ཁ་བ་རི་པའི་སྐྱེས་པ།

བོ་ཐར་བཀྲ་ཤིས་ཆོས་འཕེལ།

སྐྱེས་པ་རྣམས་བུད་མེད་ལས་ཁྱད་འབྱེད་པའི་རྟགས་མཚན་ནི་ཕོའི་དབང་བོ་ཡིན་ལ། དབང་བོ་འདི་ཉིད་ཡོད་པས་ནུ་མ་ཆུང་བ་དང་། ང་རོ་གསང་མཐོ་བ། བསམ་པའི་སྟོབས་ཆེ་བ། མོ་ལ་སེམས་འཆོར་བ་སོགས་ཆོས་ཉིད་མང་པོ་ཞིག་རང་ཤུགས་ཀྱིས་འབྱོར་བ་སློབ་དཔོན་དབྱིན་གཉེན་གྱིས་《མངོན་པ་མཛོད》དུ་གསུངས། ཞིབ་མོར་བརྟག་ན་ནི། སྐྱེས་པ་ལ་རིགས་མི་འདྲ་བ་ནམ་མཁའི་རྒྱུ་སྐར་བཞིན་ཐ་དད་པར་མཆིས་པས་ཁྱད་ཆོས་རེ་གཉིས་ཀྱིས་སྤུ་རིས་སོ་སོར་ཇི་ལྟར་འབྱེད། ངོ་མ་བཤད་ན། སྐྱེས་པའི་རིགས་ཁོ་ན་ལ་བཟང་པོ་མཚན་ཅན་དང་ངན་པ་རྟགས་ཅན་ཞིག་བྱེད་མཁན་མང་ལ། ཚེ་སྟོད་གཡུལ་དུ་འཐབ་ནས་ཚེ་སྨད་ལ་ཐོས་བསམ་མཛད་མཁན་ཡང་མང་དུ་མཐོང་བས། གལ་ཏེ་འཛམ་གླིང་ཡངས་པའི་ཐ་གྲུ་འདིར་སྐྱེས་པ་རྣམས་མེད་དུ་བཅུག་ན། གྲོང་ཁྱེར་དང་གྲོང་གསེབ་རྣམས་སྐྱ་ཐང་ཐང་དུ་འགྱུར་བ་གདོན་མི་ཟ། ངས་འདི་ལྟར་གླེང་བ་བུད་མེད་ཨ་མའི་རིགས་ལ་དམོད་འདོད་པ་གཏན་ནས་མིན་ཡང་། མ་བསམ་ས་ནས། རྒྱ་གར་གྱི་སངས་རྒྱས་ཤྰཀྱ་ཐུབ་པ་ནས་རྒྱ་ནག་གི་ཀོང་ཙེ་འཕྲུལ་རྒྱལ་དབར་དང་། ནུབ་གླིང་གི་ཨེ་ལེགས་ཟན་རྡར་ནས་ཐུ་བྷོད་ཀྱི་སྲོང་བཙན་སྒམ་པོའི་དབར་དུ་སྐྱེས་པའི་རིགས་ཁོ་ན་ལས་བུད་མེད་རིགས་ལ་བྱུང་ཐུབ་མེད། གཞན་ཡང་ཆོས་ཕྱོགས་ནས་བསམ་ན། སྟོང་གསུམ་འཇིག་རྟེན་འདི་དབང་དུ་བསྡུ་བའི་གསེར་དངུལ་འཁོར་ལོ་སྒྱུར་རྒྱལ་རྣམས་དང་། བྱང་ཕྱོགས་ཤམ་བྷ་ལའི་དམག་དཔོན་རྣམས་ཀྱང་སྐྱེས་པའི་རིགས་ཁོ་ན་ལས་བུད་མེད་མི་འབྱུང་བར་གྲགས་པས། སྐྱེས་པ་རྣམས་ནི་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་མུ་ཁྱུད་དང་ས་པདྨ་འདབ་བརྒྱད་ཀྱི་ཟེའུ་འབྲུ་ལ་བཤད་ན་ཅིས་མི་རན། འོན་ཏེ། སྐྱེས་པ་རྣམས་ནམ་མཁར་མཆོང་བའི་མཐུ་རྩལ་ཅི་ལྟར་ཆེ་རུང་བུད་མེད་དག་གི་གནམ་གྲུར་ཟད་ལ། རྒྱ་མཚོར་རྐྱལ་བའི་སྤོབས་པ་ཅི་ཙམ་རྔམ་ཡང་། མཐར་གཏུགས་ན་བུད་མེད་དག་གི་གཟིངས་སུ་ཟད་པས། རང་བྱུང་འཇིག་རྟེན་ལ་ཁ་ལོ་སྒྱུར་མཁན་དེ་སྐྱེས་པ་ཡིན་དུ་ཆུག་ཀྱང་། བུད་མེད་རྣམས་ནི་ཏག་ཏག་སྐྱེས་པའི་ཁ་ལོ་སྒྱུར་མཁན་ཡིན་པ་འདི་སུ་ཡིས་བསྙོན། སྔོན་ཞིག་ནས་སངས་རྒྱས་ཤྰཀྱ་ཐུབ་པས་བུད་མེད་རྣམས་ལ་སྡོམ་པ་མི་གནང་བའི་རྒྱུ་མཚན་ཡང་འདི་འདྲ་ཡིན་ལས་ཆེ། དེ་མིན་ན་དགེ་སློང་རྣམས་ཀྱིས་བུད་མེད་མཛེས་མ་མཐོང་དུས་ཀེར་རུས་སུ་བསྒོམ་དགོས་པ་དང་། མ་དང་སྲིང་མོའི་འདུ་ཤེས་སྐྱེད་དོན་ཅི་ལ་ཡོད། གང་ལྟར་བུད་མེད་ལ་སླུ་ཟོལ་གྱི་ཁྱད་ཆོས་ལྡན་པ་ནི་ལྷན་སྐྱེས་དང་སྦྱོར་བྱུང་གཉིས་ཀ་འདྲེས་ཡོད། དེ་ལས་ལྡོག་སྟེ། སྐྱེས་པའི་ཁྱད་ཆོས་འབུར་དུ་ཐོན་ཤོས་ནི་བློ་ཡིད་སེམས་གསུམ་བུད་མེད་ལ་ཤོར་འགྲོ་བ་དེ་ཡིན། དོན་འདི་ནི་བློ་ཁ་ནང་དུ་ཕྱོགས་ནས་མྱོང་བ་རང་ཐོག་ལ་སྐོར་ན་ཝ་ལེར་ཤེས་ཐུབ། གལ་ཏེ་སྐྱེས་པ་ཞིག་ལ་བུད་མེད་ཅིག་ཚེ་གྲོགས་སུ་མེད་ན་འཇིག་རྟེན་འདིར་འདུག་སྟངས་མི་བདེ་བའི་སྣང་བ་འཆར་ལ། ཐ་ན་གྲྭ་བ་མང་པོ་སྤྱོད་ལམ་སྨྱོན་པ་བཞིན་དུ་འཁྱམས་པ་ཡང་རྒྱུ་རྐྱེན་རྟེན་འབྲེལ་ཞིག་ལོས་ཡོད་སྙམ། ང་ཚོ་གྲྭ་རྐྱང་དག་གིས་རྫུན་བཤད་པར་རློམ་དོན་མེད། ཁོ་ཚོ་ནི་ཆོས་ལུགས་འདོད་སྡོམ་རང་ལུགས་ཀྱི་དབང་གིས་ཅི་བྱ་གཏོལ་མེད་དུ་གྱུར་ཟིན། འཇིག་རྟེན་རྨོངས་པས“སྤྲོ་ཟེར་རྒྱུ་གྲྭ་བ་གྲྭ་རྐྱང་། འདོན་སློབ་གཉེར་ཡོད་ན་ཡང་སྤྲོ”་ཞེས་བསྟོད་པ་བྱེད་ཁུལ་བགྱིད་པ་ནི་དོན་དམ་གནས་ལུགས་དང་ག་ལ་མཐུན། ཡིན་ངོ་མ་ནི་“སྐྱ་བོ་ལྟོགས་པས་གྲྭ་བ་དྲན། གྲྭ་བ་རྒྱགས་པས་སྐྱ་བོ་དྲན་”ཟེར་བ་འདི་ལུས་ཅན་དག་གི་ཆོས་ཉིད་དང་རན་པོ་འདུག སོམས་དང་། འགྲོ་རོགས་གྲིབ་མ་ནག་རིལ། ཉལ་རོགས་པུས་མོ་སྐྱ་རིལ་ལས་མེད་པའི་མི་རྐྱང་ཞིག་ལ་སྐྱིད་དགའ་ལོངས་སྤྱོད་ཇི་ལྟར་མཆིས། དགེ་ཆོས་སྨྱོན་པས། བུད་མེད་མི་འདོད་སྐྱེས་པ་སུ་ཞིག་མཆིས། སྐྱེས་པ་མི་འདོད་བུད་མེད་སུ་ཞིག་མཆིས་ཟེར་བ་འདིས་སེམས་ཁམས་ཀྱི་རང་བཞིན་དྲང་པོར་གསུང་ཡོད། སྤྱིར་གླེང་ན་འཇིག་རྟེན་སྣང་བའི་དགའ་བདེ་འདི་འདོད་པའི་ས་བའི་སྐྱེས་པ་རྣམས་ཀྱིས་དོན་གཉེར་བྱ་བའི་གནས་ཤིག་དང་།ཕོ་མོ་གཉིས་ཀར་ཡོད་ཆོག་པའི་དོན་མཐུན་ཞིག་ལགས་ཀྱང་། བོད་ཀྱི་མཁས་པ་རྣམ་པས་སྐྱེས་པའི་རང་བཞིན་ཁྱད་དུ་བསད་ནས་འདོད་སྡོམ་རིང་ལུགས་ལ་བསྒྱུར་བ་ནི་ཧ་ཅང་ཐལ་ཆེ་བའི་བྱ་བར་སྣང་། དེ་ལྟར་སྐྱེས་པའི་རང་བཞིན་ཐུན་མོང་མ་ཡིན་པ་ལ་ཁྱད་གསོད་བགྱིས་པས། དེ་མཚུངས་སྙིང་སྟོབས་དང་སྤོབས་པའང་ཉམས་དམས་སུ་འགྱུར་བ་ནི་དངོས་ཡོད་ཀྱི་གནས་ཚུལ་ལགས། མིའི་རིགས་ཀྱི་ལོ་རྒྱུས་ལ་འཕྲེད་ཐུར་གང་དུ་གཟིགས་ཀྱང་། བུད་མེད་དག་ལས་སྐྱེས་པ་རྣམས་སྙིང་སྟོབས་ཆེ་ཞིང་སྤོབས་སེམས་ཕྱུག་པ་ནི་ཕྱིའི་ཀུན་སྤྱོད་སྟེང་ནས་གསལ་བོར་ཤེས་ཐུབ། སྐྱེས་པ་རྣམས་ལ་སྙིང་སྟོབས་དགུ་འགྱུར་དུ་དགོས་པ་དེ་འདྲ་ལགས་ཀྱང་། ང་ཚོ་གངས་ཅན་པའི་སྐྱེས་པ་རྣམས་ནི་སྙིང་སྟོབས་ཀྱང་ཐབས་མ་ཆག་པ་ཙམ་ལས། བྱ་གཞག་གི་དོན་དུ་ལུས་སྲོག་འབེན་ལ་འཛུགས་མཁན་ནི་ཉིན་མོའི་སྐར་མ་བཞིན་དུ་དཀོན། མི་དགོས་པའི་ཁྱད་ཆོས་རྣམས་ནི་གཅིག་གཅིག་གཉིས་གཉིས་སུ་བགྲང་ན་མཚན་དུས་ཀྱི་རྒྱུ་སྐར་བཞིན་དུ་བཀྲ། ཐོག་མར་གཙང་སྦྲའི་ཕྱོགས་ནས་མོལ་ན། ལོ་གྲངས་མང་པོར་བསྟུད་ནས་ལུས་ཕུང་ལ་ཆབ་ཁྲུས་མི་གསོལ་བ་དང་། སྐབས་འགར་སོ་ཤིང་དང་སོ་སྨན་ཁྱེར་ནས་ཁ་མཚིལ་གཤལ་བར་ཡང་ཚེགས་སྣང་སྐྱེ་བཞིན་འདུག མར་ཀའི་མཆིལ་ལྷམ་ཕུད་ནས་རྐང་པའི་དྲི་མར་སྣོམས་དང་། རོང་འབྲོག་གི་སྐྱེས་པ་སུ་ཞིག་གཙང་མར་མཆིས། ངོ་མ་ཁོ་ཚོས་ཆུ་ལ་གྲོན་ཆུང་གནང་བ་ཡང་མ་ཡིན་ཏེ། བོད་ཡུལ་མཚོ་དང་མཚེའུ་ཡི་བདག་པོར་གྲུབ་པས་ཤག་ཤག་ཆུ་བོར་སེར་སྣ་ག་ལ་དགོས། གཙོ་བོ་ནི་སྐྱེས་པ་རྣམས་ལ་ལེ་ལོ་ཆེ་དྲགས་པའམ་གོམས་གཤིས་ངན་པ་ཞིག་ལ་བསྟེན་དྲགས་པས་ལན། གཞན་ལེ་ལོ་སྒྱིད་ལུག་དག་ཀྱང་གང་སར་མཐོང་རྒྱུ་ཡོད། སྐྱེས་པ་ལ་ལ་ཉི་མ་ཁྱིམ་སྒོར་སླེབས་ནས་གདོང་དུ་ཕོག་ཀྱང་ད་དུང་འོག་རླུང་གཏོང་བཞིན་གཉིད་ལ་ཡུར་བ་དང་། ཁྱིམ་གྱི་ལས་ཀ་གང་མཆིས་བུད་མེད་རྣམས་ཀྱིས་སྒྲུབ་པ་ལས་ཨ་ཕས་སྒྲུབ་སྲོལ་གང་ན་མཆིས། ཨ་ཕ་ནི་ཨ་ཕ་རང་ཡིན་པས་ཨ་མའི་སྔུན་ནས་གཟི་བརྗིད་ཆེ་ཙམ་ངོམ་རྒྱུ་དང་། པུས་མོའི་སྟེང་ལ་པུས་མོ་བཞག་ནས་དུ་བ་རྔུབ་རྒྱུ་དང་སྣ་ཐལ་བཞེས་རྒྱུ་ནི་བོད་པའི་ཨ་ཕར་མཆིས་པའི་དན་རྟགས་རེད། ཡར་དགོན་པར་གཟིགས་དང་། དགོན་པའི་བླ་གྲྭ་ཐམས་ཅད་སྐྱེས་པ་ཡིན་པས་ཁོ་ཚོ་ལས་ལེ་ལོ་སྒྱིད་ལུག་ཆེ་བ་གང་ན་མཆིས། རོང་འབྲོག་གི་ལས་ཀ་ཆེ་ཆུང་གང་ལ་ཡང་མི་འཇུག་པ་དང་། ཚོང་ལས་དང་བཟོ་ལས་ལ་ནི་དེ་བས་འཇུག་སྲོལ་མེད། ངོ་མ་ཁ་གནམ་ལ་གདངས་ནས་ཟ་མ་མཆུ་ལ་སླེབས་དགོས་ཀྱི་འདུག ཀྱེ་མ་མ་ལ། བོད་རིགས་བུད་མེད་ལས་སྙིང་རྗེ་བ་ཞིག་གང་ན་མཆིས།“ཚེ་རོགས་སྡུག་དེ་ཚེ་སྡུག ཚེ་སྡུག་མུན་པ་སངས་མེད་”ཟེར་ཙ་ན། སྐྱ་བོ་དང་རབ་བྱུང་གང་ཞིག་བསྡུར་ཀྱང་བོད་པའི་སྐྱེས་པར་མངའ་བའི་ངན་གོམས་འདི་འདྲ་ནི་ཡུལ་གྲུ་གཞན་དང་མི་རིགས་གཞན་ལ་ཉུང་ཉུང་རེད། ད་ནི་ང་ཚོ་བོད་པའི་སྐྱེས་པས་ཀྱང་རང་གཤིས་རྣལ་མར་བསྟན་ནས་སྙིང་སྟོབས་དགུ་འགྱུར་གྱིས་ལས་ཀར་བརྩོན་དགོས་པ་ནི་དུས་རབས་བུ་མོས་སྐུལ་བཞིན་པའི་ཐ་ཚིག་གོ།

བསྟོད།4

དཔྱད་མཆན་སྤེལ།