དགེ་ཆོས་སོགས་ལས་འཕྲོས་ཏེ་མེ་ལྕེ་ལ་བྲིས་པ།

སྐྱབས་ཆེན་བདེ་གྲོལ།

གྲོགས་པོ་ལགས། ཁྱོད་ཀྱིས་སླར་ཡང་ང་ལ་གོ་བ་ལོག་ལེན་བྱས་སོང་། དང་པོ། ང་ལ་གནམ་རྡིབ་ཀྱི་སྡུག་བསྔལ་མེད། གཉིས་པ། ངས་སྨྲེ་ངག་བཏོན་པ་མིན། གསལ་འདེབས་ཙམ་བྱས་པ་ཡིན། གསུམ་པ། ངས་དགེ་ཆོས་དང་དོན་རྒྱལ་གཉིས་ཁོ་ན་གླེང་ན་མི་ལེགས་པའི་བསམ་ཚུལ་ཙམ་བརྗོད་པ་ལས་དེ་གཉིས་གླེང་ན་མི་རུང་ཚུལ་ཅི་ཡང་བཤད་མེད།
གལ་སྲིད་ཁྱེད་ཅག་གིས་ཁོང་གཉིས་དང་བོད་ཀྱི་མཁས་པ་གཞན་དག་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་རྒྱུ་ཡིན་ན་ངས་ཁྱེད་ཅག་གིས་རྗེས་དྲན་བྱས་པ་དེར་སྙིང་བོ་ཡོད་པར་འདོད་རྒྱུ་དང་། དེ་ལས་ལྡོག་སྟེ་དགེ་ཆོས་དང་དོན་རྒྱལ་གླེང་བ་བརྒྱུད་ནས་བོད་ཀྱི་མཁས་པ་གཞན་དག་གི་རིན་ཐང་དུར་དུ་འཇུག་འདོད་པ་དང་། དགེ་ཆོས་དང་དོན་རྒྱལ་གཉིས་ལས་བོད་ལ་རིན་ཐང་ཅན་གྱི་མཁས་པ་མེད་པར་བསྒྲུབ་འདོད་པ་ཡིན་ན་མི་ལེགས་པ་ཞིག་དང་། ཅོལ་ཆུང་ངམ་ཤེས་མེད་ཀྱི་ལས་ཀ་ཞིག་ཏུ་བརྩི་རྒྱུ་ཡིན།
བདག་གི་མཐོང་སྣང་ལ། ཁྱེད་ཅག་གིས་འཇིག་རྟེན་ན་ཚད་མའི་སྐྱེ་བོ་མེད་ཟེར་བཞིན་དུ་ཚད་མའི་སྐྱེ་བོའི་སྐུ་བརྙན་བཟོ་བཞིན་པ་དང་། བག་ཆགས་རྙིང་བ་གཏོར་དགོས་ཟེར་བཞིན་བག་ཆགས་རྙིང་བའི་ལམ་བུ་བཤངས་བཞིན་པ་འདྲ།
གཞན་དུ་གླེང་བར་བྱ་བ་འདི་འདྲ་ཡོད་དེ། ངུ་མ་དགོད་ཀྱི་འཇིག་རྟེན་བྱིས་པའི་རྩེད་རྡོ་འདྲ་བ་འདི་བརྩིགས་པས་སྙིང་བོ་མེད་པར་མཐོང་མོད་སྐད་ཅིག་ཙམ་དུ་བརླག་ཀྱང་མི་བཏུབ་པས་ན། ལྟ་ཚུལ་ཟེར་བ་དང་། སྙིང་སྟོབས་ཟེར་བ་སོགས་གླེང་གླེང་ནས་ཉིན་མཚན་སྐྱེལ་བ་ནི་ཅི་འདྲའི་ཨ་རེ་གླེན་ཞིང་དགྲ་གྲོགས་ཀྱི་རྣམ་དབྱེ་ཐག་པ་དཀར་ནག་གི་རྐྱ་ལྟ་བུ་ཞིག་ཏུ་ཕྱེ་བའང་ཅི་འདྲའི་ཉམ་རེ་ཆུང་། དེ་བཞིན་དུ་གཞན་གྱིས་བཏོད་པའི་ལམ་བུ་སྡོམ་གྱི་དྲ་བ་ལྟ་བུ་དེའི་ནང་ནས་ཅི་ཞིག་མཐོང་སོང་བ་དང་།ཅི་ཞིག་རྟོགས་སོང་བའི་ཚུལ་གྱིས་ཕྱག་རྒྱ་མང་དུ་བྱེད་པའང་ཅི་འདྲའི་དགོད་རེ་སྤྲོ་ཨང་།
དེ་བས་དགེ་ཆོས་དང་དོན་རྒྱལ་སུ་ཡིན་ཡང་འུ་ཅག་གི་མགོ་ཐོག་གི་གདུགས་དང་། ལག་ནང་གི་དར་ཡིན་པའི་དུས་ཚོད་དེ་རེ་ཞིག་མཇུག་རྫོགས་ནས། འུ་ཅག་གི་གོམ་པ་དང་པོ་སྤོ་སའི་རྐང་སྟེགས་ཙམ་དང་། འུ་ཅག་གི་རྒྱབ་ནས་ཡལ་བའི་མེ་ལོང་ཆག་པོ་དེར་འགྱུར་དགོས་པ་རེད།
གལ་སྲིད་དེ་འདྲ་མ་ཡིན་ཚེ། དགེ་ཆོས་དང་དོན་རྒྱལ། ཡང་ན་ཁོང་གཉིས་དང་འདྲ་བའི་སྐྱེ་བོ་བྱིངས་ནི་འུ་ཅག་གི་ལམ་ཁར་སྤུངས་པའི་བཀག་རྡོ་དང་འུ་ཅག་གི་སེམས་ཁར་ཟུག་པའི་གཟེར་མ་རྣོ་ཤོས་དེ་ཡིན་པས་འུ་ཅག་གིས་སྐྱིད་སྣང་དང་བཅས་གོམ་པ་ཅི་འདྲའི་མང་པོ་ཞིག་སྤོས་ཀྱང་ཁོང་གཉིས་ཙམ་ཡང་བརྒལ་ཐུབ་རྒྱུ་མ་རེད། དེ་ལྟར་བྱུང་ཚེ། འཕྲོ་རིམ་འཕྲོར་འབྱུང་འགྱུར་གྱི་ཁ་བ་རི་བའི་མི་རབས་གསར་བ་དག་གི་ལས་སྐལ་ནི་ཅི་འདྲ་ཡིན་པ་ཁྱེད་ཀྱིས་ཀྱང་ཚོད་དཔག་བྱ་ནུས་སོ།།
བདག་ནི་རྗེས་དཔག་གི་རིག་པ་ཨང་ཀིའི་ཐག་པ་ལྟ་བུ་དེ་ལས་མངོན་སུམ་གྱི་མྱོང་སྣང་སྟག་མོ་བྲག་གཡང་དུ་མཆོངས་པ་ལྟ་བུ་དེར་ཡིད་ཆེས་མཁན་ཞིག་ཡིན་ཏེ། དེའང་ཐག་པ་དེ་ཆད་འགྲོ་བར་སྐྲག་པ་མ་ཡིན་པར་སྟག་མོ་དེའི་མཛེས་སྡུག་མཐོང་འདོད་པས་ཡིན། བསམ་ཞིང་བསམ་ན་མིའི་རིགས་ཀྱི་ཤེས་རབ་ཀྱི་གོམ་འགྲོས་དེ་ནམ་ཡང་མཚམས་མེད་པར་གནས་མི་འདྲ་བ་དག་ཏུ་སྒྱུར་བ་ཞིག་མ་ཡིན་པར། སྔར་གྱི་གནས་དེ་ན་ཡང་སྐོར་བསྐྱར་སྐོར་བྱེད་པ་ཞིག་ཡིན་པས་ན། རྙིང་བ་ཞེས་དོང་རུལ་ཏུ་བསྐྱུར་རྒྱུ་ཞིག་མེད་ལ། གསར་བ་ཞེས་སེམས་སྒྲོམ་དུ་ཉར་རྒྱུ་ཞིག་ཀྱང་ཡོད་མི་འདུག སྲིད་པ་དང་སེམས་ཅན་གྱི་མི་རྟག་པའི་རང་བཞིན་དེ་ཡོད་པས་བདེན་པའི་མཐར་ཐུག་ཅེས་པ་འཇའ་ཚོན་ལྟ་བུ་ཞིག་དང་། འདི་ནི་རྫུན་པ་དང་དེ་ཉིད་ནི་མི་བསླུ་བ་ཁོ་ནའོ་ཞེས་འདོད་པའང་རྨི་ལམ་ནང་གི་སྐྱིད་སྣང་ཙམ་མ་ཡིན་ནམ།
དེའི་ཕྱིར་ཚིག་གི་རྐང་བ་གཅིག་ལ་བརྟེན་ནས་དོན་གྱི་མཚན་ཉིད་ཤར་མར་འགོད་པའི་སྦྱོར་བ་དེ་རེ་ཞིག་ཕར་བསྐྱུར་ནས། ས་རྡུལ་གཅིག་གི་སྟེང་ནའང་གོ་ལ་གཅིག་གི་ཕུན་ཚོགས་ཡོད་པའི་རྟོགས་པ་ཡོད་པར་བྱས་ན་འཕྲལ་ཡུན་ཀུན་ལ་ཕན་པར་འདུག་ཅེས་ཀྱང་སྨྲའོ།།
༢༠༡༡ལོའི་ཟླ་༩པའི་ཚེས་༢༤ཉིན་སྡོད་ཤག་གཡར་མ་ཞིག་ནས་སེམས་ཁྲལ་དང་བཅས་ལྷག་བསམ་དག་པས་བྲིས་པའོ།།

བསྟོད།8

དཔྱད་མཆན་སྤེལ།