སློབ་ཆེན་ནས་རང་མགོན་རང་ཉིད་ཡིན་ན་འགྲིག

ཀ་ཀོ་ལ།

མ་གཞི་མི་ཞིག་ལག་ཆགས་པའི་གོ་རིམ་ཁྲོད་དུ་ལས་ཅི་དང་གང་་ཞིག་སྒྲུབ་རུང་གཞན་ལ་མ་བརྟེན་པའམ་གཞན་གྱིས་ཕྱོགས་སྟོན་ལས་མ་འདས་པའི་རང་ཚུགས་ཀྱིས་རྟོགས་པ་སད་འོང་བ་ཞིག་དང་།ཡང་ན་རང་གིས་རང་ལ་མི་ཚེའི་གོ་རྟོགས་ཚད་དང་ལྡན་པ་ཞིག་མ་ལས་སྐྱེས་པ་ནས་་བཟུང་དེ་འཇོག་ཀྱིན་པའི་ལྷན་སྐྱེས་ཀྱི་བློ་རིག་ཡོད་པ།ཤེས་རབ་དང་ལྡན་པ་ཞིག་ཕལ་ཆེར་ཡོད་མི་སྲིད་མོད།མི་ཞིག་ལ་མཚོན་ན།གཞན་བརྟེན་གྱི་བསམ་བློ་འདིའང་རང་ཉིད་ལ་བརྟེན་པའམ་རང་ཉིད་ལ་བརྟེན་དགོས་པའི་ཚད་རིམ་ཞིག་ཏུ་སླེབས་པའི་དུས་ཤིག་ཅིས་ཀྱང་ཡོད་ལ་ཡོད་ཀྱང་དགོས་པ་རེད།མ་གཏོགས་གཞན་ཞིག་མགོན་དུ་འཇོག་པ་དང་གཞན་བརྟེན་གྱི་བསམ་བློ་དྲགས་བའི་ཕ་རོལ་ཞིག་ན་འུ་ཚོས་རང་ཉིད་ཀྱི་འཚོལ་སྙེགས་ཤིག་བྲན་གཤིས་ཀྱི་དབང་དུ་སོང་སྟེ།མུན་ནག་གི་ལམ་ཁ་ཞིག་ན་བཟི་བོའི་ངང་ཚུལ་སྟོན་གྱི་ཡོད།དེ་འདྲ་ཡིན་རྐྱེན་རང་མགོན་རང་གིས་བྱེད་དགོས་ཤིང་རང་མགོན་རང་ཉིད་ཡིན་པའི་གནས་ལུགས་ཀྱི་རྟ་མཆོག་དེ་མི་བུ་རང་སྟེང་ནས་སྣངས་ཆེན་དུ་བཟུང་དེ་ཞོན་པ་ནི་ཤིན་ཏུ་གལ་འགངས་ཆེ་བར་བསམ།ལྷག་པར་ཏུ་ནང་ཤེས་བྱ་དང་བསམ་བློའི་གོ་རྟོགས་ཀྱི་ཆ་ནས་དང་།ཕྱི་ཀུན་སྤྱོད་ཀྱི་ཆ་ནས་ཀུན་གྱི་རེ་བ་ལྕི་ཞིང་ཡིད་ཆེས་ཡོད་པའི་སློབ་ཆེན་སློབ་མ་ཞིག་ལ་མཚོན་ན།དུས་དང་རྣམ་པ་ཀུན་དུ་མི་ཆེན་དཔོན་ཆེན་ཞིག་གིས་ཅི་བཤད་དང་དགེ་རྒན་ཀན་དང་འདི་ཡིས་གང་ཟེར་བར་མིག་རིག་རིག རྣ་ཀྲོག་ཀྲོག་གིས་སྒུག་ཅིང་འཚོས་ན་ནི་ཆེས་མི་ལེགས་ཤིང་རྒྱུན་ལྡན་མ་ཡིན་པའི་གནད་དོན་ཞིག་ཏུ་ནམཡང་འདོད་ཀྱི་ཡོད།དེ་ཡང་ཡིན་ཏེ།རང་རིན་པོ་ཆེ་ལས་གཞན་ཞིག་སྐྱབས་སུ་བཀུར་བ་དང་གཞན་ལ་ཕྱག་འཚལ་བ།གཞན་གྱི་རྐུབ་ལྡག་པ་ནི་འུ་ཚང་གི་རིག་གནས་སྣང་ཚུལ་ཞིག་གམ་མ་དག་རྒྱུན་འབྱམས་སུ་སོང་བའི་གོམས་གཤིས་ཤིག་ཏུ་འཁུམས་ནས་ཡོད་པ་སུས་མི་ཤེས།

གང་ལྟར། བསམ་ཤེས་ཤིང་ཡོན་ཚད་ཡོད་པའི་སློབ་ཆེན་སློབ་མ་ཚོའི་སྣང་ངོར་གཞན་ལ་བརྟེན་ཏེ་མ་ཤེས་པ་ཞིག་ཤེས་སུ་འཇུག་པ་དང་མ་གོ་བ་གོ་རུ་འཇུག་པའི་རང་གི་དཔྱད་པ་མེད་པའི་གསོག་འཇོག་གི་གཤིས་འདི་ནི་མཐར་གཏུགས་ན་འུ་ཚོར་ལག་སྟོངས་མཆན་ལ་བཙུགས་ཏེ་འགྱོད་གདུང་གི་འགྲམ་ཤ་འཐེན་པའི་རྒྱུ་རུ་འགྱུར་བ་ལས་གཞན་ཅི་ཡང་མ་ཡིན་པ་མི་གཞན་གྱི་མཉམ་མྱོང་གི་བསྡོམས་ཚིག་གང་རུང་ནས་ཀྱང་ཧ་གོ་ཡོང་།དེ་བས་སློབ་ཆེན་སློབ་མ་ཞིག་གི་གོ་ཐོབ་ལ་འཇུས་པའི་མི་ཞིག་ཡིན་ན།སློབ་ཆེན་ནི་རང་སྟོབས་ཀྱི་ནུས་རྩལ་འདོན་སའི་ཤེས་བྱའི་གླིང་ཀ་ཞིག་གམ་བློ་དང་རིག་པའི་རལ་གྲི་བརྡར་སའི་རང་བརྟེན་གྱི་ཁོར་ཡུག་ཅིག་ཏུ་ངོས་འཛིན་དང་ཤེས་རྟོགས་ཡོད་ན་་འགྲིག་པ་ལས།གཞན་གྱི་འཐུ་འོག་ནས་རྟོགས་མཐའ་བྲལ་བསྐྱེད་ཡོང་བའི་འཚོ་བ་ཞིག་ཏུ་བཞག་ན་ནི་ཧ་ཅང་མི་ལེགས་སོ།།ཅིའི་ཕྱིར་དེ་ལྟར་བཤད་པ་ཡིན་ཞེས་ན།གཏན་ཚིགས་ནི་འུ་ཚོས་མིག་གི་འཚོས་ཤིང་སེམས་ཀྱིས་བཀུར་བའི་བརྟེན་ཡུལ་ཏེ།དགེ་རྒན་ཕལ་མོ་ཆེ་ཞིག་ཤེས་པའི་ཆུ་ཚད་དང་བསམ་བློའི་གོ་རྟོགས།སེམས་རྒྱུད་བཟང་ངན་སོགས་ཀྱི་ཐད་ནས་འུ་ཚོ་ལོག་ལམ་ཏུ་གཏོང་བའི་སྒེར་སེམས་ཅན་དང་།རང་སྣང་ཅན།རང་ལྟ་འཁྱོགས་འཛིན་མཁན།ཕྲག་དོག་ཅན།ཤེས་མེད་ཚོར་མེད།མདོར་ན་འགན་འཁྲིའི་འདུ་ཤེས་དཀོན་ཞིང་མི་བུའི་རྩིས་ཐང་དང་ཁེ་དབང་ལ་ཁྱད་གསོད་དམ་རྡོག་རྫི་བྱེད་པའི་ཁ་ཁོག་རྙིང་བ་ཅན་་ཤ་སྟག་ཡིན་པས་སོ།།

ཡང་གཅིག་བཤད་ན། ལར་དད་སེམས་ཤིག་དང་དགོས་པའི་དབང་གིས་གཞན་གྱི་སྐད་ཆ་བསྡུ་སྐྱོག་དང་གསོག་འཇོག་བྱེད་དགོས་པའི་དུས་རེ་ཡོད་སྲིད་མོད།སྤྱི་ཚོགས་སྤྱིའི་འཕེལ་ཕྱོགས་ཤིག་གམ་རིག་གནས་བགྲོ་གླེང་གི་ཚ་རླབས་ཆེས་ཆེར་འཕྱུར་བའི་དུས་རབས་ཉེར་གཅིག་པར་བལྟས་ན།ལྷག་པར་གཞན་ལ་དྲིང་མི་འཇོག་ཅིང་རང་ལ་རང་གི་བསམ་གཞིགས་ཡོད་པ།རང་གི་གནད་དོན་རང་གིས་ཐག་གཅོད་དགོས་པ་ཞེས་མྱི་སྐད་ལྷང་ལྷང་ཁྲོད་ན་གནས་པའི་དེང་རབས་ཀྱི་སློབ་ཆེན་ཞིག་ལ་མཚོན་ན།གཞན་གྱི་བཤད་པ་ཡོད་ཚད་བདེན་པར་བཟུང་ཞིང་གཞན་གྱི་ཅི་བྱས་མཐའ་དག་གཙུག་ཏུ་མཆོད་པ་ཚད་ལས་བརྒལ་ན་འུ་ཚོས་ས་གནས་གང་རུང་ཞིག་གམ་སྤྱི་ཚོགས་ཆེ་གེ་མོའི་ནང་ནས་རང་འགན་རང་གིས་འཁུར་དགོས་ཤིང་དཔྱད་འཇོག་རང་གིས་བྱེད་དགོས་པའི་འཕྲལ་ཅི་ཡང་བཤད་དུ་མེད་ལ་གང་ལ་ཡང་དོགས་སློང་མི་ཤེས་པའི་གླེན་པའི་རང་བཞིན་འཛིན་པར་ཁོ་བོའི་དོགས་པ་ཟ་གི་ཡོད།

དར་མདོ་ནས།

བསྟོད།8

དཔྱད་མཆན་སྤེལ།