མི་རབས་གསར་པ་དང་སྤྱི་ཚོགས་ཀྱི་གནས་བབ་ལས་ཤེས་དགོས་པའི་གནད་དོན་འགའ།

རྩེ་སྐར།

༡ མི་རབས་གསར་པས་ཤེས་ཡོན་རོལ་མྱོང་གི་གནད་དོན།

ང་རང་ནི་ཤེས་ཡོན་པ་ཟེར་བའི་གྲས་སུ་ཚུད་མེད་ལ། ང་ལ་མཚོན་ཤེས་ཡོན་པ་ཞིག་བྱེད་རྒྱུ་ཧ་ཅང་གི་ཁག་པོ་ཞིག་ཏུ་བརྩི་བཞིན་ཡོད། ཤེས་ཡོན་པ་ཞིག་ཡིན་ན་དེའི་བསམ་བློ་དང༌། ཀུན་སྤྱོད། རང་གཤིས། བློ་སྟོབས། ལྷག་བསམ་བཅས་ཀྱི་ཐད་ནས་གཞན་ལས་ཁྱད་དུ་འཕགས་པ་ཞིག་དགོས་པའི་ལྟ་སྟངས་འཛིན་གྱིན་ཡོད་ལ། ལྟ་སྟངས་འདི་འཛིན་པའི་བསམ་བློ་ནི་ང་ལ་ད་ལྟའི་འུ་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་པའི་མིང་འཁྱེར་ནས་མ་ཡིན་ཡིན་མདོག་བྱེད་མཁན་གྱི་ཤེས་ཡོན་པ་རྐྱལ་སྟོང་ཚོའི་བསམ་བློ་ངན་པ་དང༌། ཀུན་སྤྱོད་བཙོག་པ། རིག་སྟོབས་ཞན་པ་སོགས་ཀྱིས་ང་རང་སློབ་སྦྱོང་གི་ལམ་སྣེར་འཇུས་པའི་ཉིན་མོ་ནས་སྐྱེ་རུ་བཅུག་སོང༌།

གནས་སྟངས་འདི་ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་ནང་དུ་ཤེས་ཡོན་སློབ་གཉེར་བྱེད་པའི་ང་ཚོ་མི་རབས་གསར་པ་ཚོར་མངོན་གྱིན་ཡོད་པའི་རྒྱུད་གཤིས་ཡན་གར་བ་ཤིག་རེད། དྲང་མོར་བཤད་ན་དུས་རབས་ཉེར་གཅིག་པ་འདི་ཤེས་རིག་དང་ཚན་རྩལ་རིག་གནས་སོགས་ཐོལ་བརྒལ་གྱི་དུས་རབས་ཤིག་རེད་ལ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱང་ཚད་ཐུབ་ཀྱིས་གོང་འཕེལ་ཡར་རྒྱས་སུ་འགྲོ་དང་འགྲོ་བཞིན་པའི་དུས་རབས་ཤིག་ཏུ་སླེབས་ཏེ། གནའ་རབས་སྤྱི་ཚོགས་དང་བསྡུར་ན་དེང་མིའི་རིགས་འཚོ་གནས་དང༌། བདེ་འཇགས་སོགས་ཀྱི་སླད་དོན་ངལ་རྩོལ་འཚོ་བའི་ལས་གཞི་དང༌། ཤེས་ཡོན་ལེན་པའི་སློབ་གཉེར་སོགས་རྩོལ་སྒྲུབ་ལས་རིགས་གང་ལ་གང་མཁོའི་ཆ་རྐྱེན་གྱིས་ནི་ལག་མི་ཐོགས་པའི་ཚུལ་དུ་ཡོད། ཡིན་ནའང༌། ད་ལྟའི་མདུན་མཆོང་གི་དུས་རབས་སམ་སྤྱི་ཚོགས་གསར་པ་འདི་ལྟ་བུའི་གནས་བབ་ལ་དཔག་ནས་ང་ཚོ་བོད་མི་རིགས་ཀྱི་སྤྱི་ཚོགས་ནང་མི་རབས་གསར་པའི་གྲས་ཀྱིས་ཤེས་ཡོན་ལ་རོལ་མྱོང་བྱེད་སྟངས་དང༌། ཤེས་ཡོན་པའི་ཚད་གཞི་འཛིན་སྟངས། ཤེས་ཡོན་ཀྱི་ཟབ་ཁྱད་འཇལ་སྟངས། ཤེས་ཡོན་གྱི་རིན་ཐང་འཚོལ་ཞིབ་བྱེད་སྟངས་བཅས་ཀྱི་ཐད་ནས་གནའ་རབས་དང་བསྡུར་ན་སྐྱ་ཆད་སྔོ་སྡུག་གི་ཚད་དུ་ཡོད་པ་འདི་ནི་ད་ལྟའི་མགོ་ཐོག་གི་དུས་རབས་གསར་པའི་སྤྱི་ཚོགས་ཀྱིས་ང་ཚོའི་མི་རབས་འདིར་ཕྱིན་པའི་ཆམ་རམས་ལྟ་བུའི་ནད་ཡམས་ཤིག་རེད་ལ། ནད་ཡམས་འདི་ཇི་ལྟར་བྱུང་བའི་ཚུལ་ནི། ཚ་ཚ་འུར་འུར་གྱིས་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བ་དང་བསྟུན་མིའི་རིགས་ཀྱི་བློ་སྒོའང་དེར་བརྟེན་གྱིས་ཡར་ཐོན་ཅན་དུ་གྱུར་ཡོད་ནའང༌། དོན་དངོས་མིའི་རིགས་ཀྱི་བསམ་བློའི་འཁོར་བསྐྱོད་དང་གཡོ་འགུལ་བྱེད་ཕྱོགས་ཀྱིས་སྤྱི་ཚོགས་འཁོར་འགྲོས་ཀྱི་རྗེས་མ་ཟིན་པར། ཕར་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས་རང་ཉིད་ཀྱི་ཀུན་གཤིས་དང༌། བསམ་བློ། སྤྱོད་ཟོལ། བྱེད་སྒོ། ནུས་པ་སོགས་ལ་བབ་ཚུགས་ཀྱིས་བལྟ་མ་ཐུབ་པར། ལོ་ཤས་ཙམ་གྱི་དུས་ཡུན་ཐུང་ཐུང་ཞིག་གི་སྦྱངས་གཉེར་ཤེས་ཡོན་གྱི་དྲི་ཙམ་འགོས་པའི་ཚད་གཞིས་བློ་ཡིད་ཁེངས་ནས། ངའོ་སྙམ་པའི་ཁ་ཕོ་ཆེར་སྒྲོགས་ཀྱི་ཀུན་གཤིས་ངན་པ་དེ་ཁྱབ་བརྒྱུད་དུ་གྱུར་ནས། ང་ཚོའི་ཁོར་ཡུག་ཆུང་ཆུང་འདིར་རང་གིས་རང་ཤེས་ཡོན་པ་ཡིན་པར་རློམ་པ་དང་གཞན་ལའང་དེ་མཚུངས་ཀྱི་བློ་ཡིད་ཚིམ་ཆོག་ཆོག་གི་གཤིས་ཉེས་ཀྱིས་ཤེས་ཡོན་པ་རེད་ཅེས་ཟེར་སྒྲོས་ཀྱི་ཆོ་ལོ་ཕུལ་བའི་རྐྱེན་པས། ཆུ་བོ་ཆུང་ཆུང་ལ་འུར་སྒྲ་ཆེ་ཞེས་པའི་ལེགས་བཤད་འདིས་བསྟན་དོན་ཇི་བཞིན། ད་ཆ་མང་པོ་ཞིག་གིས་གང་སར་མཁས་ཉམས་ཀྱིས་སྐད་ཆ་སྦོམ་པོ་རེ་འུར་སྒྲོགས་བྱས་ཏེ་ཡུན་ཐུང་གི་མི་ཚེ་མཐའ་ཟད་ལ་སྐྱེལ་ནས་འདུག་པ་ལས། དངོས་གནས་ཡོན་ཏན་གྱི་གཞི་རྐང་ཚུགས་པའི་ཚད་ཐུབ་ཀྱི་ཤེས་ཡོན་པ་ཞིག་ནི་ང་ཚོའི་སྤྱི་ཚོགས་ཀྱི་མི་རབས་གསར་པའི་ནང་མངོན་ཐུབ་ཀྱི་མེད་ནི་འུ་ཚོས་ངེས་པར་དུ་ཤེས་དགོས་གནད་ཅིག་རེད།

གནའ་བོའི་སྐབས་ཡིན་ན་བོད་འདི་རྗེས་ལུས་ཀྱི་མི་རིགས་ཤིག་སྟེ། ཀུན་གྱིས་ཀླ་ཀློའི་མི་རིགས་ཤིག་ཡིན་པར་ངོས་བཟུང་སྟེ་དམའ་འབེབས་དང་མཐོང་ཆུང་བྱས་མྱོང་ཡོད་མོད། འོན་ཀྱང་མི་རིགས་འདིའི་གཤིས་རྒྱུད་ལ་ཁོར་ཡུག་དང་བསྟུན་པའི་རྟག་བརྟན་གྱི་བློ་སྤོབས་དང༌། འགྱུར་མེད་ཀྱི་རང་རྟོན་ཞིག་ཡོད་སྟབས་བོད་བཙན་པོའི་དབུ་འཕངས་དགུང་ལ་བཏེགས་ཤིང་འཛམ་གླིང་སུམ་ཉིས་ས་ལ་དབང་བསྒྱུར་བྱས་ཏེ་ཐུ་བྷོད་པ་ཞེས་མཚན་སྙན་གླིང་ལ་གྲགས་མྱོང་ཡོད་ལ། མ་ཟད་གནའ་བོའི་སྐབས་དེར་ད་ལྟ་དང་མི་མཚུངས་པར་ཁོར་ཡུག་དང་འཚོ་བའི་མཁོ་ཆས་སོགས་ཀྱི་མཐུན་རྐྱེན་ཤིན་ཏུ་ནས་ཞན་ནའང༌། ཤེས་ཡོན་སློབ་སྦྱོང་བྱེད་རྒྱུ་ནི་རང་གི་སྲོག་ལས་གཅེས་པར་བཟུང་སྟེ་ཟླ་མཐུད་ལོ་མཐུད་ཀྱིས་ཕྱོགས་གང་སའི་ཤེས་ཡོན་སློབ་སའི་བསྟི་གནས་ཁག་ཏུ་དཀའ་སྤྱད་སྡུག་རུས་ཀྱིས་འགྲིམས་ཤིང༌། འཚོ་བའི་གསེར་དངུལ་གང་ཡོད་སྲང་ལ་འཇལ་ཏེ་སློབ་པའི་ཡོན་དུ་ཕུལ་ནས་ལྟོ་གོས་འཚོ་བ་ངན་ངོན་ལ་བསྟེན་ནས་ཤེས་ཡོན་སློབ་གཉེར་ལོ་ནས་ལོར་མཐུད་ཀྱིས་གནང་བའི་འབྲས་བུར། གནའ་བོའི་ལོ་པཎ་མཁས་གྲུབ་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་རྣམས་བྱུང་སྟེ། ད་ལྟ་འུ་ཚོས་མིག་ཅེར་ལག་སྲིངས་ཀྱིས་སྐྱབས་རེ་ནས་ཡོད་པའི་ཁོང་ཚོའི་བརྩམས་གྲུབ་གླེགས་བམ་རི་རབ་འདྲ་བ་འདི་དག་འུ་ཚོའི་བགོ་སྐལ་དུ་ཐོབ་ནས། ད་ལྟ་འུ་ཚོས་ང་ཚོའི་བོད་ནི་རིན་ཐང་ལྡན་པའི་རིག་གཞུང་གི་གཏེར་མཛོད་ཡིན་ཞེས་གཞན་ལ་ངོམ་སོ་བྱེད་ཀྱིན་པའི་ཚུལ་འདི་བྱུང་བ་རེད་མ་གཏོགས། ད་ལྟའི་ཚུལ་འདི་བཞིན་གང་དགོས་ཅི་འདོད་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་དགའ་སྐྱིད་ཁྲོད། ལྟག་ཆུ་ཆད་པའི་རྫིང་བུ་བཞིན་ཆ་མ་ཆད་དང་ཡ་མ་གཡེང་གིས་སློབ་གཉེར་ལ་རོལ་ཁུལ་གྱིས་མི་ཚེ་བསྐྱལ་བའི་འབྲས་བུ་ལས་བྱུང་བ་ཞིག་མ་རེད།

ད་ལྟ་འུ་ཚོའི་མི་རབས་འདིས་ནི་མུ་མཐུད་འདི་ལྟར་ཤེས་བྱ་ཡོན་ཏན་ཉི་ཚེ་བ་ཙམ་ཞིག་ལ་འཇུས་ནས་མ་ཡིན་ཡིན་མདོག་གིས་ཆོས་ལུགས་ཀྱིས་མཚོན་སྲོལ་རྒྱུན་རིག་གནས་ཕལ་ཆེར་ལ། དཔྱད་སྟོབས་དང་ཚད་ཐུབ་ཀྱིས་བལྟ་མ་ནུས་པར་སྣང་བ་གང་དྲན་གྱིས་རྒྱབ་འགལ་འགོག་རྒོལ་གྱི་ཁ་ཕོ་ཆེ་རུ་སྒྲོགས་ནས་བསྐྱོད་ན། འུ་ཚོའི་བུ་རབས་ཚ་རྒྱུད་སྟེ་མ་འོངས་པའི་མི་རབས་གཞུག་མ་རྣམས་ལ་འུ་ཚོའི་མི་རབས་འདིས་ལག་རྗེས་ཡིན་པའི་རིག་གཞུང་གསར་པ་ཞིག་སྟོན་དུ་ཡོད་པ་ཕར་ཞོག སྔོན་བྱུང་གི་མེས་པོ་དམ་པ་ཚོས་ཤུལ་བཞག་གི་ད་ཡོད་རིག་གཞུང་འདི་དག་ཀྱང་འུ་ཚོའི་རིང་འདིར་མེ་རུ་བསྲེག་སྟེ་ཐལ་རྡུལ་དང་བསྲེས་ནས། མི་རབས་གཞུག་མ་ཚོར་སྤུས་གཙང་ཅིག་རྩིས་འབུལ་བྱ་རྒྱུ་མེད་པ་ཐག་གིས་ཆོད། སྐབས་དེ་དུས་བོད་མི་རིགས་ས་མཐོའི་རི་ལུང་འདི་ནས་བྱ་སྤུ་རླུང་གི་འཁུར་བ་བཞིན་ཡལ་འགྲོ་བའི་འཇིག་ཉེན་དེ་ཡང་འུ་ཚོའི་མི་རབས་འདིའི་ནག་ཉེས་སུ་རྩིས་ཆོག དེར་བརྟེན་འུ་ཚོའི་མི་རབས་འདིས་ཤེས་བྱ་ཡོན་ཏན་ཉི་ཚེ་བ་ཙམ་ཞིག་གིས་བློ་ཡིད་ཚིམ་ཏེ་སྟོང་སེམས་ཀྱིས་ངའོ་སྙམ་པའི་ང་རྒྱལ་གྱི་མགོ་འཕང་མཐོ་རུ་བཏེགས་ནས། གནས་བཟོ་བདེ་བོའི་ངང་འཚོ་བའི་དགའ་སྐྱིད་ཀྱི་ཉལ་ཐས་བཟི་ནས་སེམས་ལ་ཅི་དྲན་དང་ངག་ལ་གང་ཡོང་བབ་ཅོལ་གྱི་གཏམ་དུ་གླེང་སྟེ་མི་ཚེ་མཐའ་ལ་བསྐྱལ་ནས་འདུག་རྒྱུ་མ་ཡིན་པར། རང་རང་གི་ས་ནས་མགོ་བོ་བཀྱག་སྟེ་རང་སྟེང་གི་བྱས་ཉེས་རང་བློ་ཡིས་ངོས་ཟིན་པར་བྱས་ཏེ། གང་ཅི་ཐད་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཤེས་ཡོན་ལ་རྩོལ་སྒྲུབ་རོལ་མྱོང་ཡ་མ་བྲལ་བ་ཡིད་མ་ཆད་པའི་སྒོ་ནས་རྐང་ཚུགས་ཤིང་མཐའ་འཁྱོལ་པ་བྱས་ཏེ་རང་ནུས་རྩྭ་རྩེའི་ཆུ་ཟིལ་ཙམ་ཞིག་ལས་མེད་ནའང་། ཁ་ཞེ་གཉིས་མེད་དང་བློ་སེམས་དག་པས་རང་གི་མི་རིགས་དང་རིག་གཞུང་སྲུང་སྐྱོབ་ཀྱི་སླད་དོན་ཕུལ་ཐུབ་པ་བྱ་དགོས་སོ།།

༢ མི་རབས་གསར་པས་ཤེས་ཡོན་པའི་ཚད་གཞི་འཛིན་སྟངས་ཀྱི་གནད་དོན།

ཤེས་ཡོན་པ་ཞིག་ཡིན་ན་དེ་ལ་སྤྱི་ཚོགས་ལ་དཔག་པའི་ཚད་ཐུབ་ཀྱི་ཤེས་བྱ་ཡོན་ཏན་གཏིང་ཟབ་པོ་ཞིག་དང་རང་གྲུབ་ཀྱི་བསམ་བློའི་གོ་རྟོགས་ཀྱང་ཚད་གཞི་མཐོ་བོ་ཞིག་དགོས་ངེས་ཡིན། སྤྱིར་ཤེས་ཡོན་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དགོས་གལ་རང་བཞིན་གྱི་གོ་གནས་ངེས་ཅན་ཞིག་བཟུང་ཡོད་སྟབས། མི་ཚང་མས་ཤེས་ཡོན་པ་ལ་བརྩི་བཀུར་དང་གདེང་འཇོག་བྱེད་ངེས་ཡིན་ལ། མི་ཚང་མའི་སེམས་སུ་ཤེས་ཡོན་པའི་ལམ་དུ་བསྐྱོད་པར་རེ་བ་དང་མོས་འདུན་ཆེན་པོ་བཅངས་ཡོད། དེ་ནི་ཤེས་ཡོན་པ་ཞིག་ཏུ་གྱུར་ཕྱིན་མི་དེ་ལ་གཞན་དང་མི་མཚུངས་པར་མིའི་རིགས་ལ་རང་ནུས་ཀྱི་འཇོན་ཐང་སྦྱིན་ཐུབ་པའི་རིག་སྟོབས་ཀྱི་ཁྱད་ཡོན་མངའ་བས་ཡིན། ཤེས་ཡོན་པའི་རིག་སྟོབས་ཁྱད་ཡོན་དེ་ནི་མི་རྣམས་སྐྱེས་མ་ཐག་ནས་ལྷན་སྐྱེས་སུ་ཡོད་པ་ཞིག་མིན་པར། མིའི་རྩོལ་སྒྲུབ་ཀྱི་སྙིང་སྟོབས་དང་འབད་འབུངས་ལ་བརྟེན་ནས་ཕྱིས་སུ་བྱུང་བ་ཞིག་ཡིན་སྟབས་དེ་ནི་མི་སུའང་ཡོད་ཆོག་ཆོག་ཡིན།

ཡིན་ནའང་ད་ལྟའི་དུས་རབས་འདིར་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས་ཤེས་ཡོན་པ་དང་ཤེས་རྨོངས་པའི་བར་ཁྱད་ནི་ངེས་པར་དུ་འབྱེད་དགོས་པའི་གནད་འགགས་ཤིག་ཆགས་ཡོད། ང་ཚོའི་བོད་མི་རིགས་ལ་མཚོན་ན་ཤེས་ཡོན་པའི་ལམ་དུ་བསྐྱོད་པའི་གནས་ནི་སློབ་གྲྭ་ཁག་དང་ཡང་ན་དགོན་སྡེ་ཁག་ཡིན་པས། སློབ་གྲྭ་དང་དགོན་པ་གཉིས་ནི་ཤེས་ཡོན་པ་གསོ་སྐྱོང་དང་བསྐྱེད་བསྲིངས་བྱེད་སའི་བསྟི་གནས་གལ་ཆེན་གཉིས་ཆགས་ཡོད། ཡིན་ནའང་སློབ་གྲྭ་དང་དགོན་པར་འགྲིམ་པ་ཙམ་གྱིས་མཐའ་གཅིག་ཏུ་ཤེས་ཡོན་པ་ཞིག་ཆགས་ཐུབ་པའི་ངེས་པ་གཏན་ནས་མེད། དེ་ནི་མི་སྒེར་རང་ཉིད་ལ་བདོག་པའི་བསམ་བློ་དང༌། ཀུན་གཤིས། རིག་སྟོབས་བཅས་ལ་རག་ལས་ནས་ཡོད། དོན་དངོས་སུ་བཤད་ན་ད་ལྟའི་སྐབས་འདིར་ཤེས་ཡོན་གྱི་ཚད་གཞི་ལོངས་མེད་པར་ཤེས་ཡོན་པའི་ཁ་ཕོ་སྒྲོགས་མཁན་ནི་མང་བའི་ཚད་དུ་འདུག དེའི་ཕྱིར་འུ་ཚོས་ཕ་རོལ་པོ་ཤེས་ཡོན་པ་ཡིན་པའི་ཚད་གཞི་ལ་གཏིང་ཚུགས་ཀྱིས་བལྟ་ཐུབ་དགོས་པ་མ་ཟད། ཚུར་རོལ་རང་ཉིད་ཀྱང་ཚད་ཐུབ་ཀྱི་ཤེས་ཡོན་པ་ཞིག་ཡིན་མིན་མགོ་རྟིང་མེད་པར་བལྟ་ཐུབ་དགོས། ངས་བལྟས་ན་ད་ལྟའི་ཤེས་ཡོན་པ་ཡིན་ཟེར་ནས་སྲོལ་རྒྱུན་རིག་གནས་ལ་དགག་རྒོལ་གྱིས་ཁ་ཕོ་སྒྲོགས་མཁན་ཚོ་ནི་སློབ་གྲྭ་ཆེན་མོ་ནས་ཐོན་པའི་གཞོན་སྐྱེས་སྙན་ངག་འབྲི་མཁན་རེ་ཟུང་དང༌། དགོན་པ་ནས་གཞུང་ཆེན་མོ་གོ་མ་ཐུབ་མཐའ་མ་འཁྱལ་བར་ཕྱི་རུ་བུད་ནས་རིག་གནས་ཙམ་པོ་ལ་ཕྱོགས་པའི་གྲྭ་བ་རེ་འགའ་དང་གྲྭ་ལོག་འགའ་ཞིག་ཡིན་པར་སེམས། ཁོ་ཚོ་ནི་ཤེས་ཡོན་པ་རེད་ཟེར་ནས་འུད་བསྟོད་བྱེད་མཁན་ཚོ་ནི་སློབ་གཉེར་གྱི་བྱ་བར་རོལ་བཞིན་པའི་གཞོན་སྐྱེས་བརྡ་སྤྲོད་དག་ཡིག་སོགས་ཀྱི་འགྲོ་སྟངས་ཙམ་ཡང་མ་ཤེས་གོང་ནས་སྙན་ངག་འབྲི་བ་ལ་ཕྱོགས་པ་འགའ་ཞིག་ཡིན་འདུག གནས་སྟངས་འདིར་མི་རང་ཉིད་ཀྱི་ངོས་ནས་ཞིབ་ཏུ་བསམ་བློ་གཏིང་ཟབ་པོ་ཞིག་གཏོང་ཤེས་བྱ་ཐུབ་དགོས། དཔེར་ན། རང་ཉིད་ཀྱིས་སློབ་གཉེར་བྱས་པའི་དུས་ཀྱི་ཡུན་ཚད་དང༌། དེར་བསྟུན་རང་ཉིད་ཀྱིས་སློབ་གཉེར་ལ་བསྐྲུན་པ་ཇི་ལྟར་བསྐྱེད་ཚུལ། དེ་ལ་དཔག་ནས་ད་ལྟ་རང་ཉིད་ཀྱི་རྒྱུད་ལ་འབྱོར་བའི་ཤེས་ཡོན་གྱི་རྨང་གཞི། དེ་ལས་བསྐྱེད་པའི་རང་ཉིད་ཀྱི་ཀུན་སློང་དང་བསམ་བློའི་ཕྱུག་ཚད་ཅི་འདྲ་ཡིན་མིན་བཅས་ལ་རང་ཉིད་ཀྱིས་ཚད་མཇལ་དང་རྒྱུས་ལོན་ཚགས་ཚུད་པོ་བྱ་ཐུབ་དགོས་པ་དང༌། མ་ཟད་ཤེས་བྱ་ཡོན་ཏན་ལ་མཐའ་མེད་པས་ན་རང་ཉིད་ཀྱི་སྲོག་གི་རྒྱུ་བ་མ་འགག་བར་དུ་རང་རྒྱུད་ལ་འབྱོར་བར་མུ་མཐུད་ནས་འབད་པ་མི་ལྷོད་པ་བྱ་དགོས་རྒྱུ་དང༌། ཤེས་བྱ་ཡོན་ཏན་དེ་རང་རྒྱུད་ལ་དབང་འབྱོར་ནའང་སྒེར་གཅོད་ཀྱི་བསམ་བློའི་དབང་དུ་མི་འགྲོ་བར་བོད་སྤྱི་ཚོགས་ལ་ཕན་ཕྱིར་ཇི་ལྟར་བཀོལ་སྤྱོད་བྱ་དགོས་ཚུལ་བཅས་ལ་བབ་ཚུགས་ཀྱིས་བལྟ་ཤེས་བྱ་དགོས་སོ།།

༣ མི་རབས་གསར་པས་སྙན་ངག་པར་ཤེས་ཡོན་པའི་ཚད་གཞི་

འཛིན་སྟངས་ཀྱི་གནད་དོན།

ང་ཚོ་བོད་མི་རིགས་ཀྱི་སྙན་ངག་གྲུབ་རིམ་ནི་མང་པོ་ཞིག་གིས་གདོད་མའི་དུས་རབས་ཏེ། མིའི་རིགས་ཀྱི་སྐྱེ་འཕེལ་ཁྲོད་ཕན་ཚུན་ལ་ལག་པ་དང་རྣམ་འགྱུར་སོགས་ཀྱིས་གོ་བརྡ་སྟོན་རིམ་ལས་ངག་གི་སྐད་བརྡ་སྟོན་ཐུབ་པའི་དུས་རིམ་ངེས་ཅན་ཞིག་བརྒྱུད་འོང་སྟེ། བོད་མི་རིགས་ཀྱི་ངལ་རྩོལ་མང་ཚོགས་ཁྲོད་འཚོ་བའི་དགའ་སྐྱོ་མཚོན་པའི་གླུ་གྱེར་བ་ནི་སྙན་ངག་གི་ཐོག་མ་ཡིན་པར་ཚོད་འཛིན་བྱེད་ཀྱིན་ཡོད། དེ་བས་ན་སྙན་ངག་གི་འབྱུང་སའི་ལྟེ་བའམ་གཞི་རྩ་ནི་ངལ་རྩོལ་མང་ཚོགས་ཡིན་པ་ཤེས་ཐུབ། དེར་བརྟེན་གནའ་བོའི་སྐབས་ཐོག་དེར་སྙན་ངག་ནི་ཤེས་ཡོན་པ་ཁོ་ནའི་སྤྱོད་སྒོ་ཞིག་མ་ཡིན་པར། བླུན་པོ་གནག་རྫི་སོགས་ཀྱི་ངག་སྒོ་ནའང་སྙན་ངག་གི་ཀློང་བརྡོལ་ཡོད་ཅེས་བཤད་ན་དེ་ནི་འུད་ཤོབ་ཅིག་མ་ཡིན་པ་ནི། དེང་ང་ཚོའི་མཐོང་སྣང་དུ་ཡོད་པའི་གླུ་དང༌། མགུར། ལ་གཞས་སོགས་དམངས་ཁྲོད་ཀྱི་རྩོམ་རིག་དེ་དག་གིས་གསལ་འདོན་བྱས་ཡོད་པས་ན་ཁོ་ཚོ་ནི་ངག་ཐོག་གི་སྙན་ངག་པ་རྐྱང་རེད་ཟེར་ཆོག འོ་ན། གནའ་བོའི་དམངས་ཁྲོད་ཀྱི་གླུ་མགུར་སོགས་ཐོལ་བྱུང་དུ་རྩོམ་པར་ཀློང་བརྡོལ་བའི་ངལ་རྩོལ་མང་ཚོགས་དག་ནི་ཤེས་ཡོན་པ་རེད་དམ་ཟེར་ན། དེ་ནི་སྐབས་དོན་གནད་དུ་འཁེལ་བའི་དྲི་གཞི་ཞིག་སྟེ། ངས་ནི་ཁོང་ཚོ་དུས་རབས་དེའི་ངག་ཐོག་གི་སྙན་ངག་པ་ཙམ་ལས་ཤེས་ཡོན་པར་མི་འཇོག དེ་ནི་ཁོ་ཚོས་དུས་རབས་དང་སྤྱི་ཚོགས་ཀྱི་དབང་གིས་མི་གཞི་དང་བསམ་བློ་ཀུན་སྤྱོད་སོགས་འདུལ་གཅུན་གྱི་ཤེས་བྱ་ཡོན་ཏན་སྦྱངས་པའི་གོ་སྐབས་དེ་ཙམ་རེག་མེད་པས་ན་ངག་ཐོག་སྙན་ངག་གི་ཁྱད་ཡོན་ཙམ་གྱིས་ནི་ཤེས་ཡོན་པར་བརྩི་མི་རུང་ཟེར་བ་ཡིན། རྒྱུ་མཚན་འདི་གཞི་ལ་བཞག་ནས། ཤོག་སྨྱུག་བཀོལ་སྤྱོད་ཀྱི་ཡིག་ཐོག་རྩོམ་རིག་གི་བརྒྱུད་རིམ་ལས་དེང་སྐབས་དྲ་ཐོག་རྩོམ་རིག་གི་དུས་རབས་འདིར་ཡང་ང་ཚོ་བོད་མི་རིགས་འདི་སྔར་བཞིན་སྙན་ངག་ལ་དུང་ཁ་ཧ་ཅང་ཟབ་ནའང་སྙན་ངག་ལ་འཕོ་འགྱུར་གྱི་གནས་རིམ་ངེས་ཅན་ཞིག་བྱུང་སྟེ། དེང་སྙན་ངག་ནི་ངལ་རྩོལ་མང་ཚོགས་ཁྲོད་ནས་རྒྱང་བཀྱེད་ཀྱིས་ཡིག་ཐོག་རྩོམ་པ་པོ་ཁོ་ནར་དབང་བའི་སྒྱུ་རྩལ་རྩོམ་རིག་ཅིག་ཏུ་གྱུར་ནས་ཡོད།

དེར་བརྟེན་འུ་ཚོས་འདི་ལས་ཤེས་པར་བྱ་རྒྱུའི་གནད་དོན་ཞིག་ཡོད་པ་ནི། སྙན་ངག་པ་དང་ཤེས་ཡོན་པའི་བར་ཁྱད་དེ་རེད། སྙན་ངག་འབྲི་ཤེས་པ་ཙམ་གྱིས་ནི་ཤེས་ཡོན་པར་འཇོག་མི་རུང་ལ། སྙན་ངག་འབྲི་ཤེས་པ་ཙམ་གྱིས་ཤེས་ཡོན་པ་ཡིན་ཟེར་ནས་ཁེངས་སེམས་ཀྱི་ཁ་ཕོ་ཆེ་རུ་སྒྲོགས་པ་ནི་དེ་བས་ཀྱང་གླེན་རྟགས་ཤིག་རེད། དེང་འུ་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་སློབ་གཉེར་གྱི་བསྟི་གནས་སློབ་གྲྭ་དང་དགོན་སྡེ་བཅས་སུ་རིག་གནས་རྣམ་གྲངས་སྤྱི་ཡོངས་ལས་སྙན་ངག་ལ་ཕྱོགས་པ་ནི་མང་མོས་ཀྱི་ཚུལ་དུ་ཡོད་པ་ནི་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཆགས་ཡོད་མོད། འོན་ཀྱང་སྙན་ངག་འབྲི་བའི་གཞི་རྐང་ཚུགས་ཡོད་པ་ནི་ཆེས་ཉུང་ཉུང་ཞིག་སྟེ་རེ་གཉིས་ཙམ་ལས་མངོན་དུ་མེད་ལ། རེ་གཉིས་པོ་དེ་ཡང་སྙན་ངག་པ་ཚད་ཐུབ་ཅིག་ཏུ་གྱུར་མེད་པ་ནི་ད་ལྟ་འཛམ་བུའི་གླིང་གི་མི་རིགས་གཞན་རྣམས་དང་བསྡུར་ན་འུ་ཚོ་ནི་གོ་ལ་ཟླུམ་པོ་འདིའི་རྩོམ་རིག་གི་གར་སྟེགས་སྟེང་འཛེག་མ་ཐུབ་པར་རང་ས་ན་ཁུ་སིམ་མེར་ལྷག་ནས་ཡོད་པ་འདིས་ར་སྤྲོད་བྱེད་ཐུབ།

ད་ལྟའི་འུ་ཚོའི་མི་རབས་འདིའི་གྲས་ཀྱི་སྙན་ངག་པར་བགྲངས་པ་ཚོ་ནི་རེ་རེ་བཞིན་བརྩི་མི་དགོས་པར་མགོ་ཐོག་གི་སྤྱི་ཚོགས་འདིའི་དབང་དུ་བཏང་ན་ལོ་ན་སུམ་ཅུ་ནས་ལྔ་བཅུའི་བར་མཚམས་དུ་གནས་ཡོད། དེ་ཚོའི་ཁྲོད་ཀྱི་སྙན་ངག་པ་རྒན་གྲས་ཚོ་སྙན་ངག་ལ་འཇུས་ནས་ལོ་ངོ་ཅི་ཙམ་སོང་བ་དེ་ཙམ་ཀྱི་རིང་སྙན་ངག་ལའང་གསར་རྙིང་གི་འགྱུར་བ་ཆེན་པོ་ཞིག་ཐེབས་ཡོད། ཡིན་ནའང་དེ་ནི་བར་དོན་འདིར་གླེང་མི་མཁོ་བའི་གནས་ཚུལ་གཞན་ཞིག་རེད། དེ་བས་འུ་ཚོའི་སྤྱི་ཚོགས་ནང་མང་པོ་ཞིག་གིས་ནི་སྙན་ངག་པ་ཚོ་ད་ལྟའི་ཤེས་ཡོན་པར་བགྲངས་པ་ནི་ཚད་བརྒལ་གྱི་གདེང་འཇོག་བྱེད་སྟངས་ཤིག་རེད་ལ། སྙན་ངག་པ་ཚོས་ཀྱང་ཤེས་ཡོན་པ་ཡིན་པར་རློམ་པ་ནི་སྒེར་སེམས་ཀྱི་རང་ལྟ་ཆེན་པོ་ཞིག་རེད། འུ་ཚོས་ཤེས་ཡོན་པ་ཡིན་པའི་ཚད་གཞི་དེ་ཙམ་གྱིས་བཟུང་ན་ནི་ཤེས་ཡོན་པ་ཟེར་བའི་ཐ་སྙད་ཀྱི་བཏགས་དོན་ཧ་ཅང་གི་རྒྱ་ཆུང་བ་དང་དམའ་དྲགས་པ་ཞིག་རེད་སྙམ། སྤྱིར་ང་ཚོ་བོད་མི་རིགས་ལ་རིག་གནས་རྣམ་གྲངས་མང་པོ་ཞིག་ཡོད་པ་ལས་སྙན་ངག་ནི་རིག་གནས་བྱེ་བྲག་པ་ཞིག་ཡིན་ནའང་། དེ་ནི་རིག་གནས་གཞན་འགའ་ཞིག་དང་བསྡུར་ན་རིན་ཐང་གི་ཆ་ནས་དེ་འདྲའི་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་མ་རེད་སྙམ། འདི་ནི་ཕྱི་རོལ་གྱི་བྱ་དངོས་ལས་བྱུང་བའི་དགའ་སྐྱོའི་སེམས་ཚོར་དང་། འདུ་ཤེས་འཛིན་སྟངས། སྨྲ་བརྗོད་བཅས་དུས་གཅིག་ཏུ་སྐྱ་འཐབ་ནས་གྲུབ་པའི་སྐབས་ཐོག་གི་ངག་རིག་ཅིག་ཡིན་པས། གནད་ཀྱི་དོན་པོར་སྙན་ངག་གིས་འུ་ཚོའི་སྤྱི་ཚོགས་ཀྱི་འཚོ་གནས་ན་དེ་འདྲའི་གོ་གནས་ཆེན་པོ་ཞིག་བཟུང་མེད་པར་སེམས། འདི་ནི་ཁོ་བོས་སྒེར་གཤིས་ཤིག་བཟུང་ནས་རིག་གནས་ལ་ཕྱོགས་ཞེན་གྱི་སྐད་ཆ་བཤད་པ་གཏན་ནས་མིན། ཁོ་བོར་མཚན་ནའང་ཅི་ཡང་མི་འཇོན་གང་ཡང་མི་འཁྱོངས་ནའང་ཚིག་གི་སྡེབ་ཙམ་ཤེས་པ་ནས་སྙན་ངག་འབྲི་བའི་ལས་ལ་སྤྲོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན། ཡིན་ཡང་ཞིབ་ཏུ་བསམ་བློ་བཏང་ན་སྙན་ངག་ཙམ་ཞིག་འབྲི་ཤེས་པའི་གནས་རིམ་ལས་ཤེས་ཡོན་པ་ཆགས་པ་མེད་པ་དང་། སྙན་ངག་ཙམ་ཞིག་འབྲི་ཤེས་པ་ལས་ཕར་བརྒལ་གྱིས་རིག་གནས་གཞན་ལ་གཏིང་ཚུགས་ཀྱིས་བལྟ་ཐུབ་ཀྱི་མེད་པ་ནི་ནོར་ཉེས་ཤིག་རེད་སྙམ་པའི་བསམ་བློ་ཡང་ཡང་འཁོར་གྱིན་ཡོད།

ད་ལྟའི་སྙན་ངག་པ་ཚོས་ནི་རང་རང་ལ་བདོག་པའི་ཚོར་སེམས་ལས་སྙན་ངག་རེ་འབྲི་བར་བརྩོན་ནས་ཉི་མ་བསྐྱལ་བ་ཙམ་ལས། དེ་བས་གཞན་ང་ཚོར་ཡོད་པའི་ཐུན་མོང་རིག་གནས་ཀྱི་རྣམ་གྲངས་གཞན་རྣམས་ཀྱི་ཕྱོགས་ལ་མགོ་རྨོངས་ནས་བླུན་པོ་གནག་རྫི་ལྟ་བུའི་འདུ་ཤེས་བཟུང་ནས་ཡོད་པ་ནི་སྙན་ངག་གི་བཟི་ཁས་བསྐྲུན་པའི་འུ་ཚོའི་ཤེས་རྨོངས་ཀྱི་ཆ་ཞིག་དང་། དེ་ནི་འུ་ཚོས་ཤེས་ཡོན་སློབ་པའི་བརྒྱུད་རིམ་ལས་བློ་རྒྱ་ཡངས་པོས་རིག་གནས་ཀྱི་གཞི་རྩ་དང་རིན་ཐང་ལ་བལྟ་མ་ཐུབ་པར། ཕྱོགས་ཡན་གར་བ་ཞིག་ལ་ཤི་འཐམ་རོ་འཐམ་གྱིས་བལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་བསྐྱེད་མ་ཐུབ་པའི་སྐྱོན་ཉེས་རེད། དེ་བས་ད་ལྟ་གསར་དུ་ཤེས་བྱ་ཡོན་ཏན་སློབ་པའི་ལམ་དུ་བསྐྱོད་མཁན་རྣམས་ཀྱིས་ནི་འདི་ལྟར་སྙན་ངག་ཁོ་ནར་ཡིད་སེམས་ཕྱོགས་ནས་མི་འདུག་པར་ཤེས་བྱའི་རྣམ་གྲངས་གཞན་རྣམས་ལའང་བལྟ་རྒྱ་ཐོས་རྒྱ་བྱེད་ཐུབ་པ་དགོས་ཟེར་བ་དེ་བརྗོད་འདོད་པའི་སྐད་ཆའི་སྙིང་དོན་ཡིན་ལ། ངས་ནི་འདི་ལྟར་གླེང་དོན་སྙན་ངག་ནི་མི་མཁོ་བའི་རིག་གནས་ཞིག་ཏུ་རྩིས་ནས་དེར་འཇུག་སྙན་ངག་པ་ཚོར་དམའ་འབེབས་དང་མཐོང་ཆུང་བྱས་པ་གཏན་ནས་མ་ཡིན་པར། འུ་ཚོས་ངེས་པར་རིག་གཞུང་གི་རྩ་བ་དང་ཡན་ལག་དབྱེ་འབྱེད་གསལ་ཤེས་ཀྱིས་རྩ་བ་དེ་རྨང་གཞིར་བཟུང་ནས་རིག་གནས་ལ་རོལ་ཤེས་བྱས་པ་ཡིན་ན། ད་གཟོད་ཤེས་ཡོན་ཀྱི་གཞི་རྐང་བརྟན་པོ་ཞིག་ཚུགས་ཐུབ་པ་དང་། ཤེས་ཡོན་པ་ཞེས་པའི་ཐ་སྙད་དེ་ཡང་བཏགས་དོན་མཚུངས་པ་ཞིག་ཡིན་པའི་འདུ་ཤེས་བཟུང་ནས་གླེང་བ་ཡིན།

༤མི་རབས་གསར་པས་སྲོལ་རྒྱུན་རིག་གནས་ཀྱི་ཟབ་ཁྱད་དང་

རིན་ཐང་འཚོལ་ཞིབ་ཀྱི་གནད་དོན།

ང་ཚོ་བོད་མི་རིགས་ནི་རིན་ཐང་གཞལ་དུ་མེད་པའི་ཤེས་བྱ་རིག་གནས་ཀྱིས་ཕྱུག་པའི་མི་རིགས་ཤིག་ཡིན་ནའང༌། ད་ལྟ་དུས་རབས་ཉེར་གཅིག་པ་འདིར་ང་ཚོའི་མི་རབས་གསར་པའི་ངོས་ནས་ཤེས་བྱ་རིག་གནས་ཀྱི་ཁྱད་ཡོན་ལ་གདེང་འཇོག་དེ་ཙམ་བྱེད་ཀྱི་མེད་ཁར། ཤེས་ཡོན་ཀྱི་རིན་ཐང་འཚོལ་ཞིབ་བརྩད་དཔྱོད་ཀྱི་བསམ་བློ་དཀྱེལ་ཡངས་པོ་མེད་པར། རང་ཉིད་སྒེར་ཚུགས་ཀྱི་ལྟ་བ་ཞིག་བཙན་གྱིས་བཟུང་ནས་ཡོད་པའི་ཀུན་གཤིས་ཀྱི་སྣང་ངོར་འཆར་བའི་ལོག་རྟོག་གི་སེམས་བྱུང་ཞིག་ཐོལ་བྱུང་དུ་སྐྱེས་ཏེ། སྲོལ་རྒྱུན་རིག་གནས་ཀྱི་ཐད་ལ་དམའ་འབེབས་དགག་སྒྲུབ་ཀྱི་མཚོན་འདེབས་པ་ནི་ད་ལྟའི་མི་རབས་གསར་པའི་ནང་ཉུང་ཉུང་ཞིག་མ་རེད། ཕལ་ཆེར་དེ་ནི་འུ་ཚོའི་མི་རབས་གསར་པའི་གྲས་ཀྱི་སློབ་གྲྭ་ཆེན་མོ་བ་འགའ་རེ་དང༌། ཡང་ན། ལས་ཞུགས་དགེ་རྒན་སོགས་ཀྱི་གྲས། གཞན་གྲྭ་བའི་སྤྱི་ཚོགས་ལས་བུད་པའི་གྲྭ་ལོག་འགའ་རེ་ཡིན་པར་ཆ་འཇོག་བྱས་ན་ཐལ་ཆེ་མེད་པར་སྙམ།

དོན་དངོས་སུ་དེ་དག་གི་གྲས་ལ་ཤེས་ཡོན་ཀྱི་གཞི་རྐང་གཏིང་ཟབ་པོ་ཞིག་ཆགས་ནས་རང་ཉིད་སྒེར་སེམས་ཀྱི་དཔྱོད་ཤེས་རིག་སྟོབས་ཀྱིས་སྲོལ་རྒྱུན་རིག་གནས་རྡོག་རལ་དུ་བཏང་སྟེ། རྣམ་པ་གསར་པའི་རིག་གནས་གཞན་ཞིག་བོད་མི་རིགས་ལ་གསར་བཏོད་དང་ཁྱབ་བརྡལ་གཏོང་ཕོད་པའི་སྐྱེས་སྟོབས་ཀྱི་མཁྱེན་དཔྱོད་ཅིག་ཡོད་པ་རེད་དམ་ཟེར་ན། དེ་ནི་རྩ་བ་ཉིད་ནས་སྟོང་སེམས་ཀྱི་བསམ་བློ་དགོད་བྲོ་པོ་ཞིག་རེད། འུ་ཚོའི་བློ་ཡིད་ལ་འཆར་བའི་རྙིང་དོར་གསར་སྤེལ་གྱི་འདུན་པ་དེ་རིག་གཞུང་གསར་རྙིང་གི་ལེགས་ཉེས་དབྱེ་འབྱེད་མ་ཤེས་པར་འུར་འདྲོགས་ལངས་པ་ཙམ་གྱིས་ནམ་ཡང་འགྲུབ་ཐུབ་མེད་པ་ཞིག་རེད།

ཡིན་ནའང༌། འུ་ཅག་མི་རབས་གསར་པའི་གྲས་ལ་རྙིང་དོར་གསར་སྤེལ་གྱི་བསམ་བློ་གསར་པ་ཞིག་སྐྱེས་ཡོད་པ་དེ་ནི། ད་ལྟའི་དུས་རབས་འདིའི་འཕེལ་འགྲོས་སམ་རྒྱུ་ཕྱོགས་ཀྱིས་འུ་ཚོའི་ཀུན་གཤིས་ལ་བཞག་པའི་བསམ་བློ་ཡར་ཐོན་ཀྱི་ཆ་ཙམ་ཡིན་པས་དེ་ནི་དོན་བཟང་ཞིག་ཏུ་རྩིས་ཆོག འུ་ཚོ་ཡང་ངེས་པར་དུ་སྤྱི་ཚོགས་གསར་པའི་ལམ་དུ་བསྐྱོད་དགོས་ལ། འུ་ཚོས་གསར་བཏོད་ཀྱི་ལམ་དུ་བསྐྱོད་པར་ནམ་ཡང་ཤུགས་སྣོན་རྒྱག་དགོས། ཡིན་ཡང༌། འུ་ཅག་ལ་ཤེས་ཡོན་གྱི་བློ་མིག་ཡངས་པོ་དང་བསམ་སྤྱོད་ལ་ཡར་རྒྱས་ཤུགས་ཆེར་ཕྱིན་མེད་པ་དང༌། ཇི་ལྟར་བྱས་ནས་གསར་བཏོད་ཀྱི་ལམ་དུ་བསྐྱོད་དགོས་མིན་གྱི་ཐད་ནས་དཔྱོད་རྟོག་གི་རིག་སྟོབས་དང༌། ཉམས་མྱོང༌། ལག་ལེན། ཤེས་ཡོན་བཅས་ཀྱིས་མདང་མེད་ནའང༌། འོལ་ཚོད་དང་ཁེངས་སེམས་སྒེར་ཚུགས་ཀྱིས་ནང་བསྟན་ཆོས་ལུགས་ཀྱིས་མཚོན་སྲོལ་རྒྱུན་རིག་གནས་ལ་སྡང་སེམས་ཀྱིས་དམའ་འབེབས་དགག་རྒྱག་བྱེད་པའི་ཀུན་གཤིས་དེ་ནི་ཆེས་ནོར་འཁྲུལ་གྱི་གནད་དོན་ཞིག་རེད།

དེང་གི་སྐབས་ནང་བསྟན་ཆོས་ལུགས་ཀྱི་ཐ་སྙད་འགའ་ཞིག་རྡོ་ཆག་བཙན་སྦྱར་ལྟ་བུར་སྒྲིག་སྦྱོར་བཀོད་ཤེས་ཙམ་ལས་ནང་བསྟན་ཆོས་ལུགས་ཀྱི་གཏིང་ཟབ་སར་འཛུལ་ཏེ་རིན་ཐང་དང་ཁྱད་ཡོན་འཚོལ་ཞིབ་བྱེད་མ་ཐུབ་པར། ནང་བསྟན་ཆོས་ལུགས་དགྲ་རུ་བཟུང་ནས་རྒོལ་སློང་བ་ནི་གཡག་སྣ་ཁུ་ཚུར་གྱིས་ཕུག་འདོད་སྟོང་བསམ་དེའི་ཟླ་རུ་གྱུར་འདུག ནང་བསྟན་ཆོས་ལུགས་ཀྱི་རྩ་བའི་གཞུང་ཆེན་མོ་དེ་དག་ཚར་གཅིག་ཀློག་རྒྱུ་ཕར་ཞོག ཐ་ན་གཞུང་ཚིག་ཤོག་ལྷེ་གཅིག་ཀྱང་སྤུས་དག་གིས་ཀློག་རྒྱུ་བྱུང་མེད་ནའང༌། གཞུང་ལུགས་ལ་ངེས་ཆ་དང་རིག་སྟོབས་ལ་གསལ་ཆ་ཡོད་མདོག་གིས་གཞུང་མིང་ལོག་འདོགས་ཀྱིས་བཀྱལ་ཚིག་སྨྲ་བ་དང༌། དེར་མཚུངས་སྟོན་པ་ཤཱཀྱ་ཐུབ་པ་ནས་བཟུང་ནང་བསྟན་ཆོས་ལུགས་དང་འབྲེལ་བའི་སྐྱེས་བུ་དམ་པ་མང་པོ་ཞིག་ལ་མཚན་སྨོད་དམའ་འབེབས་ཀྱི་ཚིག་རྩུབ་སྨྲ་བ་ནི་ད་ལྟའི་ན་གཞོན་ཤེས་ཡོན་གྱིས་ཁོག་སྟོང་ནས་ཁེངས་དྲེགས་ཀྱིས་མགོ་འཕངས་མཐོ་བ་འགའ་རེ་ཡིན་འདུག དེ་དག་ལ་དངོས་དོན་ནང་བསྟན་ཆོས་ལུགས་ལ་དགག་སྒྲུབ་བྱེད་པའི་མཁྱེན་དཔྱོད་དང༌། རིག་སྟོབས། ཤེས་ཡོན་བཅས་ཁྱད་དུ་འཕགས་པ་ཞིག་ཡོད་པ་རེད་དམ་ཟེར་ན། སྐྱེས་པ་ཉིད་ནས་གཞན་དང་མི་མཚུངས་པར་རིག་པའི་ཀློང་བརྡོལ་བ་ཞིག་ཡིན་ན་མ་གཏོགས། ད་ལྟའི་འུ་ཅག་ཚོ་ཤེས་ཡོན་སྦྱོང་གཉེར་ལ་ཞུགས་པའི་ཚད་གཞིའི་དུས་ཡུན་དང༌། རོལ་མྱོང་བྱེད་སྟངས། མི་རང་སྟེང་གི་རྩོལ་སྒྲུབ་ཀྱི་ནུས་པ། བསམ་བློའི་ཀུན་གཤིས་བཅས་ལ་དཔག་ལ་ནང་བསྟན་ཆོས་ལུགས་ཀྱི་གཞུང་ཆེན་མོ་དག་གི་དོན་ལ་དགག་སྒྲུབ་བྱ་རྒྱུའི་ཤེས་ཡོན་གྱི་གཞི་རྐང་ཟབ་པོ་ཞིག་ཚུགས་ཐུབ་མེད་པ་ནི་སེམས་ཐག་ཆོད་པས་བཤད་ཆོག ངས་ནི་མི་ཤེས་ཤེས་མདོག་གིས་ནང་བསྟན་ཆོས་ལུགས་ལ་དགག་རྒྱག་དམའ་འབེབས་བྱེད་མཁན་གྱི་གྲས་དེར་ནང་བསྟན་ཤེས་ཡོན་གྱི་ཆ་ནས་གྲྭ་སའི་དགེ་བཤེས་ཤིག་ལ་འགྲན་རྒྱུ་ཕར་ཞོག ཐ་ན་གྲྭ་སར་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་བྱེད་པའི་གྲྭ་བཙུན་ཕལ་བ་ཞིག་གི་དོ་ཟླར་ཡང་མི་ཡོང་བ་ནི་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་ཐུབ།

མདོར་བསྡུས་ནས་བཤད་ན། ཤེས་བྱ་ཡོན་ཏན་ཅི་ཡང་མངོན་དུ་མེད་པར་ནང་བསྟན་ཆོས་ལུགས་ཀྱིས་མཚོན་སྲོལ་རྒྱུན་རིག་གནས་རྩ་མེད་དུ་གཏོང་དགོས་ཚུལ་གྱི་འུར་སྒྲོགས་བྱེད་པ་ནི། དུས་རབས་གསར་པའི་འཕེལ་ཤུགས་ཁྲོད་མི་བུ་རང་ཉིད་ལ་འཇགས་ཡོད་པའི་ཤེས་བྱ་ཡོན་ཏན་ཉི་ཚེ་བ་ཙམ་པོ་དེས་ར་བཟི་སྟེ། སྟོང་སེམས་སུ་མངོན་པའི་ཅི་ཡང་མི་འཁྱོངས་གང་ཡང་མི་འཇོན་པའི་ལྟ་བ་རྟུལ་པོ་ཞིག་དང༌། འོལ་ཚོད་ཀྱི་རང་ཚུགས་སུ་མངའ་བའི་སྒེར་གཤིས་ཀྱི་ཀུན་སློང་རབ་རིབ་དེས་དབང་གིས་རེད།

འོ་ན་འུ་ཅག་མུ་མཐུད་དུ་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྩར་འཇུས་ནས་སྲོལ་རྒྱུན་གྱི་འཚོ་བ་བསྐྱལ་དགོས་པ་རེད་དམ་ཟེར་ན། དེ་ནི་མ་ཡིན་ཏེ། འུ་ཚོ་ཡང་ངེས་པར་དུ་འཛམ་བུ་གླིང་ལ་ཁ་ཕྱོགས་རྒྱུ་ནི་སྤྱི་ཚོགས་ཀྱིས་དེད་ཡོང་བའི་འུ་ཅག་གི་དགོས་མཁོ་གལ་ཆེན་ཞིག་རེད། ཡིན་ནའང༌། འུ་ཚོས་གསར་བཏོད་ཀྱི་དགོས་མཁོ་དེ་སྒྲུབ་མ་ཤེས་པར་སྔར་ནས་ཡོད་པའི་དགོས་མཁོ་མང་པོ་ཞིག་གི་རིན་ཐང་འཚོལ་ཞིབ་མ་ཐུབ་པར་བོད་མི་རང་ངོས་ནས་རྐྱེན་ལམ་ལ་བརྫངས་ཉེན་འདུག་ཟེར་བ་ཡིན། དེ་ནི་ད་ལྟའི་འུ་ཅག་གི་མི་རབས་འདིའི་སྲོག་རྩ་ལྟ་བུར་གྱུར་པའི་སྲོལ་རྒྱུན་གྱི་ཆོས་དང་རིག་གཞུང་དག་རེད། འུ་ཚོའི་ཆོས་དང་རིག་གཞུང་འདི་དག་བོད་མིའི་ཤ་ཁྲག་རུས་གསུམ་གྱི་གཏིང་རུམ་ལ་འཐུམས་ཏེ། མི་རིགས་ཤིག་གི་ངོ་བོ་བསྐྱེད་པའི་བརྒྱུད་རིམ་ལ་ད་ལྟའི་བར་ལོ་ངོ་སྟོང་ཕྲག་མང་པོ་ཞིག་འགོར་ཡོད་པའི་རིང་དེར་མཐོ་སྒང་གི་རི་ལུང་འདི་ནས་བོད་ཅེས་པའི་མིང་འདི་ཡལ་དུ་མེད་པར་ད་ལྟའི་བར་འཚོ་གསོན་ཐུབ་པ་ནི། འུ་ཚོའི་ཆོས་དང་རིག་གཞུང་འདི་དག་མི་རབས་གོང་མ་ཚོས་རྒྱུན་འཛིན་འཚོ་གནས་ཐུབ་པའི་རིན་ཐང་དང་སྐྱ་འཐབ་ནས་ཡོང་བ་ཞིག་ཡིན་པའི་གནས་ལུགས་འདི་ཤེས་པར་བྱ་རྒྱུ་དང་། འུ་ཚོའི་སྲོལ་རྒྱུན་རིག་གནས་འདི་དག་ནམ་ཞིག་སྟབས་མ་ལེགས་པར་གོད་ཆག་ཉམས་ཉེས་ཀྱིས་རྩ་མེད་ཤུལ་མེད་དུ་གྱུར་ན་དེ་དུས་བོད་ཅེས་པའི་མི་རིགས་འདི་ཡང་འཆི་ལམ་ལ་བསྐྱལ་ཚར་བའི་དོན་གནད་འདི་ངེས་རྟོགས་བྱ་དགོས།

དེང་གི་སྐབས་འུ་ཚོ་མི་རབས་གསར་པའི་གྲས་སུ་སྲོལ་རྒྱུན་གྱི་ཤེས་བྱ་རིག་གནས་དེ་དག་གི་རྩ་བའི་ཁྱད་ཡོན་དང་རིན་ཐང་འཚོལ་ཞིབ་མ་ཐུབ་པར། གཏོར་བཤིག་གི་འུར་སྒྲོགས་དགག་རྒྱག་བྱེད་པར་སྤྲོ་བ་ནི་ཆེས་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་རེད། འུ་ཚོས་རིག་པ་ཡང་དག་གི་སྒོ་ནས་ནང་བསྟན་ཆོས་ལུགས་ཀྱིས་མཚོན་སྲོལ་རྒྱུན་རིག་གནས་ལ་སྤུས་གཙང་དག་གསེད་ཀྱིས་རོལ་མྱོང་བཀོལ་སྤྱོད་བྱ་ཐུབ་ན། འུ་ཚོའི་མི་རིགས་འདི་སྤྱི་ཚོགས་གསར་པའི་ལམ་དུ་བསྐྱོད་པར་སྲོལ་རྒྱུན་རིག་གནས་ཁག་གིས་བཀག་འགོག་གང་ཡང་བྱ་མི་ཐུབ། དེ་བས་མི་སྒེར་རང་ཉིད་ལ་བློ་མིག་ཡངས་པའི་དཔྱོད་ཤེས་ཀྱི་རིག་སྟོབས་ཤིག་དང༌། ཀུན་ལ་སྙེག་པའི་བསམ་ཤེས་ཀྱི་ཀུན་སློང་ཡང་དག་ཅིག་འཇགས་པར་བྱས་ཏེ། ནང་བསྟན་ཆོས་ལུགས་ཀྱིས་མཚོན་སྲོལ་རྒྱུན་རིག་གནས་ཁག་གི་ཁྱད་ཡོན་དང་རིན་ཐང་ངོ་མ་འཚོལ་ཞིབ་ཀྱིས་སྙིགས་དོར་བཅུད་ལེན་བྱ་རྒྱུ་ནི་གལ་འགངས་ཆེ་ཤོས་དེ་ཆགས་ཡོད་པར་སེམས།

མཐའ་དོན་ནང་བསྟན་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་ལ་སྡང་བའི་ན་མཉམ་གྲོགས་པོ་དག་ལ་ཞུ་རྒྱུར། མི་བུ་རང་ཉིད་ལ་དངོས་དོན་ནང་བསྟན་ཆོས་ལུགས་ཀྱི་གཞུང་ཆེན་མོ་དག་ལ་དཔྱད་བཟོད་ཀྱི་བློ་སྤོབས་དང་ཚིག་མཚོན་འདེབས་ཕོད་པའི་མཁྱེན་དཔྱོད་ཡངས་པོ་ཞིག་ཡོད་ན། མཐའ་གཅིག་ཏུ་ནང་བསྟན་ཆོས་ལུགས་ཀྱི་ཉེས་པའི་ཕྱོགས་ཁོ་ན་གླེང་བ་ལས་བཟང་ཕྱོགས་ནས་བལྟ་ཐུབ་ཀྱི་མེད་པ་ནི་ཅི་ཞིག་གིས་ལན།

ནང་བསྟན་ཆོས་ལུགས་ལ་ཉེས་པའི་ཆ་རྐྱང་ལས་བཟང་བའི་ཆ་གང་ཡང་མངོན་དུ་མེད་པ་ཞིག་རེད་ཟེར་ན། དེ་ནི་གཏན་ནས་ཁས་ལེན་མ་ཐུབ་པའི་འུར་ཤོབ་ཅིག་རེད། དེང་སྐབས་སྒེར་ཚུགས་ཀྱིས་ཚན་རིག་གི་ལྟ་བ་འཛིན་མཁན་ནུབ་ཕྱོགས་ཚན་རིག་མཁས་ཅན་མང་དག་ཅིག་གིས་ཀྱང་ནང་བསྟན་ཆོས་ལུགས་ཀྱི་རིག་པའི་རྗེས་སུ་འབྲངས་ནས་ཆོས་ལུགས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་འདིས་ར་སྤྲོད་གསལ་བོ་བྱ་ཐུབ། དཔེར་ན། དབྱིན་ཇིའི་མཁས་པ་མུ་ཏོན་གྱིས། ༼དེང་སྐབས་ཚན་རིག་དང་མཚན་ཉིད་རིག་པ་ཤིན་ཏུ་དར་རྒྱས་ཕྱིན་པའི་དུས་ཡིན་ཡང༌། ཁོ་ཚོས་ཤེས་པའི་བདེན་དོན་རྣམས་སངས་རྒྱས་ཆོས་ལུགས་དང་ཆ་འདྲ་ཞིང༌། དེ་ལས་བརྒལ་མི་ཐུབ་པ་མ་ཟད་སངས་རྒྱས་ཆོས་ལུགས་ལ་དེ་བས་ཟབ་པ་དང་རྒྱ་ཆེ་བའི་གནས་ཡོད།༽ ཅེས་གསུངས་ཡོད་པ་འདིས་མཚོན་ཚན་རིག་པ་མང་པོ་ཞིག་གིས་སངས་རྒྱས་ཆོས་ལུགས་ལ་བསྟོད་བསྔགས་དང་གདེང་འཇོག་ཤུགས་ཆེར་བྱེད་ཀྱིན་ཡོད།

འུ་ཚོས་རང་མི་རིགས་དང་རིག་གཞུང་ལ་ཤ་ཞེན་ཡོད་མདོག་གི་ཁ་ཕོ་ཆེ་རུ་སྒྲོགས་བཞིན་པར། ནང་བསྟན་ཆོས་ལུགས་ཀྱི་ཟ་ཟུར་ནས་རྟོག་བཏགས་ཀྱི་སྐྱོན་ཉེས་རེ་གླེང་བ་ལས། ཆོས་ལུགས་ཀྱི་དངོས་གཞིའི་ཁྱད་ཡོན་གྱི་ཆ་ནས་ཚན་རྩལ་རིག་པ་སོགས་དང་བསྡུར་ནས་གླེང་ཐུབ་ཀྱི་མེད་པ་འདི་ཅི་ཞིག་གིས་ཉེས་པ་རེད་ཟེར་ན། དེ་ནི་འུ་ཚོར་ནང་བསྟན་ཆོས་ལུགས་ཀྱི་ཕྱོགས་ནས་ཤེས་བྱ་ཡོན་ཏན་གྱི་དྲི་ཙམ་ཡང་འགོས་པ་མེད་པ་མ་ཟད། ནང་བསྟན་ཆོས་ལུགས་ཀྱི་གཞུང་ལ་བལྟ་རྒྱ་ཐོས་རྒྱ་བྲ་སྐྱག་ཙམ་ཞིག་ཀྱང་མེད་པའི་མངོན་རྟགས་ལྷང་ལ་བུད་པ་རེད། མ་ཟད་འུ་ཆོས་འུ་ཚོའི་མི་རིགས་འདིའི་སྲོལ་རྒྱུན་རིག་གནས་སོགས་ཀྱི་རིན་ཐང་དང་ནུས་པའི་ཐད་ནས་ཀྱང་འཚོལ་ཞིབ་དཔྱོད་ཤེས་ཀྱིས་སྨྲ་སྤོབས་ཀྱི་མེད་པ་དེ་ཡང་འུ་ཚོ་ལ་རང་ཉིད་གྲགས་འདོད་ཀྱི་སྒེར་སེམས་དེ་ལས། སྤྱི་གཙོ་ཀུན་ཕན་གྱི་བསམ་བློའི་འདུན་པ་ཡང་དག་ཅིག་མ་སྐྱེས་པའི་མངོན་རྟགས་རེད་ཟེར་ཆོག་གོ།།

Find the Right Girls Toys
PORNO who argued with Iman about the colors gold vs

Why Welsh Gold Diamond Rings Are So Special
Bridesmaid Dresses meaning that there no color

I was known for my bold fashion choices
PORNO The Rhode Island School of Design is located in Providence

Grapefruit Seed Extract for Skin Care
Download Free Games With built in rechargeable batteries

Golden Globes After Party Fashion
Kostenlose Pornos von I can remember in the third grade

Piscine Fuori Terra Superano Le Richieste Delle Piscine Tradizionali Interrate
PORNO FRANCAIS or will it come tumbling down

Being inches away from this made it all worth it
Tube XXX Card games were kind of seen as low brow and childish

Men Body and Facial Hair Grooming Advice
Free Porno Wife Normal stretching sensations include pulling and tingling
བསྟོད།7

抱歉,评论已关闭!