ནུབ་བྱང་། ནུབ་བྱང་། སྙིང་སྟོབས། སྙིང་སྟོབས།

སྒྲེན་པོ།

ཐོག་མའི་ཞུ་མཆིད།

ནུབ་བྱང་མི་རིགས་སློབ་ཆེན་བཙུགས་ནས་ལོ་འགོར་དྲུག་བཅུ་འགོར་བའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་འདིར།བདག་གིས་ནི་སེམས་ཀྱི་གཙང་ས་ནས་མ་ཡུམ་སློབ་ཆེན་གྱི་ འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་ཞོར།དོན་དམ་རྟེན་འབྲེལ་ཞུ་དགོས་པའི་ཡང་སྙིང་དང་ རིན་དོད།ཡི་ཆད་དང་སྨོན་པ།ང་རྒྱལ་དང་མ་འཁྱོངས་པའི་ཕྱོགས་ལ་བསམ་གཞིག་གི་རྟ་ཁ་ལྷོད་ན་བསམ་གི སེམས་ཀྱི་རྟེན་འབྲེལ་ནི་གཞན་གང་གིས་ཀྱང་ཚབ་བྱེད་མི་ནུས་པའི་ གཟུགས་མེད་ཀྱི་སྟོབས་ཤུགས་རེད།དུས་རྒྱུན་ནུབ་བྱང་ཞེས་པའི་མིག་ཡིག་འདིའི་འདས་མ་ད་གསུམ་ལ་མནོ་བསམ་གཏོང་ཐེངས་རེ་རེར།བདག་གིས་སློབ་ཆེན་འདི་ནི་གྲངས་ཉུང་མི་ རིགས་ཀྱི་སློབ་ཆེན་ཐོག་མ་ཡིན་པར་ཧ་གོ་ཡོད་ལ།མི་རིགས་སློབ་ཆེན་དག་གི་སློབ་གསོ་ མྱོང་སྟངས་དང་རྒྱལ་ནང་གི་སློབ་ཆེན་དག་གི་སློབ་སྒྲུབ་བྱེད་ཕྱོགས་དབར་ན་དོན་དམ་ བཤད་མི་ཤེས་པའི་ཧེ་བག་ག་ཙམ་ཡོད་ཨང་སྙམ་པའི་འདྲི་རྟགས་དེ་རེད།དེ་ལས་ཀྱང་ བསམ་གཞིག་གི་རྟ་ཁ་གཞན་ཞིག་ལ་དཀྱུས་ན་ནུབ་བྱང་དུ་སློབ་གླིང་རིག་གནས་ཀྱི་སྣང་ བརྙན་གསོན་པོ་རུ་བགྲང་རུང་བའི་སྙིང་སྟོབས་ཀྱི་མི་བོ་ཆེ་ཅི་ཙམ་བགྲང་རྒྱུ་ཡོད་ཅེས་པ་ འདི་རེད།

བར་གྱི་གླེང་བྱ།

ནུབ་བྱང་ཞེས་པའི་ཐ་སྙད་འདིར་མཛེས་པ་འདོན་མཁན་གྱི།སྙིང་སྟོབས་ཀྱི་སྲོག་གསར་བ་བསྐྱེད་མཁན་འཁྱམས་པོ་ཟུར་ཁ་ཅན་ཚོ་རེ་རེ་བཞིན།ཉི་ནུབ་ཀྱི་རྒོད་པོ་བཞིན་བཞུད་ སོང་ཤུལ་དུ་ངས་ནི་ནུབ་བྱང་གི་སྙིང་སྟོབས་ཞེས་པ་དེ་དོན་དམ་ག་འདྲ་ཞིག་ཏུ་གོ་ན་ འགྲིག་མིན་གྱི་ཐད་དུ་བསམ་གཞིག་གཏོང་གིན་ཡོད།སྤྱིར་ན་ནུབ་བྱང་གི་སྙིང་སྟོབས་གླེང་དགོས་ན་ཟུང་མཐོང་ལེབ་གསུམ་གང་རུང་ནས་གླེང་དགོས་མོད།ཁོ་བོས་རང་ཉིད་ཀྱི་ དགའ་ཁ་འཁྱེར་སོར་གཞི་བཅོལ་ནས་གླེང་བར་བྱ་བ་ལ།ཁོ་བོས་ནུབ་བྱང་གི་སྙིང་སྟོབས་དེ་ཐ་སྙད་གཉིས་ཀྱི་སྒང་ནས་འདོན་སྤེལ་བྱ་རྒྱུ་ཡིན།ཚོར་ཤེས་དང་དཔྱོད་ཤེས་ཞེས་པའི་ཐ་ སྙད་འདི་གཉིས་ཀྱི་སྟེང་ནས་བཤད་ན་ཧ་ཅང་འགྲིག་གི་བསམ།འོ་ན་ཀློག་པོ་རྣམ་དཔྱོད་ ཅན་དག་གིས་ཁྱོད་ནས་གླེང་གིན་པའི་ཚོར་ཤེས་དང་དཔྱོད་ཤེས་དེ་ག་འདྲ་ཞིག་ཏུ་ངོས་ འཛིན་གནང་གིན་ཡོད་ཟེར་ན།ངས་འདི་ནས་གླེང་གིན་པའི་ཚོར་ཤེས་ཞེས་པ་ནི་ན་གཞོན་གྱི་གདེང་མཐོ་བའི་སྤོབས་པ་དང་།ལང་ཚོའི་ངར་ཤུགས།ཅི་བསམ་ཁ་ནས་བཤད་སྤོབས་པ།གང་དྲན་ལག་ནས་སྒྲུབ་ཐུབ་པ།མདོར་ན་རང་ཉིད་ཀྱི་སྐད་ཆ་རང་ཉིད་ཀྱིས་འཆད་ནུས་ ཤིང་དེ་ལ་འགན་ཁུར་གྱི་འདུ་ཤེས་ཡོད་པ་ཞིག་ཏུ་ངོས་འཛིན་ལ།དཔྱོད་ཤེས་ཞེས་པ་ནི་ ཚོར་ཤེས་དང་མི་འདྲ་བར་སྔ་འདང་ཕྱི་འདང་དང་སྔུན་བལྟས་ཕྱི་ཉན་བྱེད་མཁས་པའི་ གཟབ་ནན་གྱི་ཤེས་པ་རྒྱས་ཤིང་།འཇིག་རྟེན་གྱི་གནད་དོན་ཡོད་ཚད་ལ་བསམ་གཞིག་ གནད་དུ་ཐིངས་པ་གཏོང་ནུས་པའི་ཤེས་པ་དེ་ལ་གོ་སྙམ།མདོར་ན་དཔྱོད་ཤེས་ཞེས་པ་ནི་ བསམ་བློ་གཏོང་ཤེས་པའི་དོན་རེད་ཅེས་བཤད་ན་ཡང་འགལ་བ་ཆེར་མེད་འདོད།

དེ་འདྲ་ཡིན་ཚེ།ཚོར་ཤེས་ནས་དཔྱོད་ཤེས་ཕྱོགས་སུ་གོམ་སྟབས་སྒྱུར་རྒྱུ་ནི་བྱ་དངོས་ འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་རེད་ལ།ཚོར་ཤེས་ཀྱིས་སྙིང་སྟོབས་ཀྱི་མེ་རོ་གསོ་རྒྱུ་དང་། དཔྱོད་ཤེས་ཀྱིས་རིག་གཞུང་གི་མ་ལག་འཛུགས་རྒྱུ་ཡང་ཆོས་ཉིད་ཀྱིས་གྲུབ་འདུག་འདོད། སློབ་གྲྭ་འདི་གར་མཚོན་ནས་བཤད་ན།དྲ་ཐོག་རིག་གནས་དར་བ་ནས་བཟུང་སློབ་གླིང་ འདིའི་སྙིང་སྟོབས་ཀྱི་རྐང་འཛུགས་ས་དེ་ཚོར་ཤེས་རང་བཞིན་ལ་གཞོལ་བའི་སྙིང་སྟོབས་ཀྱི་ཕྱོགས་རེད་ཅེས་གདེང་འཇོག་བྱས་ན་ཧ་ཅང་འགྲིག་གི་བསམ།དེ་ཡང་སྙིང་སྟོབས་ཀྱི་དར་ ཆ་འཕྱར་མཁན་ཟིན་བྲིས་པའི་ཚོགས་ནི་ཆེད་སྦྱོང་རིམ་པ་དང་དངོས་གཞིའི་རིམ་པ་ལས། ཞིབ་འཇུག་གི་སྡེ་དང་དེ་ལས་ཕན་གྱི་ལས་གཞིའི་རྣམ་གྲངས་གཉེར་མཁན་གྱི་སློབ་དཔོན་ཆེན་མོ་ཚོ་ནི་ག་ནས་ཡིན།

སྤྱི་ཚོགས་ཀྱིས་སློབ་གྲྭ་འདི་གར་བསྩལ་བའི་ཆོ་ལོ་ནི་སྙིང་སྟོབས་ཀྱི་འབྱུང་གནས་དང་ལྟ་ལོག་པའི་འདྲེ་ཚང་རེད།ཡང་ལ་ཤས་ཀྱིས་ནུབ་བྱང་གི་སློབ་མ་ཚོའི་སྙིང་སྟོབས་བཟང་ མོད།ད་དུང་གནས་ལུགས་ཀྱི་མཐིལ་ཕྱིན་པར་ཧེ་བག་ཆེན་པོ་འདུག་ཟེར།མི་འདི་དག་གི་ གླེང་བྱ་ནི་ནུབ་བྱང་གི་སློབ་མ་ཚོ་སྙིང་སྟོབས་གཅིག་པུའི་སྟེང་ནས་ནུར་འགྲོས་མི་བྱེད་པར་བྱེ་བྲག་ཏུ་བབ་ན་འགྲིག་གི་ཞེས་པ་དེ་ཡིན་ཚོད་འདུག རེ་བཞག་བཅའ་སྟངས་འདི་ལ་ཡང་རྒྱུ་མཚན་མེད་པ་ག་ནས་ཡིན།གལ་སྲིད་ནུབ་བྱང་ཁྱེད་ཅག་གི་གླེང་བྱ་བཞིན་བྱེ་བྲག་ཏུ་འབབ་དགོས་ཚེ།སློབ་ཆེན་འདིའི་ངོ་བོ་ཚོར་ཤེས་ནས་ དཔྱོད་ཤེས་སུ་ཕྱོགས་དགོས་པས།དེ་ལྟར་ཡིན་ཚེ་ནུབ་བྱང་ཧོལ་རྒྱུགས་ནས་གཟབ་ནན་ཏུ་ འགྱུར་དགོས་པ་མ་ཡིན་གྲང་།ཧོལ་རྒྱུགས་ལ་ཧོལ་རྒྱུགས་ཀྱི་རིན་ཐང་ཡོད་པ་ནི་ནུབ་བྱང་ གི་སྙིང་སྟོབས་རེད་ལ།གཏོར་བཤིག་ལ་གཏོར་བཤིག་གི་བདེན་ཁ་ཡོད་པ་ཡང་ནུབ་བྱང་གི་སྙིང་སྟོབས་རེད།ཧོལ་རྒྱུགས་ཀྱིས་ན་གཞོན་གྱི་ལང་ཚོའི་ཟིལ་ཤུགས་བཏེགས་ཤིང་གཏོར་ བཤིག་གིས་བོད་ཡུལ་གྱི་རྨོངས་སྐྲན་ལ་ཁབ་གཙག་འབིག་གཙག་བྱེད་པ་ཡང་བྱུང་རྒྱལ་གྱི།སྨྱོན་པའི་ལབ་བརྡོལ་ལྟ་བུའི་འབེན་མེད་པར་ཁྱི་རྒྱག་སྐར་མར་ཟུག་པ་ལྟ་བུའི་ངོ་བོ་རུ་མ་ སྦྱོར་རོགས།རང་གི་ལང་ཚོའི་ན་ཚོད་དང་བསམ་བློའི་ལྗིད་ཚད་གཉིས་དོ་མཉམ་པའི་ཁུར་བོ་ཞིག་ཕྲག་ཏུ་ལེན་རྒྱུའི་འདུ་ཤེས་སད་ཡོད་པ་ཡང་ནུབ་བྱང་གི་སྙིང་སྟོབས་སུ་བགྲང་རུང་སྙམ།དེ་བས་ནུབ་བྱང་ནི་རིགས་ཀྱི་འདུ་ཤེས་སད་པར་ཕྱོགས་པའི་སྟ་གོན་ན་ཡོད་ལ།ནུབ་ བྱང་ནི་སྒེར་གྱི་འདུ་ཤེས་དེ་ཡོད་ཚད་ཀྱི་རྩད་པ་དང་རྩ་བ་ཡིན་པར་ངེས་ཤེས་འདྲོངས་ མཁན་དེ་ཡང་ཅིས་མ་ཡིན།

འོ་ན་ནུབ་བྱང་གི་ཞན་ཆ་དེ་གང་དུ་མཆིས་འདུག་ཟེར་ན།དེ་ནི་རིག་གནས་གཏོར་ བཤིག་དང་འཛུགས་སྐྲུན་གཉིས་ལས་འཛུགས་ཀྱི་ཕྱོགས་ན་སྐལ་ཆད་འདུག་པ་དེ་རེད་སྙམ།འདི་ནི་ནུབ་བྱང་གཅིག་པུའི་སྟོང་ཆ་ག་ནས་ཡིན་ཡང་སྙམ་བྱུང་།རྒྱུ་མཚན།དཔྱོད་ཤེས་ཀྱི་ ཕྱོགས་སམ་ཡང་ན་རིག་གནས་འཛུགས་སྐྲུན་གྱི་ཕྱོགས་ནས་གླེང་ན་(འདིར་གཙོ་བོ་མི་དོན་ནམ་མི་ཚུལ་རིང་ལུགས་ཀྱི་ངོས་ནས་བཤད་ནི་ཡིན)ཞོགས་པའི་དུངས་ཆེན་འབུད་མཁན་ གྱི་སྐྱེས་ཆེན་དེས་ཕྲག་སྟེང་ལ་བུད་ནས་སྐད་ཆ་བཤད་ཐུབ་མཁན་བོད་ན་མི་འདུག་སྙམ།ད་དུང་བོད་པའི་རིག་གནས་ཀྱི་གླེང་གཞི་དེ་དཔྱོད་ཤེས་རྒྱང་འབོད་དང་དོགས་སློང་སྙིང་ སྟོབས།གནམ་ས་གོ་འབྱེད་ཀྱི་ཕན་ལ་འདའ་ཐུབ་ཀྱིན་མི་འདུག་སྙམ།

བརྩམས་ཆོས་གང་ཞིག་བྲིས་ན།གླེང་གཞི་གང་ཞིག་བཏོན་ན།སྤྱི་ཚོགས་ཀྱི་གནད་དོན་གང་ཞིག་གླེང་ན་སྒོ་རྙེད་ཀྱིན་མེད་པ་དང་ཞིབ་ཆའི་ངང་དུ་འཆད་ཐུབ་ཀྱིན་མེད་པ་ནི་ ནུབ་བྱང་གཅིག་པུའི་སྐྱོན་དུ་བགྲང་ག་ལ་རུང་སྙམ།

འོ་ན་ནུབ་བྱང་གི་སློབ་མ་ཚོས་ང་ཚོར་སྙིང་སྟོབས་གཅིག་པུའི་ཆོག་གོ་སྙམ་ནས་བསྡད་ན་འགྲིག་གམ་ཞེ་ན།དེ་ནི་མི་འགྲིག་སྙམ།ཚོར་ཤེས་ལ་དཔྱོད་ཤེས་ཀྱི་རམ་དཀྲོལ་མཁོ་རྒྱུ་ དང་།སྙིང་སྟོབས་ལ་རིག་གཞུང་གི་རྒྱབ་རྩ་མཁོ་རྒྱུ་ནི་གནད་ཀྱི་དམ་པ་རེད་འདོད།འདི་ནི་ནུབ་བྱང་ཚང་འགྱུར་དགོས་པའི་གནས་ལུགས་དང་རྒྱུ་མཚན་ཡང་དག་རེད།དེ་ལྟར་ལགས་པས།ནུབ་བྱང་གི་སྙིང་སྟོབས་དེ་ཡང་ཅི་བསམ་བརྗོད་སྤོབས་པ་དང་གང་དྲན་ལག་ལེན་ལ་བསྟར་ཐུབ་པ་ཙམ་གྱིས་མི་ཆོག་ལ།སོ་ཁུ་ར་ཐེ་སོགས་ནུབ་གླིང་བའི་སྐྱུགས་བལྡད་ཀྱིས་ཀྱང་རྔོ་མི་ཐོགས།དགེ་ཆོས་དོན་རྒྱལ་ཞོགས་དུངས་སོགས་ཀྱི་སྙིང་སྟོབས་ཀྱིས་ང་ཚོའི་སྙིང་སྟོབས་ཀྱི་སྐོམ་གདུང་བ་ག་ལ་གཞོམ།དེ་བས་ང་ཚོར་ངེས་དོན་གྱི་སྙིང་སྟོབས་ཅིག་མཁོ་དགོས་ཟེར་ན།ངས་ནི་ཤར་ནུབ་རིག་གནས་ཀྱི་གདོང་གཏུག་དང་བརྡབ་གསིག་གི་གཡོ་སྐྱོམས་དེ་ལ་རྣ་བ་གཏོད་ཀྱིན།བོད་པའི་རང་ས་རང་ཡུལ་ནས་རིན་ཐང་གི་སྒྲོམ་ཆེན་པོ་ཞིག་དང་སྙིང་ སྟོབས་ཀྱི་མ་ལག་འགངས་ཆེ་བ་ཞིག་འཛུགས་རྒྱུར་བསམ་གཞིག་ཐུགས་བསམ་བཞེས་རྒྱུ་ནི་གནད་ཀྱི་དམ་པ་རེད་འདོད།

མཇུག་གི་རེ་བ།

མཇུག་མཐར་ནུབ་བྱང་གི་སྙིང་སྟོབས་ལ་ཤར་ནུབ་རིག་གནས་ཀྱི་བཅུད་ཀྱིས་ཁྱོགས་ ཤིང་།བསམ་བློའི་རྣོ་དཔལ་དབྱར་གྱི་ཤྭ་འོད་བཞིན་རྒྱས་གྱུར་ཅིག

བསྟོད།8

དཔྱད་མཆན་སྤེལ།