ཞེ་སེམས་ལྷོད་ལ་བབས་པའི་ཁ་བརྡ་ཞིག

དུད་སྒྲེང༌།

གྲོགས་པོ་ཞིག་གི་འཕྲིན་ལན་དུ་སྩལ་བ།

སྙིང་ཉེ་བའི་གྲོགས་པོXX XXལགས། དོ་ནུབ་ཁོ་བོར་ཁྱེད་ཀྱི་ཕྱག་འཕྲིན་ཀློག་པའི་སྐལ་བ་དངོས་སུ་ཐོབ། དེ་དང་མཉམ་དུ་ཉིད་ཀྱིས་དངོས་སུ་སྦྱར་བའི་དུམ་ཚིག་གཅིག་གིས་ཁོ་བོའི་ཡིད་སེམས་རྨང་ནས་སྒུལ། དུམ་ཚིག་དེ་བདག་གི་མིག་ལམ་ལ་ཤར་བ་དང་མཉམ་དུ། འཕྲིན་པ་འདི་སེམས་པའི་ཚབ་ཏུ་མྱུར་མོར་སྤྲིངས་པ་ལགས།

ཉིད་ཀྱི་བརྡ་བྱེད་ལས་དཔོག་པ་ནི་སེམས་པ་ཞིག་གི་ཕར་རྩ་རེད། གཡའ་དྭངས་པའི་ཚིག་གི་སྡེབ་སྦྱོར་ལས་དྲག་ཏུ་འཕྱོ་བའི་ལང་ཚོའི་བསྒྲགས་གཏམ་དེ་ལ་ཁོ་བོ་ཧ་ཅང་དགྱེས། འདི་ནི་མི་རབས་ཤིག་གི་གསོན་ཤུགས་ལས་འཕྱུར་བའི་རེ་འབོད་ཀྱི་རྒྱང་གླུའང་ཡིན་སྲིད་ལ། གངས་རི་ལས་དཀར་བའི་སེམས་པ་ཞིག་གི་མིག་ཆུའང་ཡིན་སྲིད། ད་དུང ··· ···

གལ་ཏེ། འཇིག་རྟེན་ནི་གྲུ་ག་སྐོར་ཞིག་ཏུ་གས་འགྲོ་བའི་དབང་དུ་བྱས་ན། ང་ཚོ་ནི་ཐེ་ཚོམ་མེད་པར་གླིང་སྣེ་གཅིག་ཏུ་ཁེལ་འགྲོ་ལ། གླིང་སྣེ་དེ་ནི་བཙན་གནོན་གྱིས་བཤུ་གཞོགས་བྱེད་ས་ཞིག་ཏུ་ཡིན་དབང་བྱས་ན། ང་ཚོ་ནི་ཐེ་ཚོམ་མེད་པར་བཤུ་གཞོགས་ཆོག་ཅིང་རིགས་མཐུན་པའི་བརྩེ་འདང་གི་སྲས་དང་སྲས་མོ་ཡིན་སྲིད། དེ་ལས་མ་འདས་ཏེ། སྐད་ཆ་མང་བོ་ཞིག་གིས་ཐོས་ལམ་གཟན་པས་བྲག་སྐད་སྒྲོག་འདོད་མི་འདུག སྤྱིར་ན་ཁོ་བོ་ནི་རང་བཞིན་ཉིད་ཀྱི་གྲོགས་པོ་དཀྱུས་མ་ཞིག་ཡིན་ལ། ཕོ་སྟོང་ཚོའི་འགྲོགས་འདྲིས་རུང་བའི་རྐྱ་ཡ་ཞིག་ཀྱང་གཏན་ནས་མིན། ཁོ་བོ་རང་ཉིད་ཀྱིས་འདི་བྱ་ཞེས་པའི་གསལ་བོ་ཞིག་ཀྱང་གསལ་བོ་མེད་མོད། བར་སྐབས་འདི་ལ་མཚོན་ན། རྒྱུན་ལྡན་མ་ཡིན་པའི་འཕར་རྩ་སྔར་ལྟར་ལྡིང་བཞིན་ཡོད། འཇིག་རྟེན་པའི་རིགས་ཞེན་ཞེས་པ་དེ་ནི་ཆོས་ལུགས་པས་བལྟས་ན་འདོད་སྲེད་ཅིག་ལས་མ་འདས་མོད། ཉམས་ཆུང་བའི་རིགས་སྲས་རེ་རེ་དང་རྒྱང་འགྱེད་པའི་སྤུན་ཟླ་ཁ་ཁེར། ད་དུང་བདག་གི་རྩྭ་ཐང་དང་རོང་ཁོག་འགྲིམས་པའི་ཡུལ་མི་ཚོ་བསམ་ཚེ། ནམ་ཡང་ཞེ་སེམས་ལྷོ་ལ་འབབ་པའི་བདེ་བ་མ་སྨིན།

ཆུང་དུས་བདག་གིས་འདི་ལྟར་དྲན་མྱོང༌། རང་ཉིད་ནི་དངོས་གནས་སྐད་གྲགས་ལྡན་པའི་སྙན་ངག་པ་ཞིག་ཏུ་འཚོ་གཞིག་བྱེད་འདོད། ད་ཆ་བསམ་ན་དེ་ནི་མ་གཞི་ནས་ནོར་འཆུགས་ཤིག་རེད། བདག་གིས་རང་ཉིད་ཀྱིས་མི་ཐེག་པ་དང། དམིགས་འདུན་དང་ཡང་མི་མཐུན་པའི་རྩོམ་ལུས་ཤིག་བཙན་སྦྱོར་གཏན་ནས་མི་བྱ། དེ་བཞིན་ལགས། ཁྱེད་རང་གཙོས་གྲོགས་པོ་སྐོར་ཞིག་གི་དཔེ་གཟིགས་གནང་སྟངས་དང་རེ་འདུན་འཆིང་སྟངས་འདི་ལ་ཁོ་བོ་ཅུང་ཟད་འཐད་པ་མི་འདུག རབ་ཡིན་ན་ཁྱོད་རང་ལྟ་བུའི་བློ་རིག་གསལ་ཞིང་ཆ་རྐྱེན་འཛོམས་ལ། དུས་ཀྱི་འཕེལ་འགྲོས་དང་མི་རིགས་ཀྱི་བདེ་སྡུག་མཁྱེན་པའི་བློ་གསལ་དག་གིས། རང་ཉིད་ཀྱི་ཁྱིམ་ཚང་དང་སྒེར་དོན་ཁོ་ན་བསམ་ཚེ་ག་ལ་འགྲིག ང་ཚོས་རང་ཉིད་ཀྱི་ཚེ་སྲོག་ལས་གལ་བའི་དུས་ཚོད་མང་པོ་དོན་ལ་སྦྱར་ཏེ་དམིགས་ཡུལ་གཅིག་པུའི་ཕྱོགས་ལ་འཐབ་རྩོད་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། སྐོར་ཞིག་གིས་རྩོམ་རིག་དང་རང་དོན་འབའ་ཞིག་ལས་གཞན་དག་ལ་རྡོག་རྩེས་གཏོད་པ་འདིར་ཡང་འཐད་པ་ཆེ་ཆེན་མེད། ཁྱོད་རང་འདྲ་བའི་བློ་རིག་གསལ་ཞིང་རེ་བ་ཆེ་བའི་བུ་རྒོད་དག་གིས། ཕ་མས་བཏང་བའི་མ་དངུལ་ལས་དཀོན་པའི་ཆུ་ཚོད་ཀྱི་འདུ་ཤེས་སྤྱད་དེ། ཕྱོགས་ཡོངས་ནས་མི་རིགས་རིག་གནས་གོང་འཕེལ་གཏོང་རྒྱུ་ནི་གལ་ཆེན་ཀུན་གྱི་སྙིང་བོ་རེད། དོན་དམ་ཁྱོད་ཚོས་སློབ་སྦྱོང་བྱེད་སྟངས་འདི་ནི་དཀའ་སྡུག་དང་འཐབ་རྩོད་ཅིག་རེད་ཁོ་བོས་མི་འདོད་དེ། ང་ཚོས་ཐོག་མར་དཀའ་སྡུག་ཅེས་པ་དེའང་གོ་དོན་གཏིང་ཟབ་ཅིང་དམིགས་ཡུལ་ཆེན་པོ་ཞིག་གི་ཆེད་དུ་ཡིན་དགོས། དཔེ་ཆར་དུས་རྒྱུན་བལྟ་གི་ཡོད་མེད་བྱ་བ་དེའང༌། མཐར་དེད་ན་དུས་རྒྱུན་བསམ་གཞིག་ཅི་ལྟརབྱེད་བཞིན་ཡོད་མེད་ཀྱི་གོ་དོན་ཏེ། བསམ་གཞིག་བྱེད་རྒྱུ་དང་བསམ་གཞིག་བྱེད་ཐབས་ནི་གལ་ཆེན་ཞིག་རེད། མི་ལ་བསམ་གཞིག་གི་ནུས་པ་ཅི་ལྟར་མེད་ན་དེ་ལྟར་འཚོ་བའི་མདངས་དང་མི་ཚེའི་རིན་ཐང་མེད་པ་ཞིག་རེད། མཐའ་མཇུག་མི་གཞིའི་སྒལ་ཚིགས་དང་སྙིང་སྟོབས། རིག་གནས་ཀྱི་ཁྱད་ཆོས་སོགས་ཅི་ཡང་འཛིན་ཐབས་མི་འདུག བསམ་གཞིག་ནི་ཆུ་ཚོད་སྐར་ཆ་རེ་ཡང་བྲལ་མི་ནུས་པ་ཞིག་རེད། ང་ཚོས་དུས་ཚོད་སྐར་ཆ་རེར་ཡང་ཧུར་བརྩོན་གྱིས་འཐབ་རྩོད་བྱས་ཏེ་བསམ་གཞིག་བྱེད་རྒྱུ་གལ་ཆེན་ཞིག་རེད་ལ། བསམ་གཞིག་གི་རྒྱུ་ལ་དཔེ་ཆ་བལྟ་བ་དང་རྟོག་ཞིབ་བྱེད་པ། ཚོད་ལྟ་དང་དོགས་སློང། རྩོད་པ་དང་དགག་སྒྲུབ་སོགས་རིག་གནས་བྱ་འགུལ་མང་པོ་སྤེལ་ན་ཇི་འདྲ་རེད།

དེང་གི་དུས་རབས་ནི་བརྡ་འཕྲིན་གསར་བའི་དུས་སྐབས་ཤིག་ཡིན་ཟེར། ཚན་རིག་ལག་རྩལ་ཆེས་ཆེར་དར་ཞིང་འཕེལ་རྒྱས་འགྲོ་བའི་དུས་རབས་ཤིག་ཀྱང་ཡིན་ཟེར། དཔེ་ཁང་གཡས་གཡོན་ནས་གཞན་ལ་མི་ཐོན་ཞིང་དུས་རབས་དང་བརྡ་འཕྲིན་གྱི་བྱང་ཆ་ཅི་ཡང་མེད་པའི་ཕྲན་ཆུང་བདག་འདྲར་མཚོན་ན། སྐད་ཆ་མང་པོ་ཞིག་དངོས་གནས་ཅི་ལྟར་བཤད་པ་མི་ཤེས་མོད། འཛམ་གླིང་གཅིག་གྱུར་གྱི་རིག་གནས་ཁ་ཕྱོགས་ཤིག་ཆགས་རྗེས། འཛམ་གླིང་གི་མཁས་པ་མང་པོས་དེ་ལ་བརྩོན་ལེན་དང་རྒྱབ་སྐྱོར་བྱེད་པའི་དུས་སྐབས་འདིར། མི་རིགས་ཆུང་ཆུང་ཞིག་གིས་གཞན་དང་ཐུན་མོང་མ་ཡིན་པར་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཤིག་རྒྱུན་འཛིན་དང་དར་སྤེལ། གསར་གཏོད་བྱས་ཏེ་རང་ཚུགས་ཀྱི་རྒྱུན་བསྲིངས་རྒྱུའི་བཟོས་ན། ཀུན་གྱིས་རྒྱབ་སྐྱོར་ཕར་ཟད་མཐའ་ན་དགོད་བྲོ་འོང་ཞེས་ཀྱང་འཕྱ་དམོད་གཏོང་སྲིད་མོད། ཁོ་བོས་རྟག་པར་འདི་ལྟར་འདོད་དེ། མི་གཞི་དང་དོགས་སློང་གི་ནུས་པ་ཆེས་ཆེར་ལྡན་ཚེ་མཇུག་འབྲས་ནི་སིལ་ཏོག་བཞིན་ཏུ་སྨིན་ངེས་རེད།

ང་ཚོས་དུས་རྒྱུན་མི་རིགས་གླེང་བཞིན་པ་འདིའི་སྙིང་བོའང་མཐར་དེད་ན་རིགས་རྒྱུད་མ་འགྱུར་བའི་སྒོ་ནས། གཞན་དང་ཐུན་མོང་མ་ཡིན་ཞིང་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཤིག་དར་སྤེལ་གཏོང་རྒྱུའི་དོན་མིན་ན་སྙིང་བོ་མི་འདུག་བསམ། དེའི་ཕྱིར་ཁོ་བོ་ནི་བསྟོད་སྨད་གང་གི་ལུས་ལ་ཐུགས་ཀྱང་འཐད་ཕྱོགས་འདིར་བརྩོན་སེམས་ཤུགས་དྲག་ལྡན། ཡང་གཅིག་བཤད་ན། དུས་སྐབས་འདི་འདྲ་ཞིག་གི་ནང་དུ་རིག་གནས་ཤིག་འཛིན་རྒྱུ་དེ་ང་ཚོ་ཐུན་མོང་གི་འགན་འཁྲི་ཞིག་ཡིན་པ་མ་ཟད། འུ་ཅག་གི་མི་རབས་འདིའི་ཕྲག་ལ་ལྕིད་ཀྱིས་བབ་པར་སྙམ། དེ་ཙམ་མ་ཟད་དེང་སང་རིག་གནས་ཤིག་རྒྱུན་འཛིན་དང་དར་སྤེལ་གཏོང་བར། ངེས་པར་ཏུ་ཚན་རིག་ཅེས་པར་གོ་དོན་ཟབ་མོ་བླངས་ཐོག་དེ་དང་ཟུང་འབྲེལ་བྱེད་དགོས་ལ། མིའི་རིགས་ཀྱི་ཁེ་ཕན་མཚོན་པའི་མི་རིགས་རིག་གནས་ཤིག་ཀྱང་ཡིན་དགོས། དེ་ནི་ཧ་ཅང་སྒྲུབ་དཀའ་བའི་དོན་བྱ་ཞིག་ཡིན་སྟབས། ང་ཚོས་འཐབ་རྩོད་དེ་གཅིག་གྱུར་ཡིན་མིན་དང་གཅིག་ལ་ཁེལ་བཞིན་འདུག་གམ་ཧ་ཅང་བརྟག་བྱ་གལ་ཆེན་ཞིག་རེད། མ་ཟད་ཁྱོད་ཀྱིས་བཤད་པ་ནང་བཞིན་ང་ཚོ་མི་རེ་རེ་ལ་མི་རིགས་དང་འབྲེལ་བའི་ཕུག་བསམ་ཆེན་པོ་ཡོད་ཀྱང་སྲིད། ཡིན་ནའང༌། ཕུག་བསམ་དེ་ཅིའི་ཕྱིར་མངོན་དུ་མ་གྱུར་བ་རེད་ཅེ་ན། བདག་གིས་འདི་ལྟར་འདོད། ཕུག་བསམ་ནི་ལག་ལེན་གྱིས་མངོན་གྱུར་བྱེད་དགོས་ལ། ལག་ལེན་ནི་ཚང་མས་མཉམ་མཐུན་ངང་ཁ་ལག་གཉིས་ཀྱིས་སྒྲུབ་དགོས། མཉམ་མཐུན་ནི་སྟོབས་ཤུགས་ཀྱི་སྔོན་འགྲོ་ཡིན་པས། ང་ཚོས་ཞན་ཆ་ནི་ལག་ལེན་ཡིན་པར་འདོད།

སྤྱིར་བཏང་སློབ་གྲྭ་ཆེན་མོ་བ་ཞིག་ཡིན་ན། ངེས་པར་ཏུ་འདི་དག་ཕྲག་གིས་བཞེས་དགོས་ལ། ཀུན་གྱིས་བཞེས་པ་ཞིག་ཀྱང་མིན་པས་ཁྱོད་རང་ལྟ་བུར་བདག་གིས་རེ་འབོད་འདི་ལྟར་གཏོང༌། འདི་ཕུད་དེ་མི་རིགས་གླེང་བཞིན་པ་དེ་ཚོས་ཅི་ཞིག་ལབ་བཞིན་ཡོད་པའང་བདག་གིས་མི་ཤེས་ལ། བདག་ལ་མ་འདྲི་ལགས། །

ཞེས་ཟླXཚེསXལ་ཕུལ།

བསྟོད།7

དཔྱད་མཆན་སྤེལ།