རང་ཚུགས་ཤོར་བའི་སྒོ་ཤེར།

བྱ་མདོ་རིན་བཟང༌།

------སྒོ་ཤེར་ལགས་ཀྱི 《 ང་ཚོ་སད་རན 》ཞེས་པའི་དཔེ་དེབ་བཀླག་པ།

ང་རང་ཟི་ལིང་ནས་དཔེ་ཚོང་ཁང་ཞིག་ཏུ་འགྲོ་དུས ། གྱོན་པ་དང་བྱ་སྤྱོད་དག་བོད་མིའི་ཁོར་ཡུག་ལས་བརྒལ་བའི་གསར་བུ་ཞིག ལྟོས་ཚོད་ལ་བོད་ཀྱི་སློབ་གྲྭ་ཆེན་མོ་བ་ཞིག་ལོས་ཡིན་འདོད་པ་ཞིག་གིས་ལག་ཏུ་དཔེ་དེབ་ཞིག་བཟུང་འདུག ཁ་བྱང་ལ་ < ང་ཚོ་སད་རན> ཞེས་བྲིས་འདུག ཁ་བྱང་མཐོང་མ་ཐག་སྒམ་ཚུགས་སྟོན་མཁན་ཞིག་གི་ལྟ་སྤྱོད་ཡིན་རྒྱུ་རེད་བསམ་བྱུང ། སྐབས་དེར་གསར་བུ་དེས་དཔེ་ཆ་འདི་ཡག་པོ་འདུག དེ་མིན་ད་ལྟ་ང་ཚོའི་དཔེ་ཁང་དང་དགོན་སྡེ་དག་ན་དཔེ་ཆ་ན་གེ་ནོག་གེ་རྫ་ནེ་རྫུན་ནེ་གང་འདུག་ཟེར་ནས་ཁོང་ཁྲོ་གིན་འདུག དེར་ལྟ་དུས་མི་གཞན་མི་འདུག་པས་ང་རང་ལ་བཤད་ཀྱིན་ཡོད་པ་ཧ་གོ་སོང་། ངས་ཁོ་ལ་ཅི་རེད ། ཕོ་ཞེ་སྡང་ཅན་དང་ཕྲག་དོག་ཅན། ཁོ་ཉལ་རུང་ལངས་རུང་སེམས་མི་བདེ་ཟེར་བ་རེད། ཁྱེད་ཡང་དེའི་ཁྲོད་ཀྱི་མི་ཞིག་ཡིན་ནམ ། ཞེས་ཚིག་ཅིག་ཤོར་སོང ། ཁོས་ང་ལ་ལྟ་ཡག་ཞིག་བྱོས་ནས་གང་གི་ཡིན་ཟེར ། ངས་ཁོ་ལ ། ལྟ་བ་དང་ལྟ་ཚུལ་གླེང་དུས་ས་གནས་དང་ཐོབ་ཐང་རྒྱུས་ལོན་བྱེད་རྒྱུ་གཙོ་བོ་མ་རེད ། དེ་ལྟར་བྱས་ན་སྒེར་དོན་ཐད་ལ་ཤོར་འགྲོ་བས ། རྒྱུ་མཚན་ཡོད་ན་ཤོད་དང་མེད་ན་དེ་ག་རང་རེད་ཅེས་བཤད་དུས ། དེ་ནས་ཁོས་ང་ལ་ཁྱེད་ཀྱི་དཔེ་དེབ་འདིར་ལྟོས་དང་གྲྭ་བའི་ཁྲོད་ནས་གྲྭ་བས་སྤྱི་ཚོགས་དང་ལོ་རྒྱུས་ལ་འགྱོད་བཤགས་བྱོས་འདུག་པས་བལྟ་ཡག་བྱོས་ཟེར། ང་རང་གིས་སྒོ་ཤེར་ཀྱི་དཔེ་དེབ་དེ་བཀླག་མ་མྱོང་བས ། ཁོ་ལ་དེའི་ཐད་ནས་གཞན་ལབ་རྒྱུ་མ་རྙེད། དེ་ནས་《 ང་ཚོ་སད་རན་》 ཞེས་བའི་དཔེ་དེབ་དེ་ཉོས་ནས་མགྲོན་ཁང་དུ་སོང་ནས་བལྟས་བ་ཡིན། ཉིན་འགར་མགོ་ནས་མཇུག་བར་ཐེངས་གཅིག་བཀླག་སོང་། མ་གཞི་ཁོ་རང་ན་ཟུག་ཅན་ཞིག་ཡིན་འདུག་པའི་སྣང་བ་ཞིག་ངང་གིས་བྱུང་སོང། སྒོ་ཤེར་ཁོང་སེ་རར་བཞུགས་སྐབས་ཐེངས་གང་མང་མཐོང་མྱོང་ལ་ཁ་བརྡ་བྱས་མྱོང་མེད། ཁོའི་གནས་ཚུལ་དག་ནི་འབྲས་སྤུངས་ཀྱི་གྲོགས་པོ་དག་ལས་གསལ་བོར་གོ་བས། ཁོང་ལ་ཞེ་ནས་རྗེས་སུ་ཡི་རང་བྱས་མྱོང་། དེ་རིང་ཁོའི་དཔྱད་དེབ་ལས་གྲོགས་པོ་རྙིང་བ་ལྟ་བུར་ཆགས་སོང། འདིར་ཁོས་རྒྱ་གྲོལ་ལ་བཤད་པའི་སྐད་ཆའི་སྐོར་ནས་གླེང་ན་འདོད། 《 ནང་བསྟན་དཔལ་འབྱོར་རིག་པ་ལ་ཞེས་པའི་གཏམ་བཤད་ལ་ཉན་རྗེས 》 ཞེས་པའི་དཔྱད་གླེང་དེའི་མགོ་མཇུག་བར་གསུམ་ཏུ་རྣམ་རྟོག་ངན་པའི་ནད་ཡམས་ཤིག་འཕྲོས་འདུག་པས ། མ་བཟོད་པར་རང་གི་ལྟ་ཚུལ་ཞིག་འབྲི་འདོད་དོ། ཁོས་རྒྱ་གྲོལ་ལ་བཤད་ཁུལ་གྱི་སྐད་ཆའི་གནད་འགག་ཆེ་ས་དག་ནི་སྲོལ་རྒྱུན་དང་ནང་སྒོས་དགོན་སྡེའི་སློབ་གསོ་དག་རེད ། རྒྱུ་མཚན་ནི། སྒེར་དོན་ལ་འབད་འབངས་བྱེད་མཁན་དག་གི་ཐད་ནས་གཞུང་དོན་མི་ཡོང་བ་ཡོངས་གྲགས་ཤིག་རེད། སྒོ་ཤེར་ཀྱིས། མི་སུ་ཡིན་རུང་ཆོས་ལ་དད་མོས་བྱེད་དང་མི་བྱེད་ནི་སྒེར་གྱི་རང་དབང་ཞིག་དང། སྒེར་གྱི་དོན་དག་ཅིག་ཡིན་པས། ཞེས་ཚིག་འདིའི་བབས་ལ་བལྟས་ན་ཁོས་སྐད་ཆའི་བཤད་ཕྱོགས་གང་ལ་འཁོར་ཡོད་པ་ཧ་གོ་ཡོང༌། ཁ་བྱང་གི་ཐད་ནས་འགྲེལ་ན། ང་ཚོ་སད་རན་ཟེར་བ་ནི། ཆོས་དང་སྲིད་གང་གི་ཐད་ནས་ཡིན། ཆོས་ཀྱི་ཐད་ནས་བོད་ཀྱི་མཁས་བ་གནམ་གྱིས་ས་གབ་པ་ལྟ་བུ་དག་སད་མེད་ཅེས་ཁྱེད་ཀྱིས་ཟེར་ཨེ་ཐུབ། དཔེ་འཇོག་འདི་ཡང་ཁྱེད་ཀྱི་བློར་འབབ་རྒྱུ་མ་རེད་བསམ་གི ཡིན་ཡང་སྐྱོན་མི་འདུག སྲིད་ཀྱི་ཐད་ནས་ང་ཚོ་གྲྭ་བ་དག་སྲིད་དང་ཐ་དད་ནས་འདུག་དགོས་བ་ཁྱེད་ཀྱི་བཅའ་ཁྲིམས་ལྟ་བུ་རེད། དཔལ་འབྱོར་གྱི་ཐད་ནས་ཟེར་ན་རྒྱ་གྲོལ་ལ་བཟུང་བའི་ལྟ་སྟངས་འདིའི་ཧ་གོ་ཡོང་། དོན་དངོས་སུ་ཁ་བྱང་འདི་གང་ལ་འགྲེལ་རྒྱུ་ཡིན། སྤྱིར་ན་ང་རང་གི་རྒྱ་གྲོལ་གྱི་ཕྱོགས་བཟུང་མེད་ཅེས་བཤད་ན་གཟུར་གནས་དང་དཔང་བོ་ལྟ་བུའི་སྐད་ཆ་ཞིག་ཡིན་པས་ང་རང་དང་འཚམས་པའི་སྐད་ཆ་མ་རེད ། ཡིན་ནའང་རྒྱ་གྲོལ་ལགས་ཀྱི་རྩོམ་ཡིག་དག་ལས་མ་གཏོགས་རྒྱ་གྲོལ་ལ་འབྲེལ་བ་དམིགས་གསལ་ཅན་ཞིག་མེད ། ཐ་ན་དངོས་སུ་རྒྱ་གྲོལ་ལགས་ལ་ཁ་བརྡ་ཞིག་ཡང་བྱས་མྱོང་མེད་པས ། རྒྱ་གྲོལ་ལ་མི་སྒེར་ཀྱི་འབྲེལ་བའི་དགའ་ཁ་འཁྱེར་ཕྱོགས་སྤུ་ཙམ་ཡང་མེད ། སྒོ་ཤེར་གྱིས ། ཆོས་ལ་དད་མོས་བྱེད་དང་མི་བྱེད་ནི་སྒེར་གྱི་རང་དབང་ཞིག་དང་སྒེར་གྱི་དོན་དག་ཅིག་ཡིན་པས ། ཞེས་ཟེར ། སྒེར་གྱི་དོན་དག་ཅིག་ཡིན་ཞེས་པའང་རང་ཚུགས་མེད་པར་དེང་གི་ལྟ་ལོག་ཚོ་ལ་ལད་མོ་བྱས་པ་རེད ། སྤྱིར་ན་ལྟ་བ་འདི་ཕྱི་གླིང་བ་སྐོར་ཅིག་གི་ལྟ་བ་ཡིན་མོད་བོད་ཀྱི་ལྟ་ལོག་པ་འགའ་རེས་ནང་བསྟན་བོད་ཀྱི་སྤྱི་ཚོགས་ལས་འཕུད་འདོད་པའི་དམིགས་ཡུལ་ངན་པ་ཡིན་ཏེ་མི་སྒེར་གྱིས་སྤྱི་ཚོགས་གྲུབ་པས་མི་སྒེར་གྱི་གནད་དོན་ཇི་ལྟར་རྒྱ་ཆེ་ན་སྤྱི་ཚོགས་ཀྱི་གནད་དོན་དུ་འགྱུར་བ་ཡིན། དེ་བས་བོད་བརྒྱ་ཆ་དགུ་བཅུའི་ཡན་ནང་ཆོས་ལ་དད་པས་འདི་སྤྱི་ཚོགས་ཀྱི་གནད་དོན་མིན་ན་ཁྱོད་ལ་སྤྱི་ཚོགས་ཀྱི་གནད་དོན་ཞིག་གཏན་ནས་ཡོད་མི་སྲིད ། གཞན་ཡང་ཆོས་ལ་དད་མིན་དེ་མི་སྒེར་གྱི་གནད་དོན་ཡིན་ན་ཆོས་ཀྱི་ཐད་ནས་བཤད་པའི་སྐད་ཆ་དག་ཀྱང་མི་སྒེར་དང་འབྲེལ་བའི་སྐད་ཆ་ཡིན་པ་དོན་གྱིས་ཁས་བླངས་པས་ཁྱོད་ཀྱིས་མི་སྒེར་གྱི་ཁེ་དབང་གླེང་བཞིན་མི་སྒེར་གྱི་ཁེ་དབང་རྡོག་བརྫིས་གཏོང་བ་ཡིན་ནམ ། འདི་ནི་ཁྱོད་ཀྱིས་རང་ཚུགས་ཤོར་བའི་རྟགས་ཡང་དག་རེད ། དོན་ལ་མི་རིགས་མི་བསམ་པར་སྒེར་དོན་བསམ་པ་ནི་ཐ་ཆད་ཞིག་ཡིན་པས །འདིས་ནི་ཁོས་རྒྱ་གྲོལ་ལ་བཤད་ཁུལ་གྱི་ཞེ་ནས་ཁོང་ཁྲོ་ས་གཙོ་བོ་་ནི་སྲོལ་རྒྱུན་རིག་གཞུང་དང་ནང་སྒོས་སུ་དགོན་པའི་རིག་གནས་དག་ལ་བཟུང་ཡོད་པ་ཧ་གོ་ཡོང་ ། ནང་བསྟན་ཆོས་གཞུང་དག་ལས་སེམས་ཅན་ལ་གནས་སྐབས་དང་མཐར་ཐུག ཐ་ནས་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་གཞན་ལ་ཕན་འདོགས་དགོས་པར་གསུངས་པ་དེའི་ཕྱོགས་ལ་ཁྱེད་རང་གི་མིག་བཙུམ་ཏེ་འདུག་རྒྱུ་ཡིན་ནམ ། ཆོས་ལ་དད་མོས་བྱེད་མི་བྱེད་སྒེར་ཀྱི་དོན་དག་ཅིག་ཡིན་ན །གཞན་དོན་སྒྲུབ་དང་སྒྲུབ་བཞིན་པ་འདི་ཡང་མི་སྒེར་ཀྱི་དོན་དག་ཞིག་རེད་དམ །

སྒོ་ཤེར་གྱིས། རྒྱ་གྲོལ་ལགས་ལ་ནང་བའི་ཆོས་ལུགས་ཀྱི་རྨང་གཞི་དང་སྤྱི་ཁོག་གི་ཤེས་ཚད་ཀྱང་ཤིན་ཏུ་དམའ་ལ ། ཞེས་ཟེར། འདི་ནི་སྒོ་ཤེར་ལ་རན་པའི་སྐད་ཆ་ཞིག་ཡིན་ནམ ། སྒོ་ཤེར་ལ་བབས་པའི་སྐད་ཆ་ཞིག་ཨེ་རེད ། སྒོ་ཤེར་ཁོ་མཁས་པའི་གོ་སར་འདུག་གམ་ང་རྒྱལ་གྱི་གོ་སར་འདུག ། འོ་ན་སྒོ་ཤེར་ཁྱེད་ལ་རྒྱ་གྲོལ་གྱི་ནང་བསྟན་དཔལ་འབྱོར་རིག་པའི་གཏམ་བཤད་འདི་ཉན་རྒྱུའི་ཆ་རྐྱེན་གཙོ་བོ་རྨང་གཞི་ཤེས་ཡོན་ཀྱང་མི་འདུག་ཟེར་ན་ཅི་འདོད ། ཁྱོད་དང་རྒྱ་གྲོལ་གཉིས་ཀྱི་ཤེས་ཡོན་གྱི་ཚད་ག་འདྲ་ཡིན་པའང་རྩོམ་ཡིག་གཉིས་བཀླག་པས་ཤེས་ན་རུལ་མས་བུ་བསྟོད་ཀྱི་ཚུལ་འདིས་ནམ་ཡང་ཀློག་པ་པོ་དག་བསུན་པོ་བཟོ་བཞིན་འདུག ད་དུང་བཛ་ཚུལ་ཁྲིམས་ལ་བྱིས་པ་མགོ་སྐོར་བའི་ཡོན་ཚད་ལས་མེད་པ་དག་ལ་ལྟོས་དང༌། སྒོ་ཤེར་ལ་བྱིས་པ་མགོ་སྐོར་གཏོང་བའི་བསམ་བློ་ལས་མེད་པ་གསལ་བོར་བཤད་པ་མ་ཡིན་ནམ །

སྒོ་ཤེར་གྱིས། གལ་ཏེ་ད་རུང་ལོག་འགྲེལ་མཁན་པོ་འདིའི་རིགས་ཅི་མི་སྙམ་པར་བཏང་སྙོམས་བཞག་ན ། ཁོ་ཚོས་ད་དུང་མུ་མཐུད་དུ ། ནང་བསྟན་དམག་དོན་རིག་པ་དང ། ནང་བསྟན་ཆབ་སྲིད་རིག་པ་སོགས་བོད་ཀྱི་ཆོས་དང་རིག་གནས་འཕེལ་རྒྱས་ཀྱི་འགལ་རྐྱེན་འདྲ་མི་འདྲ་མི་གླེང་པའི་ངེས་པག་ལ་ཡོད་ ། ཞེས་ཟེར ། དེ་གླེང་ན་མི་ཆོག་པ་ཅི་ཡོད་ ། བདག་ཅག་གི་སྟོན་པའི་ག་པིན་ནེ་རྒྱལ་བོ་འདུལ་ཆེད་དུ་འཁོར་བསྒྱུར་ཀྱི་ཆ་ལུགས་བཟུང་ནས་དཔུང་ཚོགས་ཡན་ལག་བཞི་བཤམས་པ་དེའི་རིག་དམག་དོན་རིག་པ་ཅིའི་ཕྱིར་མིན ། སུན་ཙིའི་དམག་ཇུས་ལས ། དམག་མ་བརྒྱབ་པར་གཡུལ་ལས་རྒྱལ་བ་དམག་ཇུས་མཆོག་ཏུ་གྱུར་བ་ཡིན་པར་གསུངས་ཤིང༌། མདའ་མཚོན་གོ་ཆ་མ་བཟུང་བར ། ། རང་ཉིད་གཅིག་པུས་བྱེ་བའི་བདུད ། ། མ་ལུས་ཕམ་མཛད་བདུད་ཀྱི་ལས ། ། ཁྱོད་ལས་མིན་པ་སུ་ཡི་ནུས།། ཞེས་པ་གཉིས་ཞིབ་བསྡུར་གྱིས་སོམས་དང་ཧ་མི་གོའམ ། ཁྱོད་ཀྱིས་དམག་དོན་རིག་པ་ཟེར་བ་ངེས་བར་ཏུ་ཨ་ཧྥི་ཧན་དང་ཡུ་ལ་ཁེའི་དམག་འཁྲུག་ལྟ་བུ་ལ་ངེས་འཛིན་པ་ནི་འཇིགས་སྐུལ་རིང་ལུགས་པའི་ལུགས་སྲོལ་རེད ། ད་དུང་ནང་བསྟན་གཞུང་ལུགས་དག་ན་དམག་དོན་རིག་པ་ཆབ་སྲིད་རིག་པ་པ་སྐྱོང་བྱེད་ཀྱི་ཐབས་ལམ་ཞིག་གཏན་ནས་མེད་ཟེར་རམ ། བདག་མེད་པར་སྟོན་ཆེད་དུ་བདག་ཡོད་པར་སྟོན་པའི་གཞུང་ལུགས་ལྟར་རེད ། ནུབ་བྱང་མི་རིགས་སློབ་ཆེན་གཙོ་མཛད་པའི་སློབ་ཕྲུག་མི་ཉུང་བ་ཞིག་གི་བསམ་བློའི་མཁའ་དབུགས་ལ་མི་གཙང་པའི་ལྷད་སྐྱོན་བྱུགས་མཁན་གྱི་ལོག་འགྲེལ་མཁན་པོའི་རང་ཚུགས་ཤོར་གི་འདུག

སྒོ་ཤེར་གྱིས། ནང་པའི་ཆོསལུགས་ཀྱི་དགོས་པ་དེ་དཔལ་འབྱོར་དང་སྦྱར་ནས་སྤྱི་ཚོགས་ཀྱི་ཞབས་འདེགས་ཡོ་བྱད་ཅིག་ཏུ་ངེས་པར་བསྒྱུར་དགོས་པ་དེ་ནི༌། དུས་རབས་ཉེར་གཅིག་པའི་དུས་འགོ་ནས་སྐུ་ཞབས་རྒྱ་གྲོལ་ལགས་ཀྱིས་རྙེད་པའི་རིགས་ལམ་གྱི་གསང་བ་ཞིག་དང ། ཞེས་ཟུར་ཟ་བར་བྱེད་ཀི་འདུག འདི་ནི་རྒྱ་གྲོལ་གྱི་གསང་བ་ཞིག་ཡང་མིན་ལ་ཁྱེད་ཀྱིས་ཟུར་ཟ་བྱེད་ས་ཞིག་དེ་བས་ཀྱང་མིན ། ཁྱོད་ཀྱི་ཚིག་འདི་ལས་ཁྱོད་ཀྱི་རྣམ་དཔྱོད་ཀྱི་དེ་ཉིད་བསྟན་པ་སྟེ་ནང་བསྟན་དཔལ་འབྱོར་རིག་པ་བཤད་ན་ནང་བསྟན་དཔལ་འབྱོར་རིག་པ་ཡིན་དགོས་པ་དང་ནང་བསྟན་ཚད་མ་བཤད་ན་ཚད་མ ། ནང་བསྟན་གྱི་ཆབ་སྲིད་བཤད་ན་ཆབ་སྲིད ། ནང་བསྟན་སྒྲ་རིག་པ་བཤད་ན་སྒྲ་རིག་པ་ཡིན་དགོས་ན་ངོ་མ་སྔོན་བྱོན་མ་མྱོང་བའི་མཁས་པ་ཆེན་པོའོ ། རྒྱ་གྲོལ་གྱི་ནང་བསྟན་དཔལ་འབྱོར་རིག་པ་བཤད་པ་ལས་ནང་བསྟན་དཔལ་འབྱོར་རིག་ཡིན་ཞེས་ཚིག་གཅིག་ཀྱང་ཐོན་མེད་པས་ཁྱོད་རྫུན་བཤད་པ་ལ་ངོ་མི་ཚ་ཡང་རྒྱ་གྲོལ་ལ་ཁྱོད་ཀྱིས་འདི་ལྟར་བཤད་དོ་ཞེས་བརྗོད་པ་ལ་ངོ་མི་ཚའམ །

ཡང་སྒོ་ཤེར་གྱིས། ནང་བསྟན་དཔལ་འབྱོར་རིག་པ་ཡོད་ན་ཞི་འགྱུར་མིན་པ་ཁྱོད་ལ་ཡོད་ཅེས་ཐལ་བ་འབབ་ཚུལ་བཀོད་པའང་ནང་བསྟན་གྱི་རྒྱུན་ཤེས་ཐད་གྱི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་ཏེ ། རྗེ་བསྟན་པའི་སྒྲོན་མེའི་ལྟ་ཁྲིད་ཟིན་བྲིས་ལས ། རྒྱལ་བས་མདོ་སྡེ་རྣམས་སུ་འགའ་ཞིག་ན་གཟུངས་ཀྱི་ཕན་ཡོན་ཁོ་ནས་ཆོག་ཚོད་ལྟ་བུ་དང༌། ཚེ་སྒྲུབ་ལྟ་བུ་དང་དབང་སྡུད་དང༌། རྫས་ཐབས་སྣ་ཚོགས་ཤིག་གསུངས་འདུག་པ་རྣམས་ཀྱང་རེ་ཞིག་གདུལ་བྱ་དེ་དག་དེ་ཙམ་ལས་སྟོན་པའི་སྣོད་དུ་མི་རུང་བས་རང་ལ་ཕན་ཚོད་ཙམ་རེ་གསུངས་པ་ཡིན་ཏེ ། ཞེས་སོགས་ཁྱོད་ཀྱིས་ངར་སྐད་སྒྲོག་བཞིན་འཕངས་པའི་ཐལ་འགྱུར་རླབས་པོ་ཆེའི་དེ་རྩོད་སྤོང་སྔོན་ནས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཡབ་སྲས་དང་སྟོན་པ་པས་ཀྱང༌། ཇི་ལྟར་ནད་པ་ན་བ་ལ ། ། སྨན་པས་སྨན་ནི་སྤྱིན་པ་ལྟར། ། ཞེས་སོགས་སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་རྒྱ་གྲོལ་གྱི་དཔུང་རྒྱབ་དུ་ལངས་པས་ན། རྒྱ་གྲོལ་གྱིས་གད་མོ་བགད་པ་ཙམ་གྱིས་བཞུགས་ཆོག་པ་མ་ཡིན་ནམ། ནོར་ལྷ་གཏེར་སྒྲུབ་ཀྱི་ཆོ་ག་དང་གཡང་སྒྲུབ་གཏེར་སྟོན་གྱི་ཕྱག་ལེན་དག་ཁྱེད་ཀྱི་མི་འདོད་བཞིན་དུ་ཁས་ལེན་དགོས་པ་རེད །

སྒོ་ཤེར་གྱིས། ལོངས་སྤྱོད་འཕེལ་པའི་ཆེད་དུ་ཚོང་རའི་འགྲན་རྩོད་ལ་ཞུགས་ནས་ཁེ་ལས་གཉེར་རྒྱུ་མིན་པར་བདོག་པའི་དངོས་པོ་གང་ཡོད་སྦྱིན་པར་བཏང་ནས་དེའི་འབྲས་བུ་ལ་བསྒུག་རྒྱུ་དང། ཞེས་ཟེར ། སྦྱིན་པ་བཏང་ནས་འབྲས་བུར་བསྒུག་དགོས་པའི་ལམ་ཕྱོགས་འདི་རྒྱ་གྲོལ་གྱི་གསར་ཏུ་གཏོད་པ་ཡང་མིན། སྟོན་པ་སངས་རྒྱས་ཀྱིས་གསུངས་བ་ལགས་པས་ཁྲོ་ན་དེ་ལ་ཁྲོས་ཤིག དམོད་ན་དེ་ལ་དམོད་ཅིག རྒྱ་གྲོལ་ལ་དམོད་པ་འདི་སྟོན་པ་སངས་རྒྱས་ལ་དམོད་པར་སོང་བས་རང་ཉིད་ཀྱི་ཐོབ་ཐང་ལ་འདང་རེ་གནོང༌། ངུར་སྨྲིག་གྱོན་པ་ལ་ངོ་མི་ཚའམ ། དེ་སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་བའི་གཞུང་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་སྲེག་བཅད་བརྡར་གསུམ་བྱས་ནས་མི་བསླུ་བའི་གསུང་གི་ཉུང་བཅུད་ལྟ་བུ་རེད།དཔལ་འབྱོར་ཟེར་བ་ཚོང་རའི་འགྲན་རྩོད་དང ། སྤྱི་ཚོགས་ལ་ཕན་འདོགས་དགོས་ཟེར་བ་ངལ་རྩོལ་ཞིང་ཕྱུག་གཙོ་གཉེར་བྱེད་དགོས་པའི་ཡིད་སྐྱོ་བ་དང་གི་དོགས་པའི་བསམ་བློ་ཧ་གོ་སོང ། འཕགས་པ་སྐྱེས་བུ་དམ་པའི་མདོ་ལས ། དགེ་སློང་དག དད་པས་སྤྱིན་པ་བྱིན་པས་ཕྱུག་པོར་འགྱུར་བ་ཡིན། ནོར་མང་བ་དང་ལོངས་སྤྱོད་ཆེ་བ་ཡིན། ནོར་གྱི་ཡོ་བྱད་མང་བ་ཡིན།བདག་དབང་བའི་སློང་ཆེ་བ་ཡིན ། ནོར་དང་འབྲུ་དང་དབྱིག་དང་གསེར་དང༌། མཛོད་དང་བང་མཛོད་འདི་ཚོགས་མང་བ་ཡིན། གསུངས་པས་ཁྱོད་ཀྱིས་རྒྱ་གྲོལ་བཀག་པ་ནི་སྟོན་སངས་རྒྱས་བཀག་པ་ཞིག་སྤྱིན་པའི་འབྲས་བུ་ལ་སྐུར་བ་བཏབ་པ་ཁོ་ན་སྟེ།ཁྱོད་ཀྱིས་སྟོན་པའི་རྗེས་འཇུག་གི་རང་ཚུགས་བོར་ནས་བདག་དཔེ་ཚོགས་ཀྱི་རྗེས་སུ་རྒྱུགས་དང་སྟོན་པ་འཇིག་རྟེན་མིག་གི་ཟུམ་གྱུར་ཅིང༌། དཔང་གྱུར་སྐྱེས་བོ་ཕལ་ཆེར་ཟད་པ་ན། ། དེ་ཉིད་མ་རྟོགས་རང་འགར་རྒྱུ་བ་ཡི། ། ངན་རྟོགས་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། ། ཞེས་པ་དེ་ཡང་རྒྱ་གྲོལ་ལ་འོས་སམ་སྒོ་ཤེར་ལ་འོས་པ་བསམ་པར་བྱ་བ་ཡིན་ནོ །། ཁྱེད་རང་གིས་དེ་ཁས་ལེན་རྒྱུར་མི་འདོད་པའི་ཚིག་སྐམ་ཤོར་བ་ནི ། ལས་རྒྱུ་འབྲས་ཁས་མི་ལེན་པའི་སློབ་ཆེན་པ་ཚོའི་སྔུན་ནས་ཁྱེད་རང་ཉིད་ཀྱི་རང་ཚུགསཤོར་པའི་འབྲས་རྟགས་རེད།

སྒོ་ཤེར་གྱིས ། ངས་སྦྱིན་པའི་ཕན་ཡོན་ལ་བསྐུར་བ་བཏབ་པ་གཏན་ནས་མ་ཡིན་ཏེ༌། བརྡ་འཕྲིན་དུས་རབས་སུ་སླེབས་པའི་དེ་རིང་གི་རྒྱལ་སྤྱིའི་སྤྱི་ཚོགས་ནང་བེད་སྤྱོད་ཡོད་རྒྱུ་མ་རེད་སྙམ་ནས། ཞེས་ཟེར་བ་ལ་ལྟོས་དང༌། ད་ལྷང་ལ་འབུད་རྒྱུ་ཞིག་ལྷང་ལ་ཕུད་འདུག་སྟེ་སྒོ་ཤེར་ལགསབདག་དཔེ་ཚོགས་ཀྱི་རྗེས་སུ་རྒྱུགས་པའི་ངན་རྟོག་དེ་ལྷང་ལ་བུད་འདུག ཁྱེད་རང་གི་རྣམ་རྟོག་འདི་ལས་དེ་རིང་གི་བརྡ་འཕྲིན་དུས་རབས་སུ་ནང་བསྟན་བེད་སྤྱོད་ཡོང་རྒྱུ་མ་རེད་ཟེར་བ་བློའི་ཕུགས་ན་ཡོད་པའི་ངན་ལངས་དེ་ཕྱིར་མངོན་པ་ཨེ་རེད། ཁྱེད་རང་ལྟ་བུ་ནང་བསྟན་ལ་སློབ་གཉེར་སྦྱངས་པ་སྔོན་སོང་འདོགས་ཁ་པོ་ཅན་ལ་དེ་འདྲའི་རྣམ་རྟོག་བྱུང་ན ། ནང་ཆོས་ཀྱི་རོ་མྱོང་མ་ཐུབ་པའི་སྒྲ་སེར་དང་དེང་རབས་སློབ་ཆེན་པ་དག་ལ་ཅི་ཁག་བརྡ་འཕྲིན་དུས་རབས་ལ་ཆ་བཞག་ནས་ནང་བསྟན་ཀྱི་སྤྱི་ཁོག་དང་ལས་རྒྱུ་འབྲས་རྟེན་འབྲེལ་སོགས་སྣང་མེད་དུ་བཞག་ན་གཏན་ནས་མི་འགྲིག འདིའི་སྐོར་སྣང་མེད་དུ་འཇོག་མཁན་དག་ལ། ནང་བསྟན་ལ་དཔྱད་བརྗོད་སྤེལ་རྒྱུའི་ཆ་རྐྱེན་མ་ཚང་བ་རེད། ཁྱེད་རང་གི་འདོད་པ་ལྟར་ན་ནང་བསྟན་ཀྱི་བརྗོད་བྱ་དག་གིས་ཚེ་ཕྱི་མ་ཙམ་མ་གཏོགས་ཚེ་འདིར་ཕན་ཐོགས་མེད་སྙམ་པའི་ལྟ་སྟངས་ཕྱིན་ཅི་ལོག་པ་ཞིག་འདུག ཁྱེད་ཀྱི་བཤད་སྟངས་འདི་དག་ལ་བལྟས་ན་དོན་ཀྱི་ནང་བསྟན་ཀྱི་རྨང་གཞི་སྤྱི་ཁོག་གི་ཤེས་ཚད་རྒྱ་གྲོལ་དང་ཁྱེད་རང་གཉིས་ཀྱི་སུ་ཞིག་དམའ་འདུག་དཔྱོད་ལྡན་དག་གིས་ཧ་གོ་ཡོང་རྒྱུ་རེད།

སྒོ་ཤེར་གྱིས ། རྒྱ་གྲོལ་ལགས་ཀྱིས་བཤད་པའི་སྐད་ཆའི་ཁ་བྱང་ལ་ 《〈ནང་བསྟན་དཔལ་འབྱོར་རིག་པ 〉ཞེས་འདོགས་པ་ལས་ 《 ནང་བསྟན་གཞུང་ལུགས་ཀྱི་ནང་ནས་དཔལ་འབྱོར་དང་འབྲེལ་པའི་ཐ་སྙད་ཁ་ཤས་བཙལ་བ 》ཞེས་བཏགས་ན་མི་འོས་སམ་ཞེས་ཟེར》 འདི་ནི་སུས་བལྟས་ཀྱང་ 〈〈ནང་བསྟན་དཔལ་འབྱོར་རིག་པ 〉〉་ཟེར་ན་གོ་བདེ་བ་ཞིག་དང་ཚིག་སྙན་མོ་ཞིག་རེད། ཁྱེད་ཀྱི་ཁ་བྱང་དེ་ནི་ ། ཁ་དཔེར་ ། ཁུར་བོ་དང་འཁུར་ཐེག་གཉིས་ལས་འཁུར་ཐེག་ལྕི་འདུག་ཞེས་པའི་དཔེར་ལྟར་ སོང་འདུག འོ་ན་ནང་བསྟན་གཞུང་ལུགས་ཀྱི་ནང་ནས་དཔལ་འབྱོར་དང་འབྲེལ་པའི་ཐ་སྙད་ཁ་ཤས་བཙལ་ནས་དོན་ཅི་ཞིག་སྟོན་བསམ་ཡོད༌། ཐ་སྙད་དེའི་རིགས་ཀྱིས་ནང་བསྟན་གཞུང་ལུགས་ལས་དཔལ་འབྱོར་དང་འབྲེལ་བའི་སྐད་ཆ་ཞིག་གླེང་རྒྱུ་དང་རྙེད་རྒྱུ་ཡོད་ན །ཁྱེད་རང་གི་བརྒྱ་བཤད་སྟོང་བཤད་ཀྱི་རྩ་བ་ཤོར་སོང་པ་རེད ། སྐུ་ཞབས་རྒྱ་གྲོལ་ལ་ནང་བསྟན་དཔལ་འབྱོར་རིག་པའི་ཐད་ནས་ནོར་བེར་རྩོམ་རིག་བྱ་དགའ་འབབ་མི་སྲིད་ཀྱང་< ནང་བསྟན་དཔལ་འབྱོར་རིག་པ> ལ་ནམ་ཞིག་ནོར་བེར་བྱ་དགའ་འབབ་ཐོབ་ཀྱང་སྲིད། ལྷག་པར་ཐེ་ལན་གྱི་ནང་བའི་མཁས་པ་ཆེན་པོ་ཕད་ཡུ་ཐོས་བརྩམས་པའི་ < ནང་བསྟན་དཔལ་འབྱོར་རིག་པ> ལ་༡༩༩༤ ལོར་ཧྥ་རན་སིས་ན་སི་ཁུ་ཞི་བདེའི་བྱ་དགའ་ཐོབ་པ་འདི་ལ་ཁྱོད་ཀྱིས་ཅི་ཞིག་སྙམ་མམ། འདི་ལས་བལྟས་ན་ནང་བསྟན་དཔལ་འབྱོར་རིག་པ་འདི་གསར་དུ་ནུབ་ཕྱོགས་དཔལ་འབྱོར་རིག་པའི་ཁ་གཏད་དུ་ལངས་ནས་ནུབ་ཕྱོགས་དཔལ་འབྱོར་རི་པས་ཐག་ཅོད་མཛད་པས་དེང་སང་དགའ་བསུ་ཐོབ་བཞིན་ཡོད་པས་ཁྱོད་ཀྱིས་ངན་དམོད་དང་ཟུར་ཟ་འགའ་ཞིག་གིས་འགོག་ཐུབ་པ་ཞིག་གཏན་ནས་མ་རེད །

སྒོ་ཤེར་གྱིས ། སྦྱིར་ན་དཔལ་འབྱོར་རིག་པ་ཟེར་བ་དེ་རྒྱ་གྲོལ་གྱིས་ཅི་ཞིག་ལ་གོ་བ་ལེན་གྱི་ཡོད་མི་ཤེས་ཏེ། ཞེས་ཟེར ། འོ་ཧ་གོ་སོང ། ཁོས་སྐུ་ཞབས་རྒྱ་གྲོལ་གྱི་དཔྱད་བརྗོད་དེའི་ཁ་བྱང་དང་ཡང་ན་རྒྱ་གྲོལ་ཀྱི་དཔལ་འབྱོར་རིག་པའི་ངོ་བོ་ལ་རྒྱུས་ལོན་གསལ་པོ་བྱས་ནས་དཔྱད་པ་བཏང་པ་མ་ཡིན་ནམ། འདི་ལ་འབེན་མ་མཐོང་པར་མདའ་འཕེན་པའི་དཔེ་ལྟར་རེད ། དེ་ནི་གཏམ་དྲིས་ན་མི་འོང་སྒུག་ན་ཡོང་ཞེས་པའི་དཔེ་ལྟར་<ནང་བསྟན་དཔལ་འབྱོར་རིག་པ>གསལ་བོར་མ་བཀླགས་པར་ཤེས་གཏམ་བཤད་པ་ཡང་ཞིབ་ཏུ་མ་ཉན་པའི་གཡམ་ལ་རྒྱུགས་པའི་རྟགས་རེད། དེ་ནི་རྒྱ་གྲོལ་གྱིས་གསལ་བོར་བརྗོད་འདུག་ཅིང༌། དེ་ཙམ་ལ་ཡང་རྒྱུས་ལོན་མ་བྱུང་ན་རྒྱ་གྲོལ་ཇི་ལྟར་འགོག ཁྱོད་ཀྱིས་བཀག་པ་དེ་དག་རྒྱ་གྲོལ་གྱིས་ <ནང་བསྟན་དཔལ་འབྱོར་རིག་པ> ལས་གསལ་བོར་བརྗོད་འདུག་པས་རྣམ་དཔྱོད་ལྡན་པ་དག་གིས་ཞིབ་སྡུར་བྱོས་དང་ ། སྒོ་ཤེར་གྱི་ཨོང་ཤ་དམར་བོ་ལྷང་ལ་འབུད་པ་མ་སྲིད་ཨོང་ཤ་དེ་ནི་སྤྲེལ་གྱི་ཨོང་ཤ་གཡར་ཞིག་ཡིན་པའང་མཐོང་ཡོང་ངོ༌།

སྒོ་ཤེར་གྱིས ། དཔལ་འབྱོར་རིག་པ་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་ཚོད་འདུག་ན་ཡང ། དཔལ་འབྱོར་རིག་པའི་རྨང་གཞིའི་འགྲོ་ཕྱོགས་ཟུར་ཙམ་ཡང་མི་ཤེས་པའི་ཁོ་བོས་ནི་སྨྲ་བའི་རྔོ་མི་ཐོགས་སོ། ཞེས་ཟེར ། རྒྱ་གྲོལ་གྱི་ནང་བསྟན་དཔལ་འབྱོར་རིག་པ་དེ་ལས་ཀྱང་ཁྱེད་རང་ལ་ལྐོག་ཏུ་གྱུར་པ་ཡིན་རྒྱུ་རེད ། དཔལ་འབྱོར་རིག་པ་འདི་མིའི་རིགས་ལ་ཕན་འདོགས་བྱེད་ཀྱི་གཏིང་ཟབ་ཅིང་རྒྱ་ཆེ་པའི་རིག་པ་ཞིག་ཡིན་ན་ནང་བསྟན་ཀྱི་གཞུང་ལུགས་ལས་ཅི་ལ་མ་བསྟན་པ་རེད། ང་རང་གི་བསམ་ཚུལ་ལ ། ནང་བསྟན་གྱི་གཞུང་ལས་དཔལ་འབྱོར་དེ་མེ་མུར་ཀྱི་འོབས་དང་དུག་སྤྲུལ་གྱི་ཚང་ལ་དཔེ་སྦྱར་ནས་དོན་དུ་གཉེར་མི་རུང་བར་གསུང་པ་ནི་ཆེ་ས་ནས་བཀག་པའམ་སྤྱིར་བཀག་པ་དང་མི་སྒེར་ཀྱི་ངོས་ནས་དེ་འདྲ་སྤེལ་མི་རུང་ནའང། རུང་པའི་བྱེ་བྲག་མང་པོ་ཡོད་ན་འགྲིག དཔེར་ན ། མི་དགེ་བ་བཅུ་སྦྱིར་བཀག་ཡོད་ནའང ། གཞན་དོན་དུ་ལུས་ངག་གི་བདུན་གནང་པ་ལྟ་བུ་རེད། གྲོགས་པོ་ཀྱེ ། གོང་འོག་ལ་བསམ་གཞིག་གནང་ཏེ་རང་ཚུགས་མ་ཤོར་བར་གྱིས་ཤིག སྟོན་པའི་རྗེས་འཇུག་བྱས་ན་ལེགས་པ་ལས་ཞོགས་དུང་གི་རྗེས་འཇུག་བྱས་ན་མི་ལེགས་སོ།།

སྒོ་ཤེར་གྱིས། དཔལ་འབྱོར་ཉམས་ཉེན་ལ་སོགས་པ་ཐ་ན་དཔལའབྱོར་རིག་པའི་བརྡ་ཆད་རེ་ཟུང་ཡང་གོ་མྱོང་མེད་པར། ད་རུང་མི་ཚོགས་ཤིག་གི་དབུས་ནས་དཔལའབྱོར་རིག་པའི་སྐོར་གྱི་བརྗོད་གཞི་དེ་འདྲ་ཞིག་ཁནས་འཕུད་ཐུབ་པའི་ཕོ་ཚོད་ལ་བསམ་དུས། ཞེས་ཟེར ། འོ་རེད་ ། རང་ཉིད་ལདཔལ་འབྱོར་རིག་པར་རྒྱུས་ལོན་མེད་ཚུལ་བཤད་ཟིན་ནས་དོན་དུ་དཔལ་འབྱོར་རིག་པ་ཞེས་པ་ལ་ཡང་གོ་བ་ལོན་མེད་པས ། དེ་ལ་ཆ་བཞག་ཏེ་རྒྱ་གྲོལ་གྱི་དཔལ་འབྱོར་རིག་པའི་བརྡ་ཆད་རེ་ཟུང་གོ་མྱོང་མེད་ཞེས་པའི་ཁ་ཚོན་གཅོད་རྒྱུའི་ཕོ་ཚོད་དང་སྐྱག་རྫུན་རྫོབ་པོ་དེ་སྐུ་ཞབས་ཉིད་ཀྱི་རྐུབ་ལས་ཤོར་སོང་པ་མ་རེད་དམ། ཁྱོད་ཀྱིས་རྒྱ་གྲོལ་ལ་སྐྱག་རྫུན་མཁན་ཞེས་པའི་སྡིགས་དམོད་ཀྱི་སྒྲུབ་བྱེད་ངོ་མཚར་བོ་དེ་ཁྱོད་རང་ཉིད་ཀྱི་ཆོ་ལོར་མི་འོས་སམ །

སྒོ་ཤེར་གྱིས། ཡང་ཁོས་བདག་ཅག་གི་སྟོན་པས་ངའི་བསྟན་པའི་སྤྱིན་བདག་ཅིག་ཡིན་ཕྱིན་དབུལ་པོར་གྱུར་པ་གཏན་ནས་མི་སྲིད་གསུངས་ཡོད་པ་རེད༌། ཟེར་སྟོན་པ་ཐུགས་རྗེ་ཅན་གྱིས་སྦྱིན་པའི་བསོད་ནམ་ལ་བསྔགས་པའི་ཚིག་རེ་ཟུང་ཡོད་ན་ཡང ། ཁ་ཚོན་བཅད་དེ་གཏན་ནས་མི་སྲིད་ཅེས་པའི་ཡ་མཚན་ཅན་གྱི་སྐད་ཆ་འདི་དག སྟོན་པ་དང་རྒྱ་གྲོལ་གཉིས་ཀྱི་ཟུར་དུ་ཁ་བརྡ་བྱས་པ་མིན་ན་གང་དུ་ཡོད། ཞེས་ཟེར ། འདིས་སྐབས་སུ་བདག་ཅག་གི་སྟོན་པས་སྦྱིན་པའི་བསོད་ནམས་ཀྱི་འབྲས་བུར་བསྔགས་པ་རྒྱུ་མཚན་ཡང་དག་ཞིག་ཡོད་པ་རེད། ཁྱེད་ཀྱི་བསྔགས་པའི་ཚིག་རེ་ཟུང་ཡོད་ན་ཡང་། ཞེས་དགེ་སློང་སྒོ་ཤེར་ཀྱི་ངག་ལས་མི་འདོད་པའི་རང་ཚུགས་ཤོར་བཞིན་པ་འདི་ལ་ཡ་རེ་མཚར།ད་དུང་རྒྱ་གྲོལ་གྱི་ཁ་ཚོན་བཅད་དེ་བཤད་ལེ་ཕོབས་ ། མདོ་ལས ། ཁྱིམ་པའི་སྐྱེས་བོ་དག་གིས་ཀྱང ། ། སེན་མོའི་སྟེང་དུ་ཞིང་རྨོ་ཡང། ། ང་ཡི་རབ་ཏུ་བྱུང་བ་རྣམས ། ། འཚོ་པའི་ཕོངས་བར་མི་འགྱུར་རོ ། ཞེས་དང་ ། ད་དུང་འདུལ་བའི་གླེང་འབུམ་ཆེན་མོར་དམག་དཔོན་སེངགེ་ལ་གསུངས་པའི་གླེང་གཞི་སོགས་མང་པོ་ཡོད་པས ། རྒྱ་གྲོལ་དང་སྟོན་པ་གཉིས་ཀྱི་ནང་ཚིག་མིན་པར་ང་ཚོའི་བཀའ་འགྱུར་དུ་མདོ་ལུང་མང་པོ་འདུག་པས། གྲོགས་པོ་ལགས་མིག་གཡས་བ་མི་བཙུམ་པར་ཕྱེ་ལ་ལྟོས་ཤིག

སྒོ་ཤེར་གྱིས ། ལོ་རྒྱུས་སྟེང་སྐད་གྲགས་ཡོད་པའི་བསྟན་པའི་སྦྱིན་བདག་ཆེན་པོ ། རྒྱལ་བོ་མྱ་ངན་མེད་ཀྱང་དགེ་འདུན་ལལོངས་སྤྱོད་ཕུལ་དྲགས་པས་མཐར་དབུལ་པོར་གྱུར་ཏེ། རྒྱལ་བོ་རང་ལ་དབང་བའི་རྫས་སུ་སྐོམ་པ་སེལ་པའི་སྐྱུར་རུ་ར་སྙིམ་པ་ཕྱེད་ཙམ་ལས་མ་ལྷག་པའི་ལོ་རྒྱུས་མཐོང་ཨེ་མྱོང །ཞེས་ཟེར ། ཡ་མཚན་ ། དགེ་བཤེས་སྒོ་ཤེར་ལགས་ཁྱེད་ཀྱིས་རྒྱལ་བོ་མྱ་ངན་མེད་ཀྱི་རླབས་ཆེན་གྱི་བྱ་བཞག་སྟེ་དངོས་པོ་ཡོད་ཚད་དགེ་འདུན་ལ་བསོད་སྙམ་ཕུལ་པ་ནི་བསོད་སྙམ་ཕུལ་པའི་ཉེས་དམིགས་རེད་བསམ་ཀི་ཨེ་ཡོད།ཆོས་རྒྱལ་མྱ་ངན་མེད་ལ་དེའི་ཐད་ནས་དགའ་སྤྲོ་དང་དད་གུས་ཡ་མཚན་པ་སྐྱེས་བ་ལ ། སེར་སྣ་ཅན་གྱི་བུ་ཆུང་ཁྱེད་ལ ། རྒྱལ་བོའི་མཛོད་ནང་ཡི་དྭགས་ཀྱི་སེར་སྣ་སྐྱེས་ཞེས་པའི་དཔེ་དོན་རང་འབྱོར་འདུག རྒྱལ་བོ་མྱ་ངན་མེད་ཁོང་གི་གནས་སྐབས་དང་མཐར་ཐུག་དམིགས་ཡུལ་གཉིས་ཆར་ལ་དམིགས་པའི་རླབས་ཆེན་གྱི་ཚོགས་བསགས་ལ་དེ་འདྲ་ཟེར་རུང་ངམ། དེ་ནང་བར་སྐྱབས་སུ་སོང་བའི་འབྲས་བུ་ཡིན་ནམ་ཚེ་རབས་སྔོན་མའི་འབྲས་བུ་ཡིན། ཕྱི་མ་ལྟར་ན་རྒྱ་གྲོལ་གྱི་སྡོངས་གྲོགས་སུ་རང་གིས་ཁས་བླངས་པ་ཡིན་ལ ། སྔ་མ་ལྟར་ན་སྐྱབས་སུ་སོང་བས་བསོད་ནམས་འཕེལ་འདི་ཕྱིའི་བསམ་དོན་མཐའ་དག་འགྲུབ་པར་གསུངས་པའི་སྐྱབས་འགྲོའི་བསླབ་བྱ་ལ་སྐུར་བ་བཏབ་པ་ཡིན་ནོ།། འོ་ན་ངས་ཁྱེད་ལ་ཅིག་འདྲི་ ། སྟོན་པ་ཐུགས་རྗེ་ཅན་གྱི་རྒྱལ་སྲིད་འཁོར་དང་བཅས་པ་སྤངས་ནས་ནགས་ཁྲོད་ལ་སོང་ནས་ལོ་དྲུག་དཀའ་བ་སྤྱད་ཏེ་སྐུ་ལུས་རུས་པར་ཐུགས་སོང་པ་འདི་རྒྱལ་སྲིད་སྤངས་པའི་ཉེས་དམིགས་རེད་ཟེར་ཨེ་ཐུབ། འདི་ལ་བལྟས་ན་ཁྱོད་ཀྱི་འདོད་པ་ནི་ནང་བའི་སྤྱིན་བདག་དག་མངའ་ཐང་དར་དགོས་པ་དེ་མ་ཡིན་པར་མུག་ཤི་ལ་གཏང་དགོས་པ་དེ་ཡིན་ནམ། དེ་ལྟར་བརྗོད་བཞིན་དུ་ད་དུང་གླ་བས་རང་ཁ་རང་གསོའི་དཔལ་འབྱོར་གཉེར་རྒྱུ་ཞེས་ཁྱོད་ཉིད་རྒྱ་གྲོལ་གྱི་སྔོན་ལ་བུད་ནས་གུང་ཁྲན་ཏང་གི་རྗེས་སུ་རྒྱུགས་པ་ལ་ངོ་མི་མཚར་རམ། དགེ་བཤེས་སྒོ་ཤེར་རང་ཉིད་སྟོན་པའི་རྗེས་འཇུག་ལས་ཕྱིར་འབུད་འདོད་མེད་ན ། སྐད་ཆའི་སྔ་ཕྱིར་ལ་འདང་རེ་བརྒྱབ་ཏེ་བཤད་ན་བཟང། གོང་གི་ཁྱེད་རང་གི་བཤད་སྟངས་འདིས་དོན་གྱི་རང་གཤིས་ངོ་མའི་མི་འདོད་པ་དེ་རྒྱ་གྲོལ་དང་སྟོན་པ་ཐུགས་རྗེ་ཅན་གཉིས་ཀྱི་སུ་ལ་བསྟན་ཡོད་པ་ཧ་གོ་སོང། བསྟན་པའི་སྤྱིན་བདག་མངའ་ཐང་དར་བ་ཡི་: ཞེས་པ་སྨོན་ལམ་ཙམ་རེད་ཅེས་ཁ་ཡ་མི་བྱེད་ཅིང་དགག་བཞག་གི་འབེན་དུ་ལེན་འདོད་ན་རི་བོ་དགེ་ལུགས་པའི་མཁས་པ་གནམ་གྱི་ས་བཀབ་པ་དག་ལའང་སྟོན་པ་བཅོམ་ལྡན་འདས་དང་རྒྱ་གྲོལ་གཉིས་ཀྱི་ཞོར་ལ་སྐུར་བ་རྒྱ་ཆེན་པོ་བཏབ་པ་ཡིན་ཏེ།ནམ་རྒྱུན་སྟོན་པའི་གསུང་དང་འགལ་བའི་ཆོས་ལོག་ཁ་བཏོན་བྱས་པའི་སྐུར་བ་བཏབ་པར་སོང་བའི་ཕྱིར། ལྷག་པར་སྟོན་པ་ཐུགས་རྗེ་ཅན་གྱིས་མདོ་མྱང་འདས་ལས། རྟག་ཏུ་མཐོན་པོའི་རིགས་སུ་སྐྱེ་བར་ཤོག ནོར་དང་འབྲུ་ཡི་མཛོད་རྣམས་འབྱོར་གྱུར་ཅིག ཅེས་ཐུགས་སྨོན་རྒྱ་ཆེར་གནང་བ་ཡང་རྒྱ་གྲོལ་ལ་ནང་མོལ་དུ་གསུངས་པ་ཡིན་ན། ཁྱོད་ཀྱིས་རང་ཉིད་ཕྱི་རོལ་བར་ཁས་བླངས་པ་ཡིན་ནམ། ལྷག་པར་སྟོན་པ་བཅོམ་ལྡན་འདས་དང་གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱང་རྒྱ་གྲོལ་ལྷན་དུ་སྐྱག་རྫུན་སྨྲ་བ་ལ་ཐོགས་པ་མེད་པའི་གྲས་སུ་རྫོངས་དང་གཟི་བརྗིད་ཆེའོ།

སྒོ་ཤེར་གྱིས ། གལ་ཏེ་ང་ཚོས་ལོ་རྒྱུས་སྟེང་ཆོས་སྲིད་མཉམ་དུ་མ་བསྲེས་པར ། ཆོས་ཆོས་བཞིན་འཛིན་སྐྱོང་སྤེལ་གསུམ་བྱས། སྲིད་སྲིད་བཞིན་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ ། ཞེས་ཟེར ། འོ་རེད ། ཁྱེད་རང་གི་བོད་བཙན་པོའི་སྐབས་སུ་དེ་འདྲའི་ལག་ལེན་ལ་ཐེབས་ཡོད་བསམ་གི་ཨེ་ཡོད། དེ་དུས་ཆོས་སྲིད་ཟུང་འབྲེལ་བྱེད་ཐུབ་སོང་པ་རེད་དམ ། ཟུང་འབྲེལ་བྱེད་མ་ཐུབ་པ་རེད ། དེ་དུས་ཟུང་འབྲེལ་བྱེད་རྒྱུའི་ཆོས་སྲིད་གཉིས་སོ་སོར་བཤད་ན་ག་འདྲ་ཞིག་རེད། འདིའི་སྐོར་ལ་ཁྱེད་རང་མིག་ལོང་སོང་བ་རེད་དམ ། སྤྱི་ཚོགས་ཀྱི་འགྱུར་བ་དུས་དང་བསྟུན་ནས་བྱུང་གི་ཡོད་པ་བློ་གྲོས་ཅན་དག་གི་གསལ་བོར་བཤད་ཀི་ཡོད་པ་འདི་དག་རེད། ད་ལྟ་ང་ཚོ་ཆོས་སྲིད་ཟུང་འབྲེལ་བྱེད་རྒྱུའི་ཆོས་དང་སྲིད་གཉིས་ཀ་ཡོད་དམ་མེད ། དེའི་ཆ་རྐྱེན་ཡོངས་སུ་ཚང་འདུག་མི་འདུག་ལ་བསམ་བློ་གཏོང་རྒྱུ་གཙོ་བོ་རེད། ཚང་མེད་ན་འགོང་བོ་སྟོང་རྩིས་རེད ། ཕྱིས་སུ་ཚང་དགོས་པ་དང་ཚང་རྒྱུ་ལ་བསམ་གི་ཡོད་ན ། སྐབས་དེའི་སྤྱི་ཚོགས་དང་བསྟུན་ནས་བཤད་དགོས་པས་ད་དུང་ཁྱེད་རང་དེའི་ཕྱོགས་ནས་སད་རན་མི་འདུག ལྷག་པར་ནང་བའི་བསྟན་པའི་རྨང་གཞི་ཞེས་པའི་ཧ་ཡང་མ་གོ་བར། གལ་ཏེ་སྙིང་བོ་ཞེས་པ་ལ་གོ་ན་ཞེས་རང་མགོ་རང་གིས་གཡོགས་དེ། ཕྱོགས་སྔའི་ནམ་མ་ལངས་པར་དགག་བཞག་གི་ཉི་ཟེར་སྤྲོས་པའི་དཔེར་སོང་སྟེ། རྨང་གཞི་ཞེས་པ་སྙིང་བོའི་དོན་མ་ཡིན་པ་སློབ་ཆུང་སློབ་མསཀྱང་ཤེས་ལ། གལ་ཏེ་དེ་ལྟར་གོ་དགོས་པའི་སྐབས་ཤིག་ཡོད་ལ་ཉི་མ་ནུབ་ནས་ཤར་རྒྱུ་རེད། རྨང་གཞིའི་གོ་དོན་མི་ཤེས་དག་དག་ཡིག་གསར་བསྒྲིགས་ལ་ལྟོས་ནས་སླར་ཡང་བརྡ་དག་ནས་སྦྱོང་བར་འཚལ་ལོ། ། ཁྱོད་ཀྱིས་རྒྱ་གྲོལ་ལགས་ལ་ནང་བའི་ཆོས་ཀྱི་རྨང་གཞི་དམའ་ཞེས་ས་འཚུབ་རྡོ་འཚུབ་བྱས་པའང་ཅི་བཤད་འདི་བཤད་མེད་པར་རུལ་མས་གཡག་ཤོར་བ་ལྟར་གྱུར་བ་མིན་ནམ། ་

སྒོ་ཤེར་གྱིས ། དོན་དངོས་ཀྱི་སྟེང་བོད་ཀྱི་ཕྱི་རབས་གཞོན་སྐྱེས་ཚོར་མི་རིགས་གཞན་པའི་རིག་གནས་སློབ་པའི་སྐལ་བ་དེ་ཐབས་དང་ཐབས་བྱུང་གི་བསམ་སྦྱོར་ཡོད་ཚད་ཀྱིས་འགོག་ཨེ་ཐུབ་བལྟ་གིན་འདུག་ལ། ཞེས་ཟེར ། འདི་ནི་རྒྱ་གྲོལ་གྱི་དཔྱད་གཏམ་གྱི་མགོ་མཇུག་བར་གསུམ་གང་བལྟས་ན་ཡང་ཧ་གོ་ཡོང་བས ། བཙན་དབང་གི་དཀྱོགས་བཤད་དེ་གཏན་ནས་དགོས་དོན་མེད་པ། གཟུར་གནས་དག་གིས་ངང་གིས་ཤེས་ཡོང་རྒྱུ་རེད ། སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་རིག་པའི་རྒྱབ་ལྗོངས་ན་མཚན་ཉིད་རིག་པའི་རིན་ཐང་མི་འདྲ་བ་དང་མདོར་ན་དཔལ་འབྱོར་རིག་པ་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པར་ཁྱེད་ཀྱིས་ཁས་བླངས་ཡོད་ལ ། རྒྱ་གྲོལ་ཀྱིས་ཀྱང་འདི་དང་འབྲེལ་ནས་བཤད་ཡོད་པས ། གཞོན་སྐྱེས་ཚོས་རིག་གནས་སློབ་པའི་སྐལ་བ་དེ་བཀག་འགོག་བྱས་མེད་ལ ། ད་དུང་དེའི་ཐད་ལ་བསམ་གཞིག་གནད་མ་བྱས་པའི་དཔྱད་བརྗོད་མི་ཉུང་བ་ཞིག་སྤེལ་ཡོད་པས་བློ་གྲོས་དང་ལྡན་པ་དག་གིས་བལྟས་ན་ཉེས་མེད་ལ་ཉེས་འདོགས་བྱས་འདུག་པ་ཧ་གོ་ཡོང་རྒྱུ་རེད ། ལྷག་པར་རྒྱ་གྲོལ་གྱིས་གཞོན་སྐྱེས་ཚོར་རིག་གནས་སློབ་པའི་སྐལ་བ་རྒྱ་ཆེན་པོ་བྱིན་ཡོད་པ་དེ་ཁྱོད་ཚོས་མི་འདོད་པའི་ངན་བཤད་བྱས་པ་ཙམ་གྱིས་བསུབ་ཐུབ་པ་ཞིག་གཏན་ནས་མིན།

སྒོ་ཤེར་གྱིས ། སྐད་ཆ་འདིའི་ཤུགས་ནས་ནང་བསྟན་དཔལ་འབྱོར་རིག་པ་ནི ། དེང་རབས་ཀྱི་དཔལ་འབྱོར་རིག་པའི་ལོ་རྒྱུས་ལས་ཆེས་སྔ་བས་དེ་ལས་ཀྱང་ཁྱད་པར་འཕགས་པའི་དཔལ་འབྱོར་རིག་ཞིག་ཡིན་ནོ་ཞེས་པའི་བསྟོད་གླུ་ལེན་གྱིན་པ་མ་ཡིན་ནམ །ཞེས་ཟེར ། དེ་ལེ་ཡིན ། ཡིན་ཆོག་ཆོག་རེད ། སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་འཛམ་གླིང་དུ་བྱོན་མ་མྱོང་བས ། དངོས་ཤུགས་གང་གི་ཐད་ནས་ཀྱང་དེང་རབས་རིག་གནས་དང་ཁྱད་པར་ཏུ་གྱུར་བ་ཞིག་ཡིན་པ་བཤད་མ་དགོས་པ་རེད ། ཆོས་ལུགས་དང་གནས་ལུགས་ཁས་མི་ལེན་པ་དག་ལ་གནས་ཚུལ་ཁ་ཁ་རེད ། ་

སྒོ་ཤེར་གྱིས ། རྩོམ་རིག་ལ་ཆགས་བཞག དུས་རབས་ཉི་ཤུ་བ་ལ་ཐུག་གི་བར་གྱི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ཏུ་འཛམ་གླིང་གི་ཆེས་གལ་ཆེན་གྱི་རྩོམ་ལུས་གཙོ་བོ་ཞིག་སྟེ ། སྒྲུང་གཏམ་མཚན་ཉིད་ཚང་བ་ཞིག་ཀྱང་བྱུང་མྱོང་མེད་ཅིང ། ཞེས་ཟེར ། སྐད་ཆ་འདིའི་ཐད་ནས་ཐོག་མར་ང་ཚོ་བོད་མིའི་གྲངས་ཀ་འདིས་འཛམ་བུ་གླིང་པའི་མི་རིགས་ཁྲོད་གྲངས་ཀ་ག་ཙམ་ཞིག་ཟིན་འདུག སོ་སོའི་ཁོར་ཡུག་དང་སོ་སོའི་གནས་སྟངས ། སོ་སོའི་གྲངས་ཀ་དང་འཚམས་པའི་བསམ་གཞིག་རེ་གནོང་དང་ཅིའི་ཕྱིར་འོས་ཞིང་འཚམས་པའི་བེད་སྤྱོད་ཀྱི་གོ་རིམ་ཟིན་མི་འདུག འཛམ་བུ་གླིང་བའི་མི་རིགས་ཁྲོད་ང་ཚོའི་སྐད་ཡིག་གི་རང་ཚུགས་འཛིན་རྒྱུའི་གོ་སྐབས་ཞིག་བྱུང་ན ། ང་ཚོས་རང་ཚུགས་དང་རང་རྐང་འཛིན་ཆོག་ཆོག་ཡིན ། འཕེལ་རྒྱས་ཟེར་ནས་མི་རིགས་དང་གོམ་གཤིས་བགྲོད་ལམ་ཐམས་ཅད་སྐྲ་སེར་མིག་ལྗང་དང་རྒྱ་གར་ནག་གི་བགྲོད་ལམ་ཏུ་་བཙན་གྱི་ཞུགས་དགོས་ན ། གཞན་གྱི་འཕེལ་རྒྱས་ཇེ་ལེགས་དང་རང་གི་མདུན་ལམ་བཀག་འགོག་བྱས་བ་མ་ཡིན་ནམ ། རང་ཚུགས་ཤོར་བའི་དཔྱད་བརྗོད་པ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག

སྒོ་ཤེར་གྱིས ། བག་མའི་གནས་ཡུལ་དུ་ང་ཚོའི་ཇུས་གཞི་ཡོད་ཅིང༌། དམག་པའི་སེམས་ངོ་ན་ང་ཚོའི་གསང་མཆེད་ཡོད ། མདོར་ན ། ང་ཚོའི་རྐང་པས་མ་རེག་པའི་ས་གཞི་ཞིག་དང ། ང་ཚོའི་ལག་པས་མ་བསྙབས་པའི་བར་སྣང་ཞིག་གང་ན་ཡོད་ཨང ། ཞེས་ཟེར ། ཞིབ་ཏུ་བསམ་གཞིག་རེ་བྱོས་དང ། སྐད་ཆ་འདི་ཚད་ལྡན་གྱི་གྲྭ་བཙུན་དག་ལ་ཟེར་རམ ། དེང་དུས་རྫུན་མ་དག་ལ་ཟེར ། དང་པོ་ལྟར་ན་རྗེ་ཡབ་སྲས་ནས་དགའ་ལྡན་ཁྲི་རབས་དག་དང་ས་རྙིང་བཀའ་བརྒྱུད་ཀྱི་མཁས་གྲུབ་ཚད་ལྡན་སུ་ཞིག་གི བོད་མི་རིགས་བསླུ་བྲིད་དང་གཡོ་སྒྱུའི་ཆོ་འཕྲུལ་སྦྲ་ཁྱིམ་དང་རུ་བའི་ཁྱིམ་མཚེས་ན་ཡོད ། སུ་ཞིག་གིས་བག་མར་ཇུས་གཞི་དང་མག་པར་གསང་མཆིད་བྱས་ཡོད ། དེང་སང་ཡང་སྐྱབས་མགོན་ཀིརྟི་རིན་པོ་ཆེ་གཙོ་མཛད་པའི་ཆོས་སྲིད་གཉིས་ལ་མཁས་པའི་གྲྭ་བཙུན་མི་ཉུང་བ་རེ་ཡོད་པས ། མིག་གཡས་ཞ་ར་དང་རྣ་གཡས་འོན་པའི་ཟློས་གར་དེ་དག་མཚམས་འཇོག་རན་འདུག འདི་ནི་སད་ཟིན་པའི་མི་ལ་གཉིད་མ་སད་པའི་མིས་གྲོས་གཞི་འདོན་རྒྱུའི་ཧམ་སེམས་བཅང་བ་རང་རེད་དོ ། བོད་ཀྱི་གསོ་རིག་གི་རྩ་བའི་གཏུགས་ས་ཡང་ནཱ་ལེན་དྲའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསོ་རིག་གི་བསྟན་བཅོས་སྦྱོར་བ་བརྒྱ་པ་དང༌། འཚོ་བའི་མདོ་ཚིགས་སུ་བཅད་པ་སོགས་ལ་གཏུགས་ཡོད་པས། མ་རྟོགས་པ་དང་ལོག་པར་རྟོག་པའི་སྦྱོར་བ་ངན་པའི་སྐྱོ་གར་མ་འཁྲབ་ན་ཡག་ཤོས་རེད། འདི་ནི་བོད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དག་ལ་ངན་སྨྲས་མཁའ་རུ་མི་ཤོང་བ་ཞིག་བྱས་པ་ཡིན་ལ་ན་གཞོན་ལྟ་ལོག་པ་སྐོར་ཞིག་ལ་གཅིན་སྐྱག་གིས་ཕུལ་བའི་མཆོད་སྤྲིན་ཞིག་ཀྱང་ཡིན་ནོ།།

འདིར་ཆེད་དུ་ཞུ་རྒྱུ་ཞིག་་ལ་ཡང ། སྐུ་ཞབས་ཉིད་ནས ༢༠༠༦ ༡༡ ༢༥ ཉིན་ནུབ་བྱང་མི་རིགས་སློབ་གླིང་དུ་བགྲོ་གླེང་སྐབས་བཤད་པ་ཐམས་ཅད་གྲྭ་བ་ཚོར་བཤད་རྒྱུའི་སྐད་ཆ ། དཔེར་ན ། དགོན་པའི་སློབ་གསོ་བཅོས་བསྒྱུར་བྱེད་རྒྱུ་དང ། གྲྭ་བའི་ཀུན་སྤྱོད་ཐད་དབྱེ་ཞིབ་བྱ་ཚུལ ། ཆོས་ཀྱི་སྡོམ་བཞི་ལ་སོགས་པ ། མདོར་ན ། གྲྭ་བའི་ཐད་ལ་བཏོན་པའི་དྲི་བ་དྲིས་ལན་དང་ལྟ་ཚུལ་གླེང་སོང ། འདི་ནི་ཁྱེད་རང་ཚོས་བཤད་པའི་འཇིག་རྟེན་པའི་སློབ་གསོའམ་སློབ་གྲྭ་ཆེན་མོ་དག་གི་ཁོར་ཡུག་དང་འཚམས་པའི་སྐད་ཆ་ཞིག་གཏན་ནས་མ་རེད ། གཏམ་བཤད་འདི་ནི་གྲྭ་བའི་སློབ་གསོ་མྱོང་མཁན་དང་གྲྭ་བའི་ཐད་ནས་དྲི་བ་དྲིས་ལན་འདེབས་རྒྱུ་ཡིན་པ་ལས་དགོན་པ་ཞིག་ནས་འདི་ལྟ་བུའི་གཏམ་བཤད་གླེང་མ་ཐུབ་པ་ནི ། ཁོ་ལ་གནས་ལུགས་དང་མཐུན་པའི་ལན་གསལ་བོ་ཞིག་གི་ཕོངས་ནས༌། རང་ཉིད་སྨག་མེད་དུ་བུད་འགྲོ་བའི་མཇུག་འབྲས་ཧ་གོ་སོང་བ་རེད ། ཁོ་ཚོའི་འདོད་པའི་འཇིག་རྟེན་པའི་སློབ་གསོ་སྤེལ་ས་ནུབ་བྱང་མི་རིགས་སློབ་གྲྭའི་སློབ་མ་ཚོར་སྐལ་མེད་སར་རྐེ་བསྲིངས་བ་དང་ཆོས་ལུགས་བྱེད་ཕྱོགས་ཐད་ལ་འཇིག་རྟེན་པའི་ཐེ་གཏོགས་བྱས་འདུག་པས ། སྐུ་ཞབས་ཚོས་བཞག་པའི་བཅའ་ཁྲིམས་དང་འགལ་འདུག་པས ། ཁྲིམས་ཆད་ཕོག་ཨེ་འདུག་ལྟོས་ཤིག

ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་འདི་ཚོ་སྙིང་མ་རྗེ ། སྒོ་ཤེར་རང་ཉིད་ནས་ཆོས་སྲིད་ཟུང་འབྲེལ་བྱེད་མི་རུང་བའི་གཏམ་བཤད་སྤེལ་བཞིན ། སྲིད་ཀྱི་བརྒྱུད་རིམ་དང་དམིགས་ཡུལ་དགེ་མཚན་གླེང་བཞིན་ནང་འགལ་འདི་ཡང་ཧ་མ་གོ་བར ། ད་དུང་མིག་རིག་རིག་དང་རྣ་བ་ཅོར་ཅོར་བྱས་ཏེ་ཉན་ཀི་འདུག སྐུ་ཞབས་སྒོ་ཤེར་ལགས་རང་གི་ཚིག་སྔ་ཕྱིའི་ནང་འགལ་དང ། ཆོས་ལུགས་ཟེར་བའི་མིང་ཙམ་ལ་ཡང་ཚིག་འགྲེལ་ལེགས་པོ་ཞིག་གནང་མི་ཐུབ་པའི་ནུབ་བྱང་གི་སློབ་མ་ཚོའི་སྔུན་ནས ། སྒོ་ཤེར་མཁས་དོག་ཁ་བོས་གཏམ་བཤད་དང་དྲི་བ་དྲིས་ལན་ལ་དུས་ཚོད་རིང་ཤོས་ཞིག་བཞག་ཡོད་པས ། དྲི་བ་འདོན་རོགས ། ཞེས་ཁ་ཕོ་བཤད་པ་འདི་ནི་སློབ་མ་ཚོའི་སྔུན་ནས་ཁོའི་རང་ཚུགས་ཤོར་རྒྱུའི་སྔ་ལྟོས་རེད ། ཆོས་དང་སྲིད་དེ་གཉིས་ཟུང་འབྲེལ་སྐོར་གླེང་དུས ། ཆོས་ཀྱི་ངོ་བོ ། བྱེད་ལས་གནད་དོན་དེ་ཉམས་སུ་ལེན་ཚུལ་སོགས་རགས་རིམ་ཙམ་ངེས་བར་ཏུ་ཤེས་དགོས་བ་མེད་དུ་མི་རུང་བ་ཞིག་རེད་མོད ། བགྲོ་གླེང་དེའི་སྐབས་སུ་ཆོས་ལུགས་ལ་སྤྱངས་བ་སྔོན་སོང་ཞིག་དང་ཆོས་ལུགས་དངོས་བཏགས་གི་ཁྱད་པར་ཙམ་ཤེས་མཁན་ཞིག་ཀྱང་མེད་པ ། སྐབས་དེའི་དྲི་བ་འདོན་སྟངས་ལ་ལྟོས་ན་ཧ་གོ་ཡོང ། སྲིད་ཀྱི་ཐད་ཕྱོགས་ལའང་དེ་དང་འདྲ ། དེ་གཉིས་སོ་སོའི་དབྱེ་མཚམས་གསལ་བོར་མ་ཤེས་བར ། དེ་ཟུང་འབྲེལ་བྱས་བའི་ཉེས་བ་དང ། སོ་སོར་བྱས་བའི་དགེ་མཚན་ག་ལ་ཤེས ། ད་དུང་སྒོ་ཤེར་ལགས་ཀྱིས་རྒྱལ་བོའི་ལུགས་ཀྱི་བསྟན་བཅོས་དང ། སྐྱེ་བོ་གསོ་ཐིག་སོགས་འཇིག་རྟེན་མི་ཆོས་དང་བསྟུན་པའི་གསུང་རབ་དག་གི་ཕན་འབྲས་ལ་བསམ་བློ་རེ་གཏོང་རོགས ། ཡང་པཎ་ཆེན་རིན་པོ་ཆེ་མཆོག་གིས ། མདོར་དྲིལ་ན ། ང་ཐེངས་འདིར་ཁམས་ཁུལ་ལ་ཡོང་ནས་ཆབ་སྲིད་དང་ཆོས་ལུགས་སོགས་སྤྱི་དམངས་ལས་དོན་ཐད་ལ་བྱ་བ་གང་མང་བསྒྲུབས་ནས་ཕྱོགས་སོ་སོའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ ། ཞེས་དང ། འདི་ནི་ངས་ལོ་བཞི་བཅུ་ལྷག་གི་ཆབ་སྲིད་བྱ་བའི་ཉམས་མྱོང་གཞིར་བཟུང་ནས་བཤད་པ་ཡིན ། ཞེས་གསུངས་པས ། སྐུ་ཞབས་ཉིད་ནས ། པཎ་ཆེན་རིན་ཆེན་མཆོག་གི་ཆོས་ཆོས་བཞིན་མ་སྒྲུབ་པ་དང ། སྲིད་སྲིད་བཞིན་མ་སྒྲུབ་པ་རེད་ཞེས་བཤད་ཨེ་ཐུབ ། དོན་གྱི་ཟུང་འབྲེལ་བྱེད་མ་ཐུབ་པའི་ཉེས་པ་དང ། ཟུང་འབྲེལ་བྱས་ཟིན་པའི་ཉེས་པ་དེ་གཉིས་ལས་གང་རེད་བསམ་གཞིག་གནང་རོགས ། རྔ་ཡུལ་ཀིརྟིའི་དགེ་བཤེས་སྒོ་ཤེར་ལགས ། རང་ཅག་རྣམས་ཀྱི་མ་འདྲེས་པའི་ ༧ སྐྱབས་མགོན་དམ་པ་ཀིརྟི་རིན་པོ་ཆེ་མཆོག་གི་ 《〈ལུགས་ཟུང་བསླབ་བཏུས〉》གཙོ་མཛད་པའི་བཀའ་སློབ་དག་གི་ཁ་བྱང་གཞུང་ཚིག་དང་བཅས་བ་ཆོས་དང་མི་མཐུན་པ་རེད་ཟེར་ཨེ་ཐུབ ། ཁོང་རྣམ་པ་དག་ཆོས་ལུགས་པ་རྣམ་དག་ཞིག་མ་རེད་ཟེར་ཨེ་ཐུབ ། ཁྱོད་ཚོས་ཆོས་སྲིད་ཟུང་འབྲེལ་ནི་ཆོས་ཀྱི་བདག་པོ་དང་སྲིད་ཀྱི་བདག་པོ་མི་གཅིག་གིས་སྐྱོང་བ་ལ་འདོད་ཅིང༌། དེ་ནི་བོད་རང་གིས་འདོད་པའི་ཆོས་སྲིད་ཟུང་འབྲེལ་ལ་གོ་བ་ལོག་པར་བླངས་པ་ལས་མ་འདས་ཏེ། ཆོས་དང་སྲིད་གཉིས་ཕན་ཚུན་རམ་འདེགས་ཀྱིས་སྐྱོང་བ་ལ་བྱ་ཡི་གྲ་བས་སྲིད་སྐྱོང་དགོས་པ་ཞིག་གཏན་ནས་མ་ཡིན་ཏེ་རིན་པོ་ཆེས་ཀྱང། ཆོས་སྲིད་ཟུང་འབྲེལ་ནི་གྲ་བས་སྲིད་སྐྱོང་བ་མིན་ཞེས་གསལ་བོར་བསྒྲགས་པས་སོ།།ཁྱེད་ཚོས་ཆོས་སྲིད་ཟུང་འབྲེལ་ངན་རྒུ་འཇོམས་པའི་དུག་སྦྲུལ་གྱི་ཚང་ལྟ་བུར་བཤད་པ་ནི་རིག་གསར་གྱི་ངན་སྐྱུགས་བཀྲུས་ནས་མི་འདག་པ་ཞིག་དང་དམར་པོ་ཚང་ལ་ཕུལ་བའི་མཆོད་སྤྲིན་བླ་ན་མེད་པ་ཞིག་ཡིན་པ་ཐུགས་ལ་ཟུངས་ཤིག སྲིད་དང་མི་མཐུན་པ་གལ་ཏེ་ཨ་ཟད་ཨུ་ཐུག་ན་ཟུང་འབྲེལ་མི་རུང་པའི་ལོག་རྟོག་འདོར་བར་གྱིས་ཤིག ། མཇུག་མཐར ། སྐུ་ཞབས་སྒོ་ཤེར་ལགས་ལ་བཤད་སྟངས་མི་ལེགས་པའི་ཚིག་ངན་འདྲ་ཤོར་སོང་དག་ལ་སྙིང་ཐག་པ་ནས་དགོངས་དག་ཞུས་བ་ཡིན ། །

སྒོ་ཤེར་གྱིས་གྲྭ་བས་སྲིད་དང་ཆོས་སྲིད་ཟུང་འབྲེལ་བྱེད་མི་རུང་ཞེས་ཟེར་བ་ནི་ཕར་གཏུགས་ན་མང་ཚོགས་ལ་ཆོས་ལུགས་དང་སློབ་གསོ་སྤེལ་མི་རུང་བའི་ངན་སྐད་སྒྲོག་པ་རེད། སྐད་ཆ་འདི་ཁྱོད་གྲྭ་བ་བསམ་བློ་བ་ཡིན་ཟེར་མཁན་ཞིག་གིས་བཤད་རྒྱུ་ཕར་ཞོག ཡ་རབས་མི་སྤྱིར་བཏང་བ་ཞིག་གིས་ཀྱང་ངག་ལས་བཤད་ཕོད་རྒྱུ་མ་རེད། ལོ་ངོ་དུ་མ་ཞིག་གི་སྔོན་དུ་མི་རིགས་ཤིག་གི་ཆེད་དུ་ཁྱེད་ཉིད་ཆབ་སྲིད་བཙོན་མར་གྱུར་ནས་ཁྲིམས་མུན་དུ་བསྡད་པ་དེ་ཡང་འགྱོད་བཤགས་བྱེད་དགོས་པའི་གནས་ཤིག་ཨེ་རེད། ད་ནས་བཟུང་མི་རིགས་ཀྱི་ལས་དོན་སྤུ་ཙམ་ཡང་སྒྲུབ་རྒྱུ་མིན་ཞེས་སྡར་མའི་ངང་ཚུལ་འཛིན་རྒྱུ་ཡིན་ནམ།

རང་ཉིད་ནས་ཅི་ཡང་མི་འཇོན་པར་གཞན་ལ་འཁེང་ར་དང་ཕྲག་དོག་གི་མཆི་མ་འཕེན་པའི་སྙིང་ཁམས་ཅན་གྱི་རུ་འདྲེན་ཁྱོད་ཀྱིས་སྐུ་ཞབས་རྒྱ་གྲོལ་ལགས་ནས་ཆོས་ལུགས་དང་རིག་གནས་གནས་ལུགས་སོགས་དགོན་སྡེ་ནས་རུ་གྲོང་གི་སྤྱི་ཚོགས་ཡོངས་ལ་སྤེལ་དང་སྤེལ་བཞིན་པའི་མཛད་འཕྲིན་དག་ཉི་ཤར་སྤར་མོས་འགོག་འདོད་པ་ནི་གནམ་ལ་ལྕེའི་ལྡག་བྱེད་འདོད་པའི་ཧམ་སེམས་བཅིངས་བ་རེད། ཁྱོད་དང་ཁྱོད་ལྟ་བུའི་དམར་ཤོག་པ་དག་གིས་དགོན་སྡེ་དང་རི་གྲོང༌། གྲ་བཙུན་དང་མང་ཚོགས་ཁ་བྲལ་དུ་བཏང་ནས་བོད་མི་རིགས་མུན་ནག་གི་གནས་ལས་ཐར་མ་ཐུབ་ན་དགའ་བའི་ཐལ་མོ་སྡེབས་བཞིན་འདུག་འདོད་པར་བསམ་ཨེ་ཡོད།

གོད་ཆག་ངན་པ་དག་གི་རྐྱེན་ལ་མ་གཏོགས་རྒྱུ་ལ་བསམ་བློ་གཏོང་མི་ཤེས་པའི་སྤྱི་ཚོགས་མུན་ནག་དེར་རྒྱུ་རྐྱེན་དང་དྲང་བདེན་གནས་ལུགས་དག་ངོ་སྤྲོད་གནང་རྒྱུ་འུ་ཅག་གི་ཕྲག་ལ་བབས་ཡོད་པའི་འོས་འགན་གཟུར་དུ་མེད་པ་དེ་རེད། སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་ཕུང་གསུང་སྐབས་ཕོ་མོ་དང་སྐྱ་སེར་ལ་མཆོག་དམན་མེད་པར་གསུང་ནས། ཡང་དག་པའི་ལམ་ལ་བཀོད་པ་ཡིན་ལ། འུ་ཅག་དེའི་རྗེས་འཇུག་པ་རེད། སྟོན་པའི་བསྟན་གནས་པ་དེ་སྲིད་དུ་ཆོས་ལུགས་གྲོང་བའི་སྤྱི་ཚོགས་ནང་སྤེལ་རྒྱུའི་སྒོ་མོ་ཆེར་ཕྱེ་ཡོད་ལ། སྐྱ་སེར་ཁ་བྲལ་དུ་གཏོང་འདོད་པའི་ཁྱེད་ཀྱི་རེ་འདོད་ངན་པ་དེ་སྒྲུབ་མི་རུང་བ་ཞིག་རེད།

འགྲོ་བ་མིའི་རིགས་གཙོ་བོ་སྤྱི་ཚོགས་ཀྱི་བསམ་བློའི་ལོངས་སྤྱོད་རྨང་དུ་བྱུང་བའི་ཆོས་ལུགས་འདི། ཆབ་སྲིད་དང་དཔལ་འབྱོར་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་སྤེལ་རྒྱུའི་བགྲོད་ལམ་མི་རིགས་རིག་གནས་ཁྲོད་ན་དེ་ལས་ལྷག་པའི་ཉེས་ཅན་མ་རུང་པ་སུ་ཞིག་ཡོད། ནུབ་བྱང་སློབ་ཆེན་དུ་སྤེལ་བའི་གཏམ་བཤད་དེ་ཡང་རང་ཉིད་ཀྱི་ཕྱིན་ཅི་ལོག་པའི་ལྟ་ཚུལ་དེའི་ཆེད་དུ་གླེང་སྟེགས་དེར་ཞུགས་པ་རེད་མ་གཏོགས། མི་རིགས་དང་ཆོས་ལུགས། རིག་གནས་དང་གནས་ལུགས། ཐ་ན་སློབ་མ་ཚོ་དང་བསམ་བློ་བརྗེ་རེས་ཀྱི་ཀུན་སློང་ཙམ་ཡང་མེད་པ་ནི། ཆེད་ལས་རྩིས་འཁོར་ཡིན་པའི་སློབ་མ་དེའི་དྲི་བར་ལན་སྡོན་སྟངས་ལས་ཀྱང་ཧ་གོ་འདུག

རྒན་མུན་འཇོམས་སྒྲོན་མེ་ལགས་ནས་མི་རིགས་འདིའི་ཐུན་མིན་གྱི་རིག་གནས་བསྔགས་བརྗོད་དང་དར་སྤེལ་གཏོང་དགོས་པའི་རྒྱུ་མཚན་དང་བཅས་པ། རུས་གཟེང་ནས་ནན་ཏན་སྒོས་གཞོན་སྐྱེས་ཚོགས་ལ་གསུང་བ་དེ་ལ་ཡང༌། ཁྱེད་ཀྱིས་འོད་སྟོང་འབར་བའི་རིག་གནས་དེ་ཁྱེད་ཀྱི་ཕྱོགས་སུ་འཕྲོས་པ་རེད་ཞེས་ཁོང་ལ་ཟུར་ཟ་བ་དེ་ཡང་ཁྱེད་རང་གི་སྙིང་ཕུག་ལ་ཕྲག་དོག་བདུད་ཀྱི་རྒྱལ་མཚན་ཞིག་བཙུགས་ཡོད་པའི་རྟགས་ཤིག་རེད།

མི་རིགས་དང་རིག་གནས་ཐད་ལ་ལག་ལེན་དངོས་ཀྱི་སྟེང་ནས་གྲུབ་འབྲས་དང་རྒྱལ་ཁ་ལེན་བཞིན་པའི་རྒན་ཚུལ་ཁྲིམས་ལགས་ཀྱིས་གཏམ་བཤད་ཀྱི་ཞ་ཞོར་ནས། ཁྱེད་ཀྱི་སྐྱོན་ཆའི་ཟ་ཟུར་ལ་ཕོག་པ་དག་ལ་ཡང་རང་སྐྱོན་ངོས་ལེན་བྱེད་རྒྱུ་ཕར་ཞོག ད་དུང《ཞ་མོ་དང་ཞ་མོའི་རིག་གནས》ཞེས་རང་ཉིད་ཀྱི་སྐྱོན་ཆ་སྐྱོན་ཆར་མི་འཛིན་པའི་ད་ལྟའི་རྒྱ་ནག་གི་དཔོན་རིགས་འགའ་གཡོ་སྒྱུའི་བྱ་སྤྱོད་དང་དུ་ལེན་གི་འཇུག

སྒོ་ཤེར་ཁྱོད་དང་རིག་གསར་སྐབས་ཀྱི་ལྷ་འདྲེ་གདོན་བགེགས་ཟེར་མཁན་སྐོར་གྱི་བསམ་བློའི་བར་འབྲེལ་བ་ཧ་ཅང་ཟབ་མོ་ཆགས་འདུག ད་ལྟ་ཁྱེད་རང་ལ་ཡང་རིག་གསར་ལྟ་བུའི་དུས་ཀྱི་གོ་སྐབས་བྱུང་ན། ཐོག་མར་ཇོ་ཁང་དང་ར་མོ་ཆེ་དེ་ནས་སེ་འབྲས་དགེ་གསུམ་ལ་འཇོར་བཟུང་ནས་རྒྱུགས་ཐག་ཆོད་རེད། རྒྱུ་མཚན་ནི། གཙུག་ལག་ཁང་རྒྱ་ཁང་རེད་ཟེར་བ་དང༌། དགོན་སྡེ་ཁག་གི་བརྩིགས་ངོས་ཀྱི་རི་མོ་ནས་བཟུང་སྐྱོན་བརྗོད་བྱེད་བཞིན་པ་འདིའི་གཞི་ནས་རྟོགས་ཐུབ།

ཁྱོད་དང་ང་ལྟ་བུའི་འདི་འདྲའི་འཆལ་གཏམ་སྤེལ་བ་ལས་གཞོན་སྐྱེས་དང་སློབ་གྲོགས་ཚོའི་དུས་ཚོད་མི་ཉུང་བ་ཞིག་འཕྲོ་བརླགས་སུ་གཏོང་ངེས་བས། སྙིང་ནས་འགྱོད་བཤགས་བྱེད་དགོས་པ་ཞིག་རེད། བསམ་བཟོས་ནས་མི་འདོད་པ་དང་མི་རུང་བའི་སྡུག་གྱོང་དང་མི་འདོད་པ་དག་ཐད་ནས་བླངས་ཏེ་ཐོད་ལ་བྱུག་པ་ཡིན་པས། མཇུག་འབྲས་ཡང་སོ་སོ་རང་ཉིད་ནས་ཁུར་དགོས་པ་ཞིག་རེད་དོ། གང་ལྟར་གནད་འགག་དང་ཉེན་ཁ་ཆེ་དུས་སེམས་གནད་དུ་གནས་རྒྱུ་དང་རང་ཚུགས་མི་ཤོར་རྒྱུ་འདི་རྩ་དོན་དང་བསམ་བློ་བའི་རྨང་གཞི་འཛིན་ས་རེད།

སྔོན་ཆད་ཡང་འཇིག་རྟེན་གྱི་རྒྱལ་ཕམ་བརྩད་ནས་མི་རིགས་དང་བསྟན་པར་གོད་ཆག་ཉམས་ཉེས་ཆེན་པོ་བྱུང་བ་རེད།ད་ལྟ་ཡང་མི་རིགས་ཀྱི་ཆེད་དུ་རིག་གཞུང་རྩོད་དགོས་པ་དང༌། རིག་གཞུང་གི་ཆེད་དུ་བདེན་དོན་གྱི་གོ་ས་ནོར་མི་རུང་བ་འདི་གཙོ་བོ་རེད། རང་དོན་ཁོ་ན་སྙིང་ལ་བཅིང་བའི་སྲིད་དོན་རྐང་རྐྱང་འཛིན་པའི་ལོག་ལམ་ལ་ཞུགས་མཁན་རྣམས་ཀྱི་བྱ་སྤྱོད་དག་ནི། སྟོན་པའི་བཅོས་པར་གནས་པའི་སེར་མོ་བ་ཞིག་གིས་ལྟ་ཅི། ལས་འབྲས་དང་རྒྱལ་སྤྱིའི་ཁྲིམས་སྲོལ་བརྩི་སྲུང་བྱེད་པའི་འཇིག་རྟེན་པ་ཞིག་གིས་ཀྱང་སྒྲུབ་མི་འོས་པ་ཞིག་རེད་དོ唰

༡༠

ལྟོས་གྲུབ་དང་རྟེན་འབྱུང་ལྟ་བའི་སྒྲོམ་གཞི་ལས་བསླངས་ཤིང༌། རིས་སུ་མ་ཆད་པའི་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་ཁྱབ་པར་མཛད་པ། འཚེ་མེད་ཞི་བདེའི་སྤྱོད་ལམ་འཇིག་རྟེན་ཀུན་ཏུ་ཁྱབ་པའི་ཕན་པ་སྒྲུབ་པ་གསུམ་འཛོམས་ཀྱི་བདག་ཉིད་དུ་གྲུབ་པ་ནི་རང་ཅག་གི་དམ་པ་རྣམས་ཀྱི་འགྲོ་བ་སྐྱོང་བའི་ཐབས་སུ་མཛད་པའི་ཆབ་སྲིད་རེད།

༡༡

རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་གཙོས་འདི་ཕྱིའི་ཆ་རྐྱེན་ཐམས་ཅད་གཞན་ལ་བརྟེན་ནས་འབྱུང་དགོས་པའི་གནས་ལུགས་དེ་ཧ་གོ་ན། རང་རྒྱལ་གཞན་ཕམ་གྱི་བསམ་བློའི་གཞི་རྐང་བཅོལ་ས་ཡེ་ནས་མེད། ཆོས་བདག་དང་སྲིད་བདག་གི་བྱ་བ་གང་ཟག་གཅིག་གིས་གཅིག་གཉེར་ཙམ་ལ་ཆོས་སྲིད་ཟུང་འབྲེལ་གྱི་ཚད་གཞིར་མ་ཁི་སེའི་མཚན་ཉིད་རིག་པའི་འདོད་པ་རེད། ཁུལ་དུ་ཡང་འདི་འདྲའི་བཤད་ཚུལ་འགའ་རེ་ཡོད་དོ།།

༡༢

ཚེ་འདི་དང་རང་དོན་རྐྱང་བར་དམིགས་པའི་འཇིག་རྟེན་བྱ་བ་དང༌། ཕྱི་མ་དང་གཞན་དོན་ལ་དམིགས་པའི་ཆོས་ཀྱི་བྱ་བ་གཉིས་འགལ་བ་ཡིན་པ་སྨོས་མེད་ཡིན་ལ། བྱ་བ་གང་ཞིག་དགེ་བ་དང་མི་དགེ་བར་འགྲོ་མིན་དང༌། བཟང་ངན་གྱི་ཁྱད་པར་འབད་རྩོལ་རང་ལྡོག་ནས་འབྱེད་དཀའ་ལ། འབད་རྩོལ་དང་འབྲེལ་པའི་ཀུན་སློང་ལ་ཕན་སེམས་ཡོད་མེད་ལ་ལྟོས་བས། ཆོས་སྲིད་ཀྱི་བྱ་བ་ཐམས་ཅད་གང་ཟག་གཅིག་གི་བྱ་བའི་སྟེང་ནས་འཇོག་པ་ལ་འགལ་བ་མེད་དོ།།

༡༣

འདོད་ཆུང་ཆོག་ཤེས་ཞེས་པ་དེ་ཡང་འདོད་ཆགས་དང་ཧམ་སེམས། ཆོག་མི་ཤེས་པའི་གཞན་ལ་གནོད་པ་དང་ཚུལ་དང་མི་མཐུན་པ་དག་བཀག་ནས།ཚུལ་མཐུན་གྱི་དཔལ་འབྱོར་དང་འཚོ་གནས་ལ་རྩོལ་སྒྲུབ་བྱེད་དགོས་པ་དང་བསྟུན་ཡོད་པས། དགོས་མེད་ཀྱི་དོགས་པ་དང་དོན་མེད་ཀྱི་སེམས་འཁྲུལ་ལ་གཟབ་པར་འཚལ་ལོ།།

༡༤

༡ འགྲོ་བ་མིའི་འཚོ་གནས་ལོངས་སྤྱོད་དོན་དུ་གཉེར་བའི་ཐད་ལ་ཚོང་ལས་དང་ཞིང་ལས་རྩོལ་བའི་བྱ་བ་དེ་ཡང༌། གཞན་གནོད་གཞི་དང་བཅས་པ་སྤངས་བའི་ཚུལ་ཁྲིམས་ཀྱི་ཟིན་པའི་བྱ་སྤྱོད་དེ་ལས་དང་པོའི་རྒྱུད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཉམས་ལེན་རེད། ༢ ལྷ་མིའི་ལོངས་སྤྱོད་ཕུན་ཚོགས་ཐམས་ཅད་ལ་ཆགས་ཞེན་མེད་པར་ཉེས་དམིགས་སུ་ལྟོས་ནས་རང་དོན་དུ་སྤུ་ཙམ་ཡང་མི་སྒྲུབ་པར། རང་གཞན་ཉིས་ཀ་ཐར་བའི་གོ་འཕང་ཐོབ་ཆེད་དུ་ཆོས་མཐུན་གྱི་ལས་སྣ་ཚོགས་སྒྲུབ་པ་དག་ནི་བློ་འབྲིང་གི་ཆོས་སྲིད་ཟུང་འབྲེལ་གྱི་ཉམས་ལེན་རེད། ༣ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པར་སྐྱེ་འགྲོ་ཐམས་ཅད་ལ་མ་གཅིག་པུའི་བུ་ལ་བརྩེ་བ་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བཀྲི་བའི་སླད་དུ་ཐབས་མཁས་པའི་ཆོས་སྲིད་ཀྱི་མཛད་པ་སྣ་ཚོགས་པར་བསྐྱངས་པ་དེ་སྐྱེས་བུ་ཆེན་པོའི་ཆོས་སྲིད་ཟུང་འབྲེལ་གྱི་ཉམས་ལེན་རེད། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདིའི་བསྐྱང་བྱ་གཙོ་བོ་ནི་འགྲོ་བ་མིའི་རིགས་ཁོ་ནའོ།

༡༥

མི་དགེ་བཅུ་ལས་ལུས་ངག་གི་བདུན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་སར་ཞིབ་བཤེར་བྱེད་ནུས་ལ། ཡིད་ཀྱི་རྣམ་པ་གསུམ་ནི་སྡོམ་པ་གསུམ་གྱི་བསླབ་བྱའི་ཐད་ནས་མ་གཏོགས་ཞིབ་བཤེར་དང་བཀག་སྡོམ་བྱེད་མི་ནུས་སོ། སྲིད་ཁྲིམས་ནི་དོན་རྐྱེན་བྱུང་རྗེས་ཐག་གཅོད་བྱེད་རྒྱུ་དང༌། ཆོས་ཁྲིམས་ནི་ཉེས་པ་སྔོན་འགོག་གཙོ་བོས་རང་གཞན་གཉིས་ཀའི་ཞི་བདེ་དང་གཏན་འཇགས་ཀྱི་ཁོར་ཡུག་རྨད་དུ་བྱུང་བ་ཞིག་གོ།

༡༦

མཇུག་མཐར ། སྐུ་ཞབས་སྒོ་ཤེར་ལགས་ལ་བཤད་སྟངས་མི་ལེགས་པའི་ཚིག་ངན་འགའ་རེ་ཤོར་སོང་པས ། སྙིང་ཐག་པ་ནས་བཟོད་གསོལ་ཞུས་པ་ཡིན།

བསྟོད།4

དཔྱད་མཆན་སྤེལ།