མུག་ཤི་ཐེབས་པའི་སྤྱི་ཚོགས་ཀྱི་གནད་དོན།

རྫ་སྐྱེས་ཕུར་བ།

རྩོམ་མཁན་གྱི་ཤེས་ཚོད་དང་བསྡུར་ན་ཁ་བྱང་འདི་ལ་ཅུང་ཤོམ་ཆེ་བའི་སྐྱོན་ཡོད་ན་ཐང་གི འོན་ཀྱང་ཕྲན་གྱི་དཔེ་ཀློག་ཙག་ཙིག་དང་བསམ་གཞིག་ཐན་ཐུན་གྱི་ཀློང་ནས་འདི་ལས་བརྗོད་དོན་དང་འཚམས་པའི་ཐ་སྙད་ཅིག་རྙེད་མ་སོང་།
ལོ་རྒྱུས་ནི་རབ་རིབ་མག་མོག་ཅིག་ཡིན་རུང་དེ་ལ་ཕྱིར་དྲན་གྱི་རིན་ཐང་ཧ་ཅང་ལྡན་ཞེས་པའི་རྩ་འཛིན་ལྟར་མི་རིགས་གང་དེའི་ལོ་རྒྱུས་ནི་འགྲོ་བ་མིའི་རིགས་རང་བྱུང་ཁམས་ཆེན་མོ་བཅོས་བསྒྱུར་དང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་འཐབ་འཛིང་སྣ་ཚོགས་ལ་ཞུགས་པའི་གོ་རིམ་དེ་ནས་འགོ་བརྩམས་ཏེ། འཚོ་གནས་འཐབ་རྩོད། མངའ་ཐང་རྩོད་ལེན། ས་ཁོངས་རྒྱ་སྐྱེད་སོགས་མདོར་ན་མིའི་རིགས་ཀྱི་འཚོ་གནས་ཀྱི་སླད་དུ་དཀའ་སྤྱད་སྡུག་རུས་ཇི་ལྟར་བྱས་པ་རྣམས་གསལ་བར་འཁོད་ཅིང་མི་རིགས་གང་དེའི་འཕེལ་འགྲིབ་རང་བཞིན་ལ་གསལ་ཁ་གཏོད་པ་སྟེ། དར་བ་ནས་རྒུད་ཅིང་རྒུད་པ་ནས་དར་བའི་མི་རིགས་གང་དེའི་བྱུང་འདས་ཇི་བཞིན་མཚོན་ཐུབ་པ་ཡིན་དགོས་པ་ཞིག་རེད། དེ་ཡང་ལུང་དབྱིན་ཐེ་ཡིས་ང་རང་ཚོའི་གར་སྡོད་གར་འགྲོའི་སྦྱོར་དངོས་འབྲས་གསུམ་ལ་བརྡར་ཤ་གཅོད་བྱེད་ཀྱི་ཉམས་མྱོང་དེ་ལ་ལོ་རྒྱུས་རིག་པའོ་ཞེས་བཤད་དེ་ཁོང་གིས་ལོ་རྒྱུས་ནི་མི་རིག་རིག་པའི་གྲུབ་ཆ་གསུམ་གྱི་ཡ་གྱལ་གཅིག་ཏུ་བགྲངས་འདུག་པའང་མི་རིགས་སམ་སྤྱི་ཚོགས་གང་དེའི་འདས་པ་ལ་ཕྱིར་དྲན་དང་། ད་ལྟའི་གནས་བབ་ལ་བཅོས་བསྒྱུར་དང་། དེ་ལ་བརྟེན་ནས་མ་འོངས་སྔོན་མཐོང་གི་བསམ་བློ་རྣམས་གཅིག་ལ་གཅིག་རྟེན་གྱི་འབྱུང་དགོས་པས། ལོ་རྒྱུས་ནི་འདས་མ་ད་གསུམ་ལ་ཤེས་རྟོགས་དང་བསླབ་བྱ་ལེན་སའི་གནས་ཤིག་ཡིན་པར་གསུངས་པ་དེ་རང་རེད། སྤྱིར་ལོ་རྒྱུས་ཀྱི་ངོ་བོ་དང་བྱེད་ནུས་འདི་ལྟ་བུ་ཞིག་ཡིན་པ་གཞིར་བྱས་ནས། འུ་ཚོ་བོད་ཀྱི་ལོ་རྒྱུས་ལ་བལྟས་ན་མི་རིགས་རང་གི་འཕེལ་འགྲིབ་ཀྱི་བྱུང་རབས་ཐད་ལ་སྤྱི་ཚོགས་ཤིག་དང་མི་རིགས་ཤིག་གི་འདི་ཤེས་བཟུང་ནས་ལོ་རྒྱུས་རྩོམ་ཡོད་མཁན་ཉུང་ཉུང་རེད་ལ། སྔོན་མའི་ལོ་རྒྱུས་རྩོམ་མཁན་དག་ནི་ཆོས་ལུགས་ཁག་གི་མི་སྣ་མང་གྲགས་ཅན་དེ་དག་ཡིན་པ་ལས་ཁྱིམ་སྲིད་རིག་གནས་གཙོ་བོ་འཛིན་མཁན་ཞིག་བྱུང་མྱོང་མེད་པ་རེད། དེའི་དབང་གིས་དོན་དངོས་པོའི་སྟེང་གི་འུ་ཚོའི་ལོ་རྒྱུས་ནི་རྟོག་བཟོ་དང་ལྷ་སྒྲུང་རང་བཞིན་ཅན། དད་མོས་དང་ཆོས་འབྱུང་རང་བཞིན་ཅན། མི་ལས་ལྷ་གཙོ་བ། དཔྱོད་པ་མི་གཙོ་གྲགས་པ་གཙོ་བ། དངོས་ཡོད་ལས་སྒྱུ་འཕྲུལ་གཙོ་བོར་འཛིན་མཁན་ཞིག་ལས་འཁྱོངས་མེད་པ་རེད། དེ་ལྟར་ཡིན་པའང་དཔེ་མཚོན་ཁ་ཤས་ཤེས་ཐུབ་ཀི། དཔེར་ན་རྒྱལ་རབས་གསར་བའི་མེ་ལོང་གིས་བོད་ཀྱི་བྱུང་འདས་བརྗོད་སྐབས་ལྷ་སྒྲུང་དང་དད་མོས་གཙིགས་འཛིན་བྱས་པ་ལས་དཔྱོད་པ་དང་དངོས་ཡོད་གཙོ་བར་བཟུང་མེད་པ་དང་། གཉའ་ཁྲི་བཙན་པོ་ནི་སྤོ་བོའི་ཡུལ་ནས་རྒྱང་ཕུད་བྱས་ཏེ་ཡར་ལུང་དུ་ཡོང་མཁན་ཞིག་ཡིན་པར་དོན་དངོས་ཡིན་ནའང་སྔོན་མའི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོའི་ཁ་གཅིག་མཐུན་གྱིས་གཉའ་ཁྲི་བཙན་པོ་གནམ་ནས་བྱོན་ཚུལ་དང་། གཉན་པོ་གསང་བ་ནམ་མཁའ་ནས་བབས་པ་ཡིན་ཚུལ་བཤད་པ་རེད། སྲོང་བཙན་གྱི་མགོ་ན་འོད་དཔག་མེད་ཀྱི་སྐུ་ཡོད་པ་དང་ཨུ་དམ་བཙན་ལ་རྭ་ཡོད་པར་སྒྲོ་བཏགས་པ་རེད། རྩེད་ཐང་བྲག་ཕུག་གི་སྤྲ་མོ་དེ་ལ་བྲག་སྲིན་མོ་བཏགས་པའང་དོན་དངོས་ཤིག་ག་ལ་ཡིན། འདི་ལྟ་བུའི་ལོ་རྒྱུས་ཀྱི་ཟུར་སྣེ་ཅུང་ཙམ་རེ་མཐོང་བས་ཀྱང་ཤེས་ཐུབ་གི འདི་ལྟ་བའི་རྟོག་བཟོ་དང་ལྷ་སྒྲུང་རང་བཞིན་གྱི་ལོ་རྒྱུས་དེའི་བྱེད་ནུས་ལས་ད་ལྟ་ལ་ཐུག་གི་བར་ཏུ་འུ་ཚོའི་རང་བྱུང་འཚོ་གནས་དང་སྲིད་པའི་བདེ་སྐྱིད་ཀྱི་ཕུན་ཚོགས་ཡོད་ཚད་རྩ་བ་ལྷ་ལ་ཐུག་ཅིིང་ལྷ་མཆོད་ཀླུ་མཆོད་བྱས་པ་ལས་ད་གཟོད་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་བདེ་ལེགས་འབྱུང་བ་སོགས་ལ་རློམ་པ་དང་། ཆུ་ཀློང་གློ་བུར་བརྡོལ་བ་དང་། ས་འགུལ་འཚབ་ཆེན་བྱུང་བ་སོགས་ཀྱིས་མཚོན་འཇིག་རྟེན་གྱི་མི་འདོད་པ་ཡོད་ཚད་ཀྱང་བདུད་དང་འདྲེ་ཡིས་བྱས་པར་ཡིད་ཆེས་བྱེད་པ་ལས་འདི་དག་ཡོད་ཚད་པོ་དངོས་པོ་རྟེན་འབྱུང་གི་རང་བཞིན་ཞིག་དང་ཕྱི་རོལ་རྡུལ་ཕྲ་རགས་སྣ་ཚོགས་གཅིག་ལ་གཅིག་རྟེན་དང་ཕན་ཚན་ལྟོས་གྲུབ་ཀྱི་རང་བཞིན་དུ་གནས་ཡོད་པར་སྙམ་གྱི་མེད་པ་རེད། འདི་ལྟ་བུའི་ལྷ་སྒྲུང་རང་བཞིན་ཅན་གྱི་ལོ་རྒྱུས་དང་གཏམ་རྒྱུད་དེ་དག་གིས་འུ་ཚོའི་སེམས་ཁམས་དང་བསམ་བློ་ཡོད་ཚད་པོ་ལྷ་སྒྲུང་གི་འདུ་ཤེས་ཅན་དུ་བསྒྱུར་བ་རེད། འདུ་ཤེས་དེའི་དབང་གིས་འུ་ཚོའི་སེམས་ཁམས་ན་མ་བརྟགས་རང་ཆས་སུ་རང་བྱུང་ཁམས་ཀྱི་འཕེལ་འགྲིབ་ཡོད་ཚད་ལྷ་ཀླུ་གཉན་གསུམ་གང་རུང་གིས་བྱས་པར་རློམ་པའི་ཡིད་ཆེས་ཤིག་བྱུང་བ་རེད། དེའི་དབང་གིས་འུ་ཚོ་རང་བྱུང་ཁམས་དང་འབྲེལ་མེད་རྒྱང་ཆད་དུ་གནས་དགོས་བྱུང་བ་རེད། རང་བྱུང་ཁམས་ཀྱི་ཆག་འཇིག་གི་གནས་སྟངས་གང་ལ་རྒྱུས་མངའ་མེད་པར་གྱུར་བ་རེད། འུ་ཚོར་རང་ཉིད་ཀྱི་འཚོ་གནས་སུ་གྱུར་བའི་རང་བྱུང་ཁམས་འདིའང་ཅི་ཡིན་འདི་ཡིན་མི་ཤེས་པར་ངོ་བོ་ཕྲ་བའི་སྐལ་དོན་དུ་སོང་བ་རེད། གལ་ཏེ་འུ་ཚོར་རང་བྱུང་ཁམས་ཀྱི་འཕེལ་འགྲིབ་ལ་ངོས་འཛིན་ཞིག་ཡོད་ཟེར་ན་དེ་ནི་ལྷ་སྒྲུང་ཞིག་དང་རྟོག་བཟོ་ཞིག་ཡིན་རྒྱུ་རེད། གང་ལྟར་ཚན་རིག་དང་མཐུན་པ་ཞིག་གཏན་ནས་འོང་ས་མེད་པར་བྱས་ཡོད་པ་རེད། སྔོན་ནས་ད་ལ་ཐུག་གི་བར་ཏུ་འུ་ཚོར་རང་བྱུང་ཚན་རིག་ཟེར་བ་ཞིག་ཡོད་མ་མྱོང་བའི་གནད་དོན་ནི་འུ་ཚོའི་ལོ་རྒྱུས་དང་གཏམ་རྒྱུད་འདི་དག་ལན་པ་རེད། འདི་དག་འུ་ཚོར་རང་བྱུང་ཚན་རིག་ཏུ་འབོད་པའི་རིག་གནས་དེ་དར་བའི་འགལ་རྐྱེན་དུ་གྱུར་སོང་བ་རེད།ཡང་གཅིག་བཤད་ན་འུ་ཚོའི་སྤྱི་ཚོགས་ནང་ན་སྤྱི་ཚོགས་རིག་གནས་ཀྱི་རྨང་གཞི་ཡོད་པའི་མི་བུ་དུ་ཙམ་ཡོད་དམ། གྲངས་ཀ་བརྩི་ཆོག་ཆོག་རེད། དེ་ནི་བརྡ་སྤྲོད་གཞུང་ལུགས་ཀྱི་ནུས་པས་མ་ལྕོགས་པ་དང་ཐ་སྙད་ཚིག་སྡེབ་ཀྱི་སྐད་ཆས་མ་འདང་བའི་སྐྱོན་ཞིག་མིན་པར། གོང་དུ་གསལ་བ་བཞིན་ད་བར་དུ་རྟོག་བཟོ་། ལྷ་སྒྲུང། དད་མོས། ཆོས་འབྱུང་། གཏམ་རྒྱུད་ཅིག་ལ་གཙིགས་འཛིན་དང་ཡིད་ཆེས་བྱས་ནས་འོང་བས་འུ་ཚོར་རིག་གནས་འདི་ཚུར་ལེན་བྱེད་པའི་སྐལ་བ་མེད་སོང་བ་རེད། མ་གཞི་སྤྱི་ཚོགས་རིག་གནས་ཞེས་པ་ནི་ཆབ་སྲིད་རིག་པ། དཔའ་འབྱོར་རིག་པ། སློབ་གསོ་རིག་པ། མི་རིགས་རིག་པ་རྣམས་ཀྱི་བསྡུས་མིང་ཞིག་ཡིན་ནའང་། འདི་དག་གཅིག་ཀྱང་འུ་ཚོར་དར་ཐུབ་ཡོད་པ་མ་རེད། ཆབ་སྲིད་རིག་པ་འདི་གཅིག་བུ་ལའང་སྔོན་འགོག་གི་ནག་ཉེས་ཚད་མེད་པ་དང་གྲངས་ཀྱིས་མ་ལངས་པ་ཞིག་བྱུང་བ་ནི། རྒྱལ་བ་ཚངས་དབྱངས་བ་ཅིའི་ཕྱིར་རྒྱང་ཕུད་བྱས་པ་དང་། ལུང་ཤར་རྡོ་རྗེ་ཚེ་བརྟན་གྱི་གསོན་མིག་ཅིའི་ཕྱིར་བཏོན་པ། དགེ་ཆོས་འདུན་ཆོས་འཕེལ་ཅིའི་ཕྱིར་བཙོན་དུ་བཅུག་པ་སོགས་ལ་བསམ་བློ་ཕྲན་ཙམ་བཏང་ནའང་ཤེས་ཐུབ་གི ད་ནི་སྔོན་མ་ནང་བཞིན་མི་ཤེས་ཤེས་མདོག་བསྟན་ཏེ་སྒམ་ཚིགས་ངོམས་པ་དང་། ཁ་དང་ལག་པ་འཁོབས་ཏེ་ཆོས་ལུགས་ཟེར་བའི་སྐབས་མ་རེད། ད་ནི་སྔོན་མ་ནང་བཞིན་མགོ་འདོགས་སྐྱབས་བཅོལ་དང་། ཆོས་ལུགས་མཆོད་ཡོན་གྱི་འབྲེལ་བ་འཛུགས་པའི་སྒང་མ་རེད། ད་ནི་སྔོན་མ་ནང་བཞིན་ནང་མི་ནང་གིས་གསོད་ཅིང་ནང་འཁྲུག་ནང་གིས་སློང་བ། ཕྱི་དགྲ་གྲོགས་སུ་སྦྲན་པ་སོགས་བསམ་མེད་སྨྱོ་རྟགས་སྟོན་པའི་ཚོད་མ་རེད། ད་ནི་ཁྱོད་ལའང་ཆོས་ལུགས་ལས་འགངས་ཆེ་བའི་འཚོ་གནས་ཤིག་དང་དད་པ་ལས་གཙོ་ཆེ་བའི་ཚེ་སྲོག་ཅིག་ཡོད་པ་ཤེས་དགོས་པའི་དུས་སུ་སླེབས་འདུག

བསྟོད།8

དཔྱད་མཆན་སྤེལ།