ཡུལ་ཤུལ་དྲན་པ། ༼རྗེས་དྲན་ཆེད་བསྒྲིགས༽

གཅན་རྣམ་ཐར།

ཁམས་སྐྱེ་རྒུ་མདོ། ན་ནིང་ད་མཚམས་ཁྱེད་ཀྱིས་མིག་ཆུ་མིག་གོང་ནས་བཞུར་ཞིང་སྐྱོ་གདུང་ཡིད་དུ་བརྣགས་ཏེ། མི་སེམས་ཀྱིས་བརྩེ་བ་ཁྱེད་ཀྱི་མྱངས་ཤིང་ཁྱེད་ཀྱི་མཐོང་། དེ་རིང་ཞིག་རོ་དག་ས་ས་མལ་དང་རྡོ་རྡོ་མལ་དུ་དྲུད་དེ། རྔམས་བརྗིད་ལྡན་པའི་ཁང་བརྩེགས་འགྱིང་ཉམས་ཅན་མང་པོ་ཁྱེད་ཀྱི་པང་ན་ཡར་འགྱིང་དང་འགྱིང་བཞིན་འདུག་པ་ནི་དགའ་འོས་པའི་དོན་བཟང་ཞིག་མ་ཡིན་ནམ། ཡིན་ཡང་ཁྱེད་ཀྱི་བུ་རབས་ཚ་རྒྱུད་རྣམས་ད་དུང་གྲོང་དང་གྲོང་ཁྱེར་དག་ན་རང་གི་ཕ་མེས་ཀྱིས་བསྩལ་བའི་སྐད་དང་ཡི་གེ སྲོལ་དང་ཆ་ལུགས་ཡེ་ནས་རྒྱང་དུ་དོར་ཏེ་ཁྱེད་ཀྱི་པང་དུ་ལོག་འདོད་མེད་པའི་སྣང་ཚུལ་འདི་ནི་ཅི་འདྲའི་འཇིགས་ཡེར་བ་ཞིག་རེད་ཨང་།
ང་ཚོ་རིགས་རྒྱུད་གཅིག་ཡིན་ནའང་། ཡུལ་དང་ས་བཅད་ཀྱི་བར་ཐག་གིས་ང་ཚོར་སྦྲེལ་མཐུད་བྱེད་པའི་སྐད་རིགས་མེད་བརླག་ཏུ་བཏང་སྟེ། དུས་ད་ལྟ་ང་ཚོར་གཅིག་མཐུན་གྱི་གོ་བའི་སྐད་རིགས་ཤིག་མེད་པའི་དབང་གིས། ང་ཚོར་དཔུང་བ་མཉམ་གཤིབ་བྱེད་སྤྱད་ཀྱི་སྒུལ་ཤུགས་མེད་ལ། ཕན་ཚུན་སེམས་གཏམ་གླེང་སའི་ཡོ་ཆས་མེད་པས། ང་ཚོས་རང་ཉིད་ཀྱིས་རང་ཉིད་ལ་ཁྱེད་ཀྱི་བདེ་སྡུག་གླེང་ནས་འདུག་པ་ལས་ཐབས་གཞན་མེད་པ་རེད། ཁྱེད་ཀྱིས་ཀྱང་རང་གི་བདེ་སྡུག་གླུ་རུ་ལེན་བཞིན་རང་ཉིད་ནི་བོད་པ་ཞིག་ཡིན་པའི་འདུ་ཤེས་དང་། བོད་པའི་བྱམས་སེམས་དང་བོད་པའི་གོམས་ལུགས་རིང་དུ་མི་འདོར་བར། ཡུལ་ཤུལ་པ་ཚོས་རྡོག་རྩ་གཅིག་སྒྲིལ་སྒོས་རང་གི་ཁྱིམ་གཞི་བསྐྱར་འཛུགས་དང་རང་གི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་སྤེལ་དང་། རང་གི་མི་རིགས་ལ་སྙིང་ནས་བརྩེ་ཞིང་བུ་རབས་ཚ་རྒྱུད་རྣམས་ཀྱི་མདུན་ལམ་ལ་རྒྱང་ལྟ་བྱས་ཏེ། ཡུལ་ཤུལ་བ་རྣམས་ནི་སྔར་ལས་མི་རིགས་ཀྱི་འདུ་ཤེས་ཡོད་པ་དང་། རང་གི་སྐད་དང་ཡི་གེར་བརྩེ་སེམས་ཡོད་པ་ཞིག་ཏུ་ཆགས་པར་བྱེད་རྒྱུ་དང་། དེ་མིན་ང་ཚོས་ཡུལ་སྐད་གཅིག་མཐུན་ཡོང་བར་འབད་པ་བྱས་ནས། མི་རིགས་ཁྲག་རྒྱུན་གཅིག་ཏུ་བཞུར་ཐུབ་པར་བྱེད་དགོས། ཡུལ་ཤུལ་བ་ཚོས།རྒྱུ་སྟོབས་ཀྱིས་དཔུང་ཤུགས་མི་མངོན་པར་མི་རིགས་རང་གི་རིག་གནས་ལ་ཤ་ཞེན་སྙིང་ཞེན་ཡོད་པའི་སྒོ་ནས་འབད་འབུངས་ཀྱིས་རང་གི་རིག་གནས་ལ་སྦྱངས་བ་ལྷོད་མེད་བྱས་ཏེ། མ་འོངས་བའི་ཡུལ་ཤུལ་བ་ནི་སྔར་ལས་མི་རིགས་ཀྱི་བཀྲག་མདངས་འཚེར་བ་དང་། མི་རིགས་གོམས་སྲོལ་དང་མི་རིགས་ཀྱི་སྐད་ཡིག་ལ་སྔར་ལས་འབད་འབུངས་བྱེད་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས་པར་བྱེད་དགོས་ཡ། ཡུལ་ཤུལ་བའི་སྐད་བརྡ་མི་ཉམས་པར་ཡུལ་ཤུལ་བའི་མཚན་སྙན་མི་འདོར་བར། རང་གི་བུ་དང་བུ་མོ་རྣམས་གྲོང་ཁྱེར་མང་པོ་ཞིག་ལ་ཡུལ་འཁྱར་བ་བྱེད་དུ་བཅུག་ནའང་། ས་དེ་གའི་རིག་གནས་ཚན་རྩལ་ནང་འདྲེན་བྱེད་པ་ལས། རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་སྐད་དང་ཡི་གེ སྲོལ་དང་ཆ་ལུགས་མི་དོར་བ་བྱེད་རྒྱུ་ནི། དེང་གི་ཡུལ་ཤུལ་བ་ཚོས་བསམ་བློ་གཏོང་དགོས་པའི་གནད་དམ་པ་ཞིག་རེད་འདོད་དོ།།

བསྟོད།7

དཔྱད་མཆན་སྤེལ།