༢༠༡༠ལོའི་བོད་ཀྱི་ཤེས་ཡོན་པའི་རིག་གནས་སྣང་ཚུལ་སྐོར་གྱི་སེམས་དོན།

རེ་རྐང་གླིང་།

སྟོང་ལོ་གཉིས་པ་མགོ་ཚུགས་ནས་ལོ་ངོ་བཅུ་སོང་བའི་རིང་ལ་འཛམ་གླིང་དང་རྒྱ་ནག་བཅས་སུ་ཚ་ཚ་འུར་འུར་གྱི་རྩོམ་རིག་གི་སྣང་ཚུལ་མང་པོ་ཞིག་བྱུང་ཡོད་པ་ནི། གསར་ལམ་ཁག་དང་ཚགས་ཤོག་རྣམས་སུ་ལོ་རེ་ནས་ལོ་རེ་བཞིན་སྣ་ཁ་ཇེ་མང་དུ་འགྲོ་གིན་ཡོད་ལ། ལྷག་ཏུ་འཛམ་གླིང་རྩོམ་རིག་གི་སྣང་ཚུལ་ཆེན་པོ་ཞིག་སྟེ་ཨོ་གླིང་དང་ཨ་རིའི་དབར་གྱི་མཛེས་འཛིན་ལྟ་ཚུལ་མི་འདྲ་བས་ནའོ་པེར་རྩོམ་རིག་བྱ་དགའ་ཨ་རི་དང་རྒྱང་ཐག་གིས་བཅད་ཚར་བ་དེས་ད་གཟོད་རྩོམ་རིག་པ་སྒེར་ལ་དབང་བའི་འཇོན་ནུས་དེ་དངོམ་ཐུབ་ཡོད་པ་ནི་རྩོམ་རིག་གིས་ནམ་ཡང་དཔལ་འབྱོར་ལ་མགོ་མི་སྒུར་བའི་སྒེར་ཚུགས་མཚོན་ཐུབ་ཡོད་པ་དེ་དང་། JKལོ་ལིན་གྱི་ལོ་རེའི་རྩོམ་ཡོན་དབྱིན་ཇིའི་རྒྱལ་མོ་ཡི་ལོ་རེའི་ཡོངས་སྒོ་ལས་བརྒལ་བ་ལ་སོགས་པས་རྩེད་མཚར་སྐྱིད་པོ་རེ་བསྟན་ནས་ཡོད་ལ། སྟོང་ལོ་ཚུགས་ཚུན་ལ་རྒྱ་ནང་དུའང་འབྱོར་ལྡན་རྩོམ་པ་པོའི་ཨང་རིམ་གྱི་རུས་ཐོ་མངོན་བསྒྲགས་བྱས་པ་ནས་བཟུང་། རྒྱ་ནག་གི་རྩོམ་རིག་དེ་ཡང་ཁ་མཚར་ནག་པོའི་རང་བཞིན་གྱིས་སྤྲོས་ཡོད་པ་ནི་ཀའོ་ཅིན་མེན་གྱིས་གཞན་རྩོམ་བརྐུ་བཤུ་བྱས་པར་འགྱོད་གཤགས་མི་བྱེད་པ་ནས་མགོ་བཙུགས་ཏེ་ཧྭན་ཧྭན་གྱིས་རྒན་པ་དག་ས་དཀྲུགས་གནམ་དཀྲུགས་བྱས་ལ། “ལིས་དཔའ་ལུགས་ཅན་གྱི་སྙན་ངག་གི་ཧམ་ཚད”ཀྱིས་ཡིས་ཧྲ་དང་པའེ་ཏའོ་སོགས་ཀྱི་མིང་ཡིག་བཀབ་མྱོང་བ། དེ་བཞིན་ལོ་རབས་བརྒྱད་ཅུའི་རྗེས་ཀྱི་རྩོམ་པ་པོ་རྣམས་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་གྱུར་བ་དག་གིས་ཟང་ཟིང་ལོང་ལོང་ཞིག་བཟོས་ཡོད་པ་རེད།

དེ་ན་ང་ཚོའི་བོད་ལ་དེ་ལྟ་བུའི་ཤམ་ཚ་ཡི་རྩོམ་རིག་གི་སྣང་ཚུལ་དག་བྱུང་ཨེ་ཡོད་ཅེས་ན་སྒྱུ་རྩལ་རང་ངོས་ནས་གླེང་གཞི་ཆེན་པོ་དེ་འདྲ་མ་བྱུང་ནའང་། བློ་འབྱེད་ཤེས་ཡོན་དང་དགག་སྒྲུབ་རྩོམ་ཡིག་སོགས་ཀྱི་ངོས་ནས་གླེང་ཆོག་ཆོག་གི་དོན་བྱ་རབ་དང་རིམ་པ་ཞིག་བྱུང་ཡོད་པར་འདོད་དེ། སྐུ་ཞབས་ཞོགས་དུང་གིས་མཚོན་པའི་གཞོན་སྐྱེས་ཤེས་ཡོན་པ་འགའ་ཞིག་གིས་རང་གི་མགོ་བོ་གཏུན་ཤིང་བྱས་ཏེ་ལྷ་ཆོས་རིག་གནས་ལ་སུན་འབྱིན་དང་དགག་སྒྲུབ་བྱས་པ་དེས་དགོན་སྡེ་ཁག་གི་བླ་སྤྲུལ་དག་ལའང་རིག་གནས་ཀྱི་རྣོ་དབལ་དེ་ངོས་ཟིན་དུ་བཅུག་ལ། དེའི་རྗེས་སུ་བྱུང་བའི་བདག་དཔེ་ཚོགས་དང་བླ་དཔེ་ཚོགས་སོགས་ཀྱིས་ཀྱང་མཐོ་བ་བླ་ཆེན་དཔོན་ཆེན་དང་དམའ་བ་མི་དམངས་མང་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་སྐོར་ལ་མཐའ་གཅིག་ཏུ་རིག་གནས་གསར་བས་ལམ་སྟོན་བྱས་པས་ན་སྟོང་ལོ་གཉིས་པ་དེ་བོད་མི་རིགས་སད་རྟོག་གི་གོ་རིམ་ཞིག་ཏུ་བརྫངས་ནས་ཡོད་པ་དང་།

གཞན་དུ་སྟོང་ལོ་ཚུགས་ཚུན་ནས་བོད་ཡུལ་ལུང་བ་འདི་ལ་རྩོམ་རིག་གསར་བའི་ལང་ཚོ་དེ་བཀྲ་རྒྱས་ཀྱི་བབས་སུ་འགྲེངས་ཚུགས་པའི་དན་རྟགས་སུ་བོད་ཀྱི་སྙན་ངག་གསར་བའི་ཚོགས་པ་གསར་བ་མི་རབས་གསུམ་པ་ཞེས་པའི་ཤོག་ཁ་དེ་ཚུགས་པ་དང་། སྐྱབས་ཆེན་བདེ་གྲོལ་སོགས་ཀྱིས་མཚོན་པའི་ན་གཞོན་རེ་བ་ཅན་འགའ་ཞིག་གིས་མཆོད་མེ་རྩོམ་རིག་དྲ་བ་སོགས་བོད་ཡིག་གི་དྲ་ཚིགས་མང་པོ་གསར་དུ་ཕྱེས་པ་དེས་དཔེ་ངོས་རྩོམ་རིག་གི་སྣང་ཚུལ་ལ་ཞེ་མེར་ནས་ཡོད་པའི་རྩོམ་པ་པོ་དང་ཀློག་པ་པོ་མང་པོ་ཞིག་གི་བློ་ཁ་གསོས་ཤིང་། མཛད་ལ་ཉེ་བའི་བོད་ཀྱི་རྩོམ་རིག་དེ་གདོང་མཆོང་གི་དུས་རིམ་དུ་བསྐྱལ་བ་ནས་སློབ་ཆུང་སློབ་མས་ཀྱང་སྙན་ངག་རྩོམ་པའི་ལས་བརྩམས་པ་དེས། ལོ་རབས་བརྒྱད་ཅུའི་སྙན་ངག་པ་གྲགས་ཅན་དག་གི་བརྩམས་ཆོས་ཁོ་ན་གླེང་གཞིར་གྱུར་བའི་བོད་ཀྱི་སྙན་ངག་གསར་བའི་གནས་བབ་དེ་ཡང་མགོ་རྟིང་བསློགས་ཏེ་གཞོན་ཤ་རྒྱས་སུ་བཅུག་ཅིང་། ལོ་རེ་བཞིན་སྙན་ངག་གྱེར་འདོན་ཚོགས་འདུའམ་རྩོམ་རིག་བགྲོ་གླེང་འདུ་ཚོགས་མང་པོ་ག་ས་ག་རུ་བསྡུ་བའི་སྲོལ་དར་བ་དེས་བོད་ཀྱི་རྩོམ་རིག་ལ་ཚ་ཚ་འུར་འུར་གྱི་འགྲོགས་བསླངས་ཡོད་པ་དང་།

སྒྱུ་རྩལ་གྱི་དོང་ནང་དུ་ལྟུང་ལ་ཉེ་བའི་བོད་ཀྱི་སྒྲུང་གཏམ་གསར་རྩོམ་དེ་ཡང་གཏམ་རྒྱུད་ཀྱི་མུར་གཏམ་རྒྱུད་དང་ལྷུག་རྩོམ་གྱི་མུར་ཚིག་ཚོགས་སྐྱེད་པའི་དུས་སྐབས་དེ་ལ། གློ་བུར་དུ་གཏེར་ཁ་ཕྱེས་པ་བཞིན་ནགས་ཚང་བྱི་ལུའི་སྐྱིད་སྡུག་ལྟ་བུའི་སྒྲུང་རིང་རེ་གཉིས་སྤྱི་ཚོགས་ཀྱི་སྒང་དུ་བུད་པ་ནི་ལོ་རྒྱུས་ཀྱི་འཆར་ཉན་ཞིག་གམ་མིའི་བསམ་ཡན་གང་འདྲ་ཞིག་ཏུ་ངོས་འཛིན་དཀའ་ནའང་དེའི་ནི་གསར་བྱུང་གི་སྒྲུང་རིང་རྒུད་ལྟ་བུ་དག་དཔེ་ཁང་ནས་ས་རྡུལ་གྱི་ཀློང་དུ་དེད་པས་རྩོམ་སྲོལ་གསར་མའི་འབྲི་ཐབས་དེས་རང་རེའི་སྒྲུང་རྩོམ་གྱི་ལས་ཀར་གླེང་ཆོག་ཆོག་གི་དབུ་ཁྱུད་ཅིག་བྲིས་ཡོད་པ་སོགས་མདོར་ན་བོད་རང་ལའང་རང་དང་དོ་མཉམ་གྱི་རྩོམ་རིགས་ཀྱི་གླེང་སྒྲོས་མང་པོ་ཞིག་བྱུང་ནས་འདུག་མོད།

སྟོང་ལོ་གཉིས་པའི་ལོ་རབས་དང་པོར་སྐད་ཅིག་ཉིད་ལ་གྱེས་ཕྱག་འབུལ་བའི་དེ་རིང་། ང་ཚོས་རང་གི་སོང་ཚར་བའི་རྐང་རྗེས་དག་ལ་ཕྱིར་བལྟ་ཞིག་བྱས་ན། ༢༠༡༠ལོ་ནི་ལོ་ངོ་བཅུ་བོ་དེ་དག་ཕྱེ་མར་བཏགས་པའི་ཡང་ཏིག་སྙིང་བོ་ལྟ་བུ་ཞིག་ཏུ་བཤད་དང་ཆོག་པ་ཞིག་མིན་ནའང་། མི་སེམས་ལ་སྐྱུར་ཅིང་ཅིང་གི་ན་ཟུག་སྟེར་བའི་རང་བྱུང་གནོད་འཚེ་སྐོར་ཞིག་དང་ཤེས་ཡོན་པའི་སྡེ་ལ་ཚ་ཚ་འུར་འུར་གྱི་མེ་ལྕེ་འབར་དུ་བཅུག་པའི་དྲ་ཚིགས་ཁ་ཤས་སྒོ་བརྒྱབ་པ་དག་གིས་༢༠༡༠ལོ་དེ་རང་རེའི་ཤེས་ཡོན་པའི་སྡེ་ཡི་དཔངས་མཐོ་ལ་བོངས་ཆུང་བའི་བསམ་པའི་དཔལ་ཡོན་དང་ངོས་ཡངས་ལ་གཏིང་སྲབ་པའི་གཙོ་རྒྱུགས་ཤེས་བྱ་དག་ལྗན་ནེར་བསྟན་པའི་མེ་ལོང་ལྟ་བུ་ཞིག་ཏུ་བཞེངས་ནས་ཡོད་པ་དང་། ལྷག་ཏུ་བོད་ཀྱི་ཤེས་ཡོན་པའི་བསམ་པའི་དཔལ་ཡོན་དེ་ཕུག་སྣ་རྡོ་ཐུགས་ཀྱི་དཔེ་བཞིན་མདུན་ལམ་མེད་པ་ཞིག་ཏུ་བསྟན་ནས་ཡོད་དོ། །

སྤྱིར་ན་སྙན་ངག་པ་ནི་རྣམ་ཤེས་ཀུན་ཤེས་པ་ཞིག་ཏུ་བཤད་ནས་ཡོད་ནའང་། དུས་རབས་ཀྱི་བརྡབ་གསིག་ཁོ་ནས་བསྐྱེད་པའི་རང་རེའི་དེང་རབས་སྙན་ངག་པ་དག་ནི་དགེ་རྒན་གྱིས་ལས་བྱ་བཀོད་སྒྲིག་བྱས་པ་བཞིན་གྲོགས་ཕན་ཚུན་གྱི་སྙན་ངག་དག་ཀློག་རེ་དང་བཤུ་རེ་བྱེད་པའི་གོམས་གཤིས་སུ་དོང་ནས་ཡོད་ལ། དུས་དེབ་ཉུང་བའི་ལས་དབང་དེ་གྲོགས་སུ་མ་རིག་པར་གེགས་སུ་གྱུར་ཏེ་ནམ་དུ་ཡང་རྩོམ་སྒྲིག་པ་གང་ཞིག་གི་ཡི་ག་དང་འཚམ་པའི་ཚིག་སྦྱོར་སྙན་ངག་ཁོ་ནར་ཞིབ་འཇུག་བྱེད་པ་ལས་ཡིག་རིགས་གཞན་གྱི་གཞུང་ལུགས་དག་ལ་ལྟ་ཀློག་གི་མོས་པ་ཆད་ནས་ཡོད་པས། ལང་ཚོའི་རྦབ་ཆུ་ལས་ཐོ་གང་ཡར་འཕགས་པ་ཙམ་གྱིས་ཀྱང་བརྩམས་ཆོས་དེ་ལ་རོལ་མྱོང་བྱེད་པའི་ཤེས་པ་ལྡོང་ནས་ཡོད་པ་རེད། སྣང་ཚུལ་འདིའི་རིགས་ཀུན་པོའི་བགྲོ་གླེང་གི་སྐབས་སུ་ཤིན་ཏུ་གླེང་འདོད་ཆེ་བའི་གནད་དག་ཏུ་མངོན་ནས་ཡོད་ནའང་། གཅིག་གིས་མཐོ་ཚད་གཅིག་གིས་མ་ཟིན་པ་ཡིས་སྙན་ངག་པ་དངོས་ཀྱི་བརྟུལ་ཞུགས་ཡལ་བར་དོར་ནས་ཁ་ཡོག་གི་ལས་སྐྱུང་གིན་བརྩམས་ཆོས་ལ་མི་དཔྱད་པར་རྩོམ་པ་པོར་བཤད་པའི་གཤིས་ལུགས་ཤིག་རང་རེ་བ་ཚོར་གྲིབ་མ་བཞིན་འགྲོགས་ནས་ཡོད་ལ། བཤད་ཡམས་དེས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་སྙན་ངག་གི་རྩོམ་སྟེགས་རྣམས་སུ་བརྩམས་ཆོས་ལ་དམིགས་ཏེ་དོན་གྱི་རྒྱབ་ལྗོངས་འདྲེན་པའི་རྩོམ་ཡིག་ཤིན་ཏུ་ཉུང་བ་ནས། སྙན་ངག་པར་བཏགས་ཚད་ལ་འཇོན་བདེ་བ་ནི་གསར་འགོད་པ་དག་གི་བཅར་འདྲི་དང་ལེན་བྱེད་ཀྱིན་སྙན་ངག་ལ་ངག་ཚིག་སྦོམ་པོ་ཏག་ཏག་བླུགས་ཡོང་བ་དེ་རེད། དཔེ་དེ་༢༠༡༠ལོར་ཤིན་ཏུ་འཛའ་བ་ཞིག་ལ་༢༠༡༠ལོར་བརྙན་འཕྲིན་ཁང་དང་རླུང་འཕྲིན་ཁང་། དུས་དེབ་ཁང་དང་ཚགས་པར་སོགས་རིག་གནས་གླེང་སྟེགས་མང་པོ་ཞིག་གིས་སྔ་གཞུག་བརྩད་དེ་སྙན་ངག་པ་མང་པོ་ཞིག་ལ་སྙན་ངག་སྐོར་གྱི་བཅར་འདྲི་བྱས་པ་དེས་བསྟན་ནས་ཡོད། རྩོམ་སྒྲིག་ཁང་དེ་དག་གིས་སྙན་ངག་པ་ལ་བཅར་འདྲི་བྱེད་དུས་སུ་གཟབ་ནན་གྱི་ཉམས་བཟོ་གང་ཡང་མི་བཏོད་པར་བཅར་འདྲི་བྱེད་སའི་སྙན་ངག་པ་དེ་དག་འཁྲབ་སྟོན་པ་དང་རྩོམ་སྒྲིག་པ་རང་ཉིད་འཁྲབ་ཁྲིད་པ་ཡིན་པའི་ང་རྒྱལ་མངོན་ནས་ཡོད་པ་ནི། རྩོམ་སྒྲིག་པ་དག་ལ་སྙན་ངག་གི་བློ་སྦྱོང་ཨེན་ཙམ་ཡང་མེད་པར་ ༼ཁྱོད་རྩེ་ཆུའི་ཁ་ནས་ངུས་མྱོང་བ་དེ་སྒྲོལ་མའི་ཆེད་དུ་ཡིན་ནམ༽ཞེས་ཟོག་པོ་གཉིས་ཀྱིས་ཆང་འཐུང་བཞིན་སེམས་གཏམ་ཤོད་པ་འདྲ་བ་ཞིག་འདྲི་ཚིག་ཏུ་རློམ་ནས་ཡོད་ལ། ༼གོ་ཐོས་སུ་ཁྱོད་ཀྱི་ཆུང་མ་ཡང་སྙན་ངག་པ་ཞིག་རེད་ཟེར་བས། ཁྱོད་ཁོ་མོའི་བརྩམས་ཆོས་ཀྱི་སྐོར་ལ་བསམ་ཚུལ་ག་རེ་ཡོད༽ཅེས་འདྲི་བ་བོ་དང་ལན་འདེབས་མཁན་གཉིས་མ་གཏོགས་སུ་ལའང་གསལ་ཆ་མེད་པའི་གཏམ་བྱུང་རྒྱལ་དུ་སྨྲ་བ། དེ་བཞིན་ཚགས་དེབ་སོགས་ཀྱིས་ཀྱང་ཆེད་བསྒྲིགས་ཀྱི་ཕྱིར་དུ་ཆེད་བསྒྲིགས་ཁོ་ནར་དམིགས་ཏེ་དྲི་ཚིག་མང་པོ་ཞིག་འཕྲིན་ཤོག་ཏུ་བྲིས་ནས་དྲི་བ་འདི་དག་ལས་མང་ཆེ་བར་ཉིད་ནས་ལན་བཏབ་རྗེས་མྱུར་བ་མྱུར་དུ་བསྐུར་རྒྱུ་ཟེར་བ་སོགས་སྙན་ངག་པས་ལེན་འདེབས་ཚུལ་དེ་གབ་ལེན་ལྟ་བུ་ཞིག་ཏུ་བཅོས་ནས་ཡོད་མོད། འོན་ཀྱང་ནམ་རྒྱུན་སྒེར་གཤིས་གཙིགས་སུ་འཛིན་རྒྱུར་ལོབས་ནས་ཡོད་པའི་བོད་ཀྱི་སྙན་ངག་པ་དག་གིས་ནི། རང་གི་མི་སྤྱོད་ཀྱི་མཛེས་པ་དག་ཡལ་བར་དོར་ནས་རྩོམ་སྒྲིག་ཁང་དེ་དག་གི་དྲི་བ་ནི་རང་ཉིད་དཔག་ཚད་གཅིག་ལ་སྤུར་བའི་མགྱོགས་བགྲོད་འཕྲུལ་འཁོར་ཞིག་ལ་བལྟ་ཡི༼ལགས་སོ༽ཞིག་གིས་བཀའ་དང་ལེན་བྱས་དང་བྱེད་བཞིན་ཡོད་པ་འདིས་མངོན་པར་བསྟན་ནས་ཡོད་པ་རེད།

དྲང་མོར་བཤད་ན་དེང་རབས་བོད་ཀྱི་སྙན་ངག་གི་ཟབ་ཚད་དང་མཐོ་ཚད་ཀྱི་ངོས་ནས་ཡང་དག་པ་ཞིག་སུས་ཀྱང་ཁྲུན་ཐག་གཅོད་དཀའ་ནའང་། བསྡུར་བའི་ཞིབ་འཇུག་གི་ལས་ཀ་ཁོ་ནས་༢༠༡༠ལོའི་བོད་ཀྱི་དེང་རབས་སྙན་ངག་ལ་འཁྱུག་ཙམ་བལྟས་ན་ཧ་གོ་བ་ཞིག་ལ། ༢༠༡༠ལོར་བོད་དུ་སྙན་ངག་གསར་བ་དར་ཚུན་གྱི་ཆེས་ཆེ་བའི་རང་བྱུང་གནོད་འཚེ་སྟེ་ཡུལ་ཤུལ་ས་འགུལ་བྱུང་བ་དེས་བོད་ཀྱི་དེང་རབས་སྙན་ངག་འབྲི་མཁན་དག་གི་ལྗིད་ཚད་བསྟན་ནས་ཡོད་དེ། གློ་བུར་དུ་གནོད་འཚེ་བྱུང་ཞིང་གློ་བུར་དུ་རྩོམ་ཡིག་བསྡུས་པའི་མྱུར་ཚད་དེས་བོད་ཀྱི་སྙན་ངག་པ་མང་པོ་ཞིག་ལག་པ་གཅོད་ལ་ཐུག་བཞིན་ནད་མེད་ཁུན་འབྱིན་བྱས་པ་ལྷང་ལ་ཕུད་ཅིང་། ཡང་མང་པོ་ཞིག་གིས་གསོལ་འདེབས་འདྲ་བ་དང་། ངུ་བཤད་འདྲ་བ། སྨྱོ་བཤད་འདྲ་བ་ཏག་ཏག་ལབ་ནས་ཡོད་པ་ནི་༼ཞོགས་པ་དེར༽ནས་༼ཡུལ་ཤུལ༽ཟེར་རྒྱུ་མ་གཏོགས་སེམས་ལ་འབབ་པའི་སྙན་ངག་ཅིག་གཅིག་གིས་ཀྱང་བྲིས་མེད་ལ། ལྷག་ཏུ་བལྟས་པ་ཙམ་གྱིས་མིག་ཆུ་དབང་མེད་བཞུར་བར་བཟོ་བའི་བརྩམས་ཆོས་ཤིག་རིག་རྒྱུ་མེད་པ་དེས་གསལ་བཤད་བྱས་ཡོད་པ་རེད།

མགོ་བརྩམ་མ་ཐག་ནས་ཕུགས་ཀྱི་གནས་ལུགས་མི་སེམས་པར་ཨ་ཕོ་ང་ཡིན་དང་། དབྱུག་པ་མདུང་ཡིན་ཟེར་རྒྱུ་དེ་ད་ལྟ་བསམ་ན་བོད་ཀྱི་དྲ་ཐོག་ཤེས་ཡོན་ཅན་དག་ལ་ལྡན་ངེས་ཀྱི་ཡོན་ཏན་ཉག་ཅིག་ཡིན་ཞིང་། ཚད་གཞི་དེ་ལས་འཕོས་ཏེ་འབུམ་རམས་པ་དག་ལས་ཞིབ་འཇུག་སློབ་མ་དག་གི་སྐད་གདངས་མཐོ་ཞིང་། ཞིབ་འཇུག་སློབ་མ་དག་ལས་དངོས་གཞི་སློབ་མ་དག་གི་ཁ་ཤོམ་མཐོ་ལ། དངོས་གཞི་སློབ་མ་དག་ལས་ཆེད་སྦྱོང་སློབ་མ་དག་གི་ང་རྒྱལ་བཙན་ཞིང་། ཆེད་སྦྱོང་སློབ་མ་དག་གི་སྣ་ཐུག་དེ་གྲྭ་བ་དང་གྲྭ་ས་འགྲིམས་མྱོང་མཁན་གྱི་ན་གཞོན་དག་གིས་བཟུང་ནས་ཡོད་པ་འདི་ནི་དེ་རིང་གི་བོད་དུ་ཚ་ཚ་འུར་འུར་དུ་གྲགས་ཀྱིན་པའི་དྲ་ཐོགས་རིག་གནས་སམ་ཟིན་བྲིས་རིག་གནས་ཞེས་པ་དེ་རེད། དེ་ཡང་སྣང་ཚུལ་དེའི་གློག་གི་ཨ་མ་ལྟ་བུའི་དྲ་བའི་རིག་གནས་ལ་ཟུར་ཙམ་བལྟས་པས་ཧ་ཅང་ཤེས་སླ་སྟེ། དྲ་བའི་རིག་གནས་ལ་གསལ་ཆ་མེད་པའི་མི་ཞིག་གི་ངོས་ནས་བཤད་ན་སྣང་ཚུལ་འདི་དག་ལ་གླེང་རིན་ཞིག་གཏན་ནས་མེད་པའམ་ཡང་ན་ཧ་ཅི་ཡང་མི་གོ་བ་སྲིད་མོད་ཀྱང་། ཉིན་ཁ་ཤས་ལ་མཉམ་འཇོག་ཅིག་བྱས་པས་ཡ་མ་བརླའི་སྣང་ཚུལ་ཞིག་གིས་རྒྱུན་ལྡན་གྱི་ལྟ་ཚུལ་དག་རྩ་བ་ནས་མགོ་སྟེང་བསློགས་ཡོང་། དེ་ཡང་དྲ་བའི་འཇིག་རྟེན་དུ་ཐོན་མ་ཐག་སྟོན་པ་སངས་རྒྱས་ཀྱི་གདོང་ལ་ཐལ་བ་འདེབས་མཁན་དག་ནི་འདྲ་པར་གྱི་ངོས་སུ་གཟན་ཤམ་གྲལ་དག་རེ་གྱོན་ནས་ཡོད་པའི་ཁོང་རིག་གི་རྗེས་མཇུག་པ་དག་ཡིན་ཞིང་། ཕན་ཚུན་ལ་ཀི་འདེབས་འཆའ་རེ་རྒྱག་པ་དག་ནི་གློ་ཁུག་སྔོགས་རེ་བྱས་ཚར་བའི་གྲོགས་པོ་གྲོགས་མོ་དག་ཡིན་པ་དེ་རེད།

དོན་དུ་སྣང་ཚུལ་འདི་འདྲ་ཞིག་ཅིའི་ཕྱིར་ཆགས་པ་རེད་ཟེར་ན། རང་གི་ལྟ་ཚུལ་ལ་གཙོ་བོ་མི་རིགས་འདིའི་ཤེས་ཡོན་ཅན་གྱི་གོ་རྟོགས་དེ་སད་འཕྱི་ཞིང་། སྤྱི་ཚོགས་ཀྱི་འབུད་འདེད་དེས་ཤེས་ཡོན་ཅན་དག་གི་རྨང་གཞིའི་མི་གཤིས་ཀྱི་གཏིང་མ་མ་གྲུབ་གོང་ལ་དམིགས་གཞན་མགོར་དཀྲི་བའི་སྒྱིད་ལུག་ཅན་གྱི་སེམས་ཁ་དེ་གྲུབ་པས་ན། སྲོལ་རྒྱུན་ཤེས་ཡོན་ཅན་དག་གི་སྒྲུབ་ཚུལ་དེ་དང་ཨ་འགྲིག་ཆ་འགྲིག་གིས་རང་གིས་ཡོན་ཏན་སྦྱངས་པ་ནི་གཞན་ཞིག་ཁ་ཁུ་སིམ་པོར་གནས་སུ་འཇུག་རྒྱུའམ་ཡང་ན་རང་ཉིད་མཆོད་སྟེགས་སུ་འགྲེང་ཚུགས་བཞིན་སྐད་སྦོམ་སྦོམ་བརྒྱབ་ཆོག་པའི་ཁ་མལ་ཞིག་བརྩོན་ལེན་བྱེད་ཀྱིན་ཡོད་པ་དེ་རེད།

འོ་ན་འབུམ་རམས་པ་ནས་གྲྭ་བའི་བར་གྱི་འཁོར་རྒྱུགས་རིག་གནས་ཀྱི་བཤད་གཡམ་དེ་གང་ནས་བྱུང་བ་རེད་ཟེར་ན། དེ་ཡང་གཙོ་བོ་རང་ཅག་གི་ཁོར་ཡུག་སློབ་གསོར་རག་ལས་ཡོད་དེ། བོད་སྐད་ཡིག་གི་རྨང་གཞི་དེ་སློབ་ཆུང་ནས་སློབ་ཆེན་གྱི་བར་དུ་ཟླ་བ་མར་ངོའི་ཚུལ་གྱིས་ལོ་རེ་ནས་ལོ་རེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་ནི་ཟོལ་ཆོས་ཀྱི་གདོང་འབག་མ་གོན་པའི་སྐྱེས་བུ་སུ་ཡིན་ཡང་སླ་བོར་རྟོགས་སྲིད་པ་དེ་རེད། ཡིན་ནའང་བུ་སློབ་དག་གི་རིག་པ་དེ་ལྕང་གསར་གྱི་འགུག་མཉེན་ལྟར་རང་རང་གི་རིན་ཐང་ཆོས་ཉིད་ཀྱིས་ཕྱེས་ཏེ་འཕེལ་རྒྱས་ཀྱི་ལམ་ཁར་སྙེགས་པས་ན་རིག་པ་གསར་བའི་གཞུང་རྐང་དེ་སྐད་ཡིག་འདྲེས་འཛིང་ཅན་གྱི་ཤེས་རབ་དེས་དུམ་བུ་དང་དུམ་བུར་བྱས་ཏེ་རང་གི་ཡོན་ཚད་ཀྱི་སྒྲོམ་ལ་བླུགས་པས། ཟས་མང་རིག་གནས་(快餐文化)ཀྱི་གཞི་རྒྱ་ཆེན་པོ་ཞིག་གིས་ད་ལྟའི་ཤེས་ཡོན་པའི་གྲངས་ཚད་ཀྱི་ཚད་རིམ་མཐོ་ཤོས་བཟུང་ཡོད་ཅིང་། རང་གི་ཕ་སྐད་རིགས་གནས་དེ་ཡང་བྱེ་བྲག་གི་རིག་གནས་ཤིག་ཏུ་བལྟོས་ཡོད་པས། བསླབ་གཞི་ཇི་ལྟར་མང་ན་རིག་པ་དེ་ལྟར་ཉམས་པའི་སྣང་ཚུལ་གྱིས་འཁྱོགས་སུ་བཅུག་ཡོད་པས་རེད།

༢༠༡༠ལོར་མཚོན་ན་དྲ་བའི་རིག་གནས་ཀྱི་རང་འཚང་དངོས་མ་ཕྱིར་བསྟན་པ་ནི་འཕྲོ་རིམ་འཕྲོར་བོད་ཡིག་ཟིན་བྲིས་དང་། ཧི་གཟུགས་ཟིན་བྲིས། མཆོད་མེ་པོད་ཁུག་སོགས་སྒོ་བརྒྱབས་པ་དེས་དྲ་སྟེང་དུ་ཚ་ཚ་འུར་འུར་གྱིས་ས་སྤུར་གནམ་སྤུར་བྱེད་ཀྱིན་པའི་དྲ་བའི་ཁ་དབུགས་དེ་གློ་རྡེག་ལ་དལ་འཇགས་སེར་བཏང་སོང་བས། སྔོན་ནས་བཟུང་གནས་ས་བརྟན་པོ་ཞིག་ཆགས་མེད་པའི་ཟིན་བྲིས་རིག་གནས་ཀྱི་རང་བཞིན་ལྷང་ལ་བུད་པ་ནས་འགོས་ནད་ཀྱི་ཁྱབ་ཁོངས་ཇེ་ཆེར་སོང་སྟེ་དྲ་སྟེང་གི་སྤྲེལ་ལད་དེ་དཔེ་ཐོགས་སུ་སུམ་འཛུལ་བྱ་དང་བྱེད་བཞིན་པ་ནི། གཞུང་གི་དཔེ་རྟགས་ཅན་གྱི་དཔེ་ཆ་མང་པོ་ཞིག་གི་ནང་དུ་མི་སྒེར་གྱི་ཁ་རྩོད་སོགས་རྩོམ་ཡིག་ཤོག་ངོས་གཅིག་རེ་ཅན་གྱི་ཁ་གྲངས་ཇེ་མང་དུ་འགྲོ་གིན་པ་དེ་དང་། ལག་རྩལ་དང་རྩོམ་སྒྲིག་སོགས་གང་ཐད་ནས་སྤུས་ཀ་ཞན་པའི་སྒེར་གྱི་དྲ་ཚིགས་མང་པོ་ཞིག་འཛུགས་གྲུབ་བྱས་ཏེ་རང་རང་གི་པར་སོགས་དྲ་ཚིགས་ཀྱི་མདུན་ངོས་སུ་དྲིལ་སྒྲོགས་ཀྱི་ཚུལ་དུ་འགལ་རྒྱུར་ལོབས་ནས་ཡོད་པ། དཔེ་དེ་བཞིན་གྲོགས་པོས་གྲོགས་པོར་ཞིབ་འཇུག་དཔེ་ཆ་པར་བ་སོགས་དཔེ་ངོས་རིག་གནས་ལ་སྔར་བྱུང་མ་མྱོང་བའི་དོན་དག་རབ་དང་རིམ་པ་ཞིག་བྱུང་གིན་ཡོད་པ་དེ་གཙོ་བོ་དྲ་བའི་རིགས་གནས་སམ་ཟིན་བྲིས་རིག་གནས་ཀྱིས་བསྐྱེད་པའི་སག་རིལ་ཞིག་ཏུ་མཐོང་ནས་ཡོད་དོ། །

གོང་གསལ་སྣང་ཚུལ་འདི་ལྟ་བུ་ཞིག་གིས་རང་རེའི་སྨྱུག་ཐོགས་པ་དག་གི་ནང་འཚང་ངོ་མ་དེ་བསྟན་ནས་ཡོད་ནའང་། འདི་ཉིད་དགེ་བའི་ཐབས་སུ་ཟུར་དུ་ཕྱུང་ནས་ཤོད་པ་ཞིག་མ་གཏོགས་བོད་ཀྱི་ཤེས་ཡོན་པ་སྤྱིའི་བསམ་བློ་དེ་ལོ་འཁོར་ཟླ་བ་རེས་མོས་སུ་ཡར་ནས་ཡར་དུ་འཕགས་ཀྱིན་པར་ཁོ་བོ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་ཅིང་། ལར་ཉི་མ་ལས་འོད་ཆེ་ཞིང་། ནམ་མཁའ་ལས་ཁྱོན་ཡངས་པའི་རིག་གནས་ཀྱི་མཐོ་ཚད་ཅིག་ལ་བོད་ཀྱི་ཤེས་ལྡན་པ་དག་བསྐྱོད་ཐུབ་པའི་རེ་བའང་སྙིང་ཁར་བསྲེགས་ཐམ་གྱི་ཚུལ་དུ་བཀོད་ནས་ཡོད་དོ། །

2011.2.27

བསྟོད།9

དཔྱད་མཆན་སྤེལ།