མྱ་ངན་དང་སེམས་གསོ།

འོད་ནག

མྱ་ངན་དང་སེམས་གསོ།

1

ས་ཡོམ་གྱི་རླུང་དམར་གཅིག་གིས་སྙིང་རྗེ་མེད་པར་ཁྱེར་བའི་རྣམ་ཤེས་ཁྲི་མ་འབུམ།བདེ་བར་བཞུད་དང་།སྐྱེ་འཆི་ནི་མ་གཞི་ནས་ཆོས་ཉིད་དུ་གྲུབ་པས།སུ་དང་གང་ལ་ཡང་འཁང་ར་མི་གནང་བར་ལྷིང་འཇགས་ཀྱིས་བཞུད་དང་།ང་ཚོས་སྐད་སྒྲ་མེད་པའི་མིག་ཆུ་ཞིག་སེམས་སུ་བསགས་ནས་མྱ་ངན་ཞུ་ཀི་ཡོད།ང་ཚོས་ཡིག་དྲུག་གི་ཟློས་དབྱངས་དྲོན་མོ་ཞིག་ངག་ལ་གྱེར་ནས་སྐྱེལ་མ་བྱེད་ཀི་ཡོད།

2

གང་ན་ཡོད།ས་རྡུལ་དང་རྡོ་ལྕགས་འོག་ན་གཟིམ་ལ་ཉེ་བའི་ཚེ་སྲོག་ལགས་གང་ན་ཡོད།ང་ཚོས་སེན་མགོ་ཁྲག་ལ་བརྫིས་ནས་ཁྱེད་རང་འཚོལ་བཞིན་ཡོད།རྔུལ་ཆུ་རྒྱ་མཚོར་བསགས་ནས་ཁྱེད་རང་འཚོལ་བཞིན་ཡོད།ང་ཚོས་རེ་བ་སྟོང་ཕྲག་གིས་ཉིན་མཚན་མེད་པར་ཁྱེད་རང་འཚོལ་བཞིན་ཡོད།ཆག་འཇིག་ཀློང་གི་ང་ཡི་སྙིང་ཉེ་བའི་ཚེ་སྲོག་ལགས།ཤུ་རེ་བྱོས་དང་།

3

ཤི་སོང་ན་དགའ་ཀི་མ་ཟེར་དང་།གསོན་ཡང་སྙིང་བོ་མེད་ཀི་མ་ཟེར་དང་།ང་ཡི་ཡུལ་ཤུལ་མི་དམངས།བཞུད་ཟིན་པའི་ཕ་མ་དང་ཕུ་ནུ་སྤུན་སྲིང་རྣམས་ཀྱིས་ཁྱེད་རང་མ་ཤི་གསོན་ནས་ཡོད་པར་དགའ་ཀི་ཡོད།ཁྱེད་རང་མུ་མཐུད་དུ་བདེ་སྐྱིད་ཀྱིས་འཚོ་བ་རོལ་རྒྱུར་རེ་བ་བྱེད་ཀི་ཡོད།ད་དུང་མིའི་རིགས་ཀྱི་སྤུན་ཟླ་ཡོངས་ཀྱིས་ཀྱང་།ཁྱེད་ཚོ་དང་ལྷན་དུ་སྐྱིད་སྡུག་ཁུར་བོ་མཉམ་ཁུར་བྱེད་རྒྱུར་བློ་ཐག་རྦད་ཀྱིས་བཅད་ཡོད།གོ་ཨེ་ཐལ་ལགས།ང་ཡི་སེམས་མཐིལ་ན་མྱ་ངན་གྱིས་འགུལ་བཞིན་པའི་ཡུལ་ཤུལ་མི་དམངས།

4

ཁ་སང་ནི་ཆག་འཇིག་གིས་གྲུབ་ཀྱང་།དེ་རིང་ནི་སྡུལ་བསྔལ་གྱིས་བརྡོལ་ཡང་།ད་དུང་སང་ཉིན་ཡོད་པས་རེ་ཐག་མ་ཆད་དང་།སང་ཉིན་དེ་ལ་ང་ཚོས་མཚར་སྡུག་གི་དཔལ་ཡོན་བསུ་ཆོག་པས།ང་ཡི་ཡུལ་ཤུལ་མི་དམངས།ཅིས་ཀྱང་མུ་མཐུད་དུ་གསོན་ནས་རྒྱལ་ཁ་ལེན་དུ་ཡར་ལོངས་ཤོག་དང་།ང་ཚོ་ནམ་ཡང་མཉམ་དུ་ཡོད།ང་ཚོ་ནམ་ཡང་མཉམ་དུ་བསྐྱོད།མིའི་རིགས་ཀྱི་ཡུལ་ཤུལ་མི་དམངས།

2010.4.15ཉིན་གྱི་ཁོམ་སྐབས་ཤིག་ལ་གདུང་སེམས་དང་བཅས་ཤར་མར་བྲིས་སོ།།

བསྟོད།7

དཔྱད་མཆན་སྤེལ།