སློབ་ཆེན་པའི་འགན་འཁྲི་ལས་བྱུང་བའི་ན་ཟུག

བྲོས།

སློབ་ཆེན་པའི་འགན་འཁྲི་ལས་བྱུང་བའི་ན་ཟུག
སྤྱིར་སློབ་ཆེན་པ་ཞིག་གི་འགན་འཁྲི་ཞེས་པ་ནི། སྨྲ་བརྗོད་སྟོང་གིས་ཐེག་པར་དཀའ་བའི་ན་ཟུག་ཅིག་ཡིན་པར་འདོད་ལ། དེ་བས། ད་ལྟའི་བོད་ཀྱི་སློབ་ཆེན་པའི་འགན་འཁྲི་ནི་དེ་ལས་ཀྱང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད་འདོད་ཀྱིན་ཡོད། ད་ལྟའི་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་གནས་བབ། བོད་ཀྱི་རང་སྐྱོང་ཁེ་དབང་བཅས་ལ་ཁ་ཕྱིར་འཁོར་ཏེ་བསམ་བློ་ཞིག་བཏང་ན། དེ་ནི་ནམ་ཡང་ང་ཚོའི་ཕྲག་ན་རྗི་ཏིག་ཏིག་གི་ན་ཟུག་ཅིག་ཡིན་པ་སྨོས་མེད་རེད། དེ་ན་ང་ཚོས་ཀྱང་འདི་ན་འཛམ་གླིང་ལོ་རྒྱུས་ཧྲིལ་བོར་འཁྱུག་ཙམ་བལྟས་ན། མིའི་རིགས་ཤིག་འཇིག་རྟེན་དུ་སླེབ་དུས་སློབ་ཆེན་པ་དག་གིས་མ་སྐུལ་དང་བླང་གི་འགན་འཁྲིའི་འོག་ནས་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བཏང་ཡོད་པ་འཛམ་གླིང་ལོ་རྒྱུས་དེབ་ཐེར་དག་ལས་ཧ་ཅང་གསལ་ལ། དཔེར་ན། ནུབ་གླིང་གི་རིག་རྩལ་བསྐྱར་དར་དང་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་སོགས་ནི་སློབ་ཆེན་པ་ཚོས་མ་སྐུལ་དང་བླང་གི་འགན་འཁྲི་ལས་བྱུང་བ་ཤ་སྟག་རེད། དེ་ན་ང་ཚོས་སློབ་ཆེན་པའི་ཐེམ་སྐས་འགྲིམ་ཉིན་ནས་བཟུང་སྟེ། ང་ཚོས་ཀྱང་སུ་ཞིག་གི་ཆེད་དུ་ཅི་ཞིག་འཚོལ་གྱིན་ཡོད་དམ། ང་ཚོ་ནི་བསླབ་དེབ་དང་རྒྱུགས་འབྲས་ཁོ་ནས་ཆེད་དུ་འཚོ་དགོས་པ་མ་ཡིན་ལ། བརྩེ་དུང་དང་འཁྲིག་སྤྱོད་ཀྱི་ཆེད་དུ་འཚོ་དགོས་པ་དེ་བས་ཀྱང་མ་ཡིན་ཏེ། ང་ཚོས་ད་ལྟའི་འཇིག་ལ་ཉེ་བའི་མི་རིགས་ཤིག་གི་ལས་དབང་ལ་བསམ་གཞིག་བྱེད་བཞིན། ནང་བསམ་བློ་ལ་བློ་འབྱེད་ཐེངས་ཤིག་བྱེད་དགོས་པ་མ་ཡིན་ནམ། ངོ་མ་བཤད་ན། ཁ་ཁུ་སིམ་མེར་གནས་པའི་ང་ཚོའི་གཞི་རིམ་མང་ཚོགས་ཚོ་གཉིད་ལས་དཀྲོག་དགོས་ན། འདིའི་ཆེས་མཐོ་བའི་འགན་འཁྲི་ནི་སློབ་ཆེན་པ་ཚོ་ལ་རེག་ལས་པ་ནི་བཤད་མ་དགོས་པ་ཞིག་རེད་འདོད་ཀི། ང་ཚོས་ད་ལྟའི་བར་དུ་སློབ་སྦྱོང་བྱེད་པ་ཡང་དམིགས་ཡུལ་འདིའི་ཆེད་དུ་ཡིན་པ་ང་ལ་ཡིད་ཆེས་ཡོད། ང་ཚོ་ལ་ཡུལ་མི་སྤུན་གྲོགས་མང་བོས་མིག་ཟུང་སྟོང་གི་རེ་ལྟོས་ཡོད་ལ། ང་ཚོའི་ཕྲག་ན་འཇིག་ལ་ཉེ་བའི་མི་རིགས་ཤིག་གི་ལས་དབང་ཡོད། ང་ཚོ་ད་ལྟའི་བར་དུ་སློབ་སྦྱོང་བྱེད་པ་ཡོད་ཚད་རང་ཉིད་གཅིག་པོ་དང་ཁ་ཕོར་ཙམ་བོའི་ཆེད་དུ་གཏོང་གཏན་ནས་མི་རུང་སྟེ། ང་ཚོའི་རུ་བ་སྲ་མོ་ཅན་གྱི་མེས་པོ་དག་གིས་རང་རིགས་ཀྱི་ཆེད་དུ་དཀའ་སྡུག་གི་རྔུལ་ཆུ་ཅི་ཙམ་གཏོར་ཡོད་པ་ལ་བསམ་བློ་ཞིག་གཏོང་དགོས་པ་མ་ཡིན་ནམ། ང་ཚོས་སློབ་སྦྱོང་བྱེད་པ་ཡང་གཞན་གྱིས་དྲིལ་སྒྲོག་ཀྱི་ཡོ་བྱད་ལྟ་བུའི་ལག་ཆ་རུ་འགྱུར་ག་ནས་རུང༌། ད་ལྟའི་ང་ཚོའི་ལས་དབང་ལ་རྒྱུ་འབྲས་ཀྱི་བློ་མིག་ཡངས་པོར་ཕྱེ་སྟེ་བསམ་ཞིང་བསམ་ན། འཇིག་ལ་ཉེ་བའི་མི་རིགས་འདི་ལ་བསམ་བློ་རྟོག་སད་ཀྱི་མེ་སོན་སྒྲོན་མཁན་ནི་སློབ་ཆེན་པའི་སྡེ་ལ་རག་ལས་པ་ནི་སྨོས་མེད་རེད། དེ་ན་ང་ཚོས་ཀྱང་དཔྱོད་ཤེས་ཀྱི་བློ་མིག་ཡངས་པོར་ཕྱེ་སྟེ། མིའི་རིགས་སྤྱི་ལ་དབང་བའི་ཁེ་དབང་དང་འདྲ་མཉམ་གྱི་ཕྱིར་དུ། རང་ཉིད་ཀྱི་ཕྲག་ལ་བབ་པའི་འགན་འཁྲི་ལ་བདག་པོ་བརྒྱག་དགོས་པ་མ་ཡིན་ནམ། ངས་ད་ལྟའི་སློབ་ཆེན་པའི་འགན་འཁྲི་ཞེས་པ་ནི་མ་སྐུལ་དང་བླང་གི་འགན་འཁྲི་ཞིག་ལ་གོ་དགོས་པ་ལས། ཁྲིགས་ལུགས་དང་བཀོད་སྒྲིག་རང་བཞིན་ཅན་ཞིག་གཏན་ནས་མ་ཡིན། དེ་ནི་སློབ་ཆེན་པའི་འགན་འཁྲི་རེད་འདོད་གི། ཡིན་ཡང་ང་ཚོའི་ཁོར་ཡུག་ན་འགན་འཁྲིའི་འདུ་ཤེས་ཅན་གྱི་མི་བུ་ག་ཚོད་ཡོད། ང་ཚོའི་ཁོར་ཡུག་ན་རུས་པ་སྲ་མོ་ཅན་གྱི་མི་བུ་ག་ཚོད་ཡོད། འདི་ལྟར་བསམ་ན་ངའི་སེམས་བསམ་པའི་གཏིང་སར་འགན་འཁྲིས་བྱིན་པའི་ན་ཟུག་ཇེ་ཆེ་ནས་ཇེ་ཆེ་རེད །

2010 -5 -19ཉིན་བྲོས་སུ་འབོད་པས་ནུབ་བྱང་ཚང་ནས་བྲིས།

བསྟོད།7

དཔྱད་མཆན་སྤེལ།