ་ནས་སྒེར་གཅོད་ལ་གོམས་དྲགས་པས། ད་ནི་རང་སེམས་གསོ་བྱེད་ཀྱི་ཐབས་ཤིག་འཐེན་རྒྱུ་ལས་འོས་མེད་ཅིང་། དེ་ནི་གནས་ལུགས་དང་འདྲ་བར། ཅུང་ཙམ་མི་སྒེར་རང་གི་འཚོ་བའི་གཤིས་དང་མཐུན་ལེ་ཞིག་བཅའ་རྒྱུ་དེ་ཡིན། གཞན་ཡང་། ཆོས་ཉིད་ཅེས་པ་ཡང་དེ་ལས་མ་འདས་ཏེ། རང་རེ་ཚོས་འགྲིག་འགྲིག་བདེན་བདེན་དུ་བཏགས་པ་ཙམ་ལས། དོན་གྱིས་དེ་འདྲ་ཞིག་གཞར་ཡང་མིན་ཀྱང་སྲིད། རང་བྱུང་ཁམས་ཀྱི་སྣང་ཚུལ་དགོད་བྲོ་བོ། བྱིས་པ་སུ་ཞིག་གི་ཀུན་རྟོག་གིས་བཞེངས་པ་དང་འདྲ་བའི་ངོ་མཚར་ལྟད་མོ་དག་ནི་གནམ་རྒན་མ་གང་གི་འདོད་བློ་ལྟར་བསྒྲུབ་རྒྱུ་ལས་ཐབས་མེད་པའི་ཐབས་དེ་ཡང་ད་ལྟ་སྔ་ནས་གཏོར་ཚར་ཞིང་། སྔོན་ཆད་ཆོས་ཉིད་དུ་བཏགས་པའི་དོན་བྱ་མང་པོ་ཞིག་ཀྱང་ད་ལྟ་ཡོངས་ནས་བཤིག་ཚར་ན། དེ་ཡང་ཆོས་ཉིད་ཅིག་ཏུ་བརྩི་ཞིང་། དེ་ལ་ཡང་ཁ་བདེ་ལྕེ་བདེ་དག་གིས་ཆོས་ཉིད་ཅེས་པའི་རྒྱ་རིམ་པ་དགུ་བཏབ་པ་ལས། རང་རེ་ཚོ་ལ་ནི་ཐབས་ཅི། མ་ཟད། སྔོན་ཆད་ཅིག་ལ། སུ་ཞིག་གིས་ཡོད་ཚད་ཆོས་ཉིད་ལ་སྦྱར་ཏེ་བྲན་དང་གཡོག་དང་འཁོལ་དུ་བཀོལ་བའི་སྐྱོ་གར་ཡང་བྱུང་ཞིང་། གང་དེ་ལ་མཚོན་ན། དེ་ཡང་ཆོས་ཉིད་བཟློག་ཏུ་མེད་པ་ཞིག་ཡིན་ཏུ་སྲིད། རྗེས་སུ། དེ་ཡི་ལྡོག་ངོས་རྐྱང་རྐྱང་དུ་ལངས་པའི་མི་སུ་ཞིག་གིས་ཆོས་ཉིད་དེ་དག་རྩ་མེད་དུ་བཤིག་པའི་ཚེ་ན། ཀུན་གྱིས་དེ་ལ་ཆོས་ཉིད་ཅེས་གཏན་ནས་ཁས་ལེན་མི་བྱེད། དེ་དང་འདྲ་བར། ད་ལྟའི་བླ་སློབ་དང་། རྒྱལ་དམངས་སོགས་རེ་རེ་ཆོས་ཉིད་དགོད་བྲོ་འགའ་ལ་བསམ་གཞིག་བཏང་ཚེ། རང་རེ་ཚོ་ནམ་ཡང་ཆོས་ཉིད་ཅིག་ཡིན་ཏེ། ཁྱོད་ཀྱིས་ཁྱོད་རང་ཡང་ཆོས་ཉིད་ཅིག་ཏུ་བཟོས་ཚར་བ་མ་ཡིན་ནམ། དེ་དེ་བཞིན་དུ། རྩ་ནས་མེད་ཅིང་ཀུན་ནས་སྟོངས་པའི་ནམ་མཁའ་མཐའ་མེད་པ་ཞིག་གི་ངོས་སུ་རི་མོ་སྣ་ཚོགས་གཟུགས་སུ་བཀོད་ནས། ཆོས་ཉིད་དུ་འབོད་པ་ནི་གང་ལ་ཐུག་འདུག་གམ། དེ་བས་ན། འུ་ཚོས་ད་དུང་ཇི་ལྟར་བསམ་གཞིག་གཏོང་དགོས་སམ། ཁོ་བོས་ཡེ་ནས་ཤེས་མ་བྱུང་། དེ་བཞིན་དུ། རྒྱུ་འབྲས་སོགས་ཀྱང་དེ་ལྟར་བཟོས་ཚར་བ་མ་ཡིན་ནམ། ངས་བདེན་བདེན་དུ་མཐོང་བའི་རྒྱུ་འབྲས་དག་ཁྱོད་ཀྱིས་རྩ་ནས་བཤིག་འགྲོ་ལ། རང་བྱུང་གིས་བདེན་བདེན་དུ་མངོན་ཚར་བའི་རྒྱུ་འབྲས་དག། ཚན་རིག་གིས་ཀུན་ནས་རྩ་སྟོར་བཏང་འགྲོ་བས། འུ་ཚོས་ད་དུང་མགོ་གཡོགས་རྫུན་སྐོར་གྱི་ཐ་སྙད་མང་པོ་ཞིག་ལ་གནས་ལུགས་དང་ཆོས་ཉིད་དང་རྒྱུ་འབྲས་སོགས་ཀྱིས་འབོད་རྒྱུ་ཡིན་ནམ།

བསྟོད།7

དཔྱད་མཆན་སྤེལ།