ལྷ་སའི་སྲོག་སྤུན་དག་གི་གྲོས་འདེབས།

ལྷ་སའི་སྲོག་སྤུན་དག

ལྷ་སའི་སྤུན་ཟླ་ཚོས་སྐྱིད་སྡུག་མཉམ་མྱོང་གི་གྲོས་འདེབས།
ཤ་རུས་དང་གདུང་སེམས་འོ་མཚོ་གཅིག་ཏུ་འབྲེལ་བའི་ཡུལ་ཤུལ་གྱི་སྤུན་ཟླ་འདས་གསོན་ཡོངས་ལ།

འདི་ག་ལྷ་ས་ཕྱོགས་ནས་ངེད་ཅག་ཚུད་པའི་ཡུལ་མི་སྤུན་ཟླ་ཚོས་ད་ཐེངས་ས་འགུལ་ཁྲོད་རྐྱེན་ལམ་དུ་སོང་བའི་འདས་པོ་ཚོའི་རྣམ་ཤེས་བླ་བདེ་བའི་ཆེད་དུ་དམིགས་ནས། འགའ་རེས་ཇོ་བོ་ཡིད་བཞིན་ནོར་བུ་དང་འཕགས་པ་ལོ་ཀི་ཤྭ་རའི་སྐུ་མདུན་དུ་གསེར་ཀོང་ཕུལ་ཏེ་བསྔོ་བ་སྨོན་ལམ་ཞུ་བ་དང་། འགའ་རེས་གདན་ས་ཁག་དང་ར་མོ་ཆེ། སངས་རྒྱས་སྟོང་སྐུའི་མདུན་དུ་མར་མེ་བརྒྱ་མཆོད་སྟོང་མཆོད་འབུལ་བ། རྨེ་རུ་རྙིང་པའི་ནང་དུ་མ་ཎི་དང་སིདྡྷི་འབུམ་སྒྲུབ་བྱེད་སར་མ་ཎི་དང་སིདྡྷི་འདོན་སྐུལ་གྱི་ཞལ་འདེབས་ཕུལ་ནས་བསྔོ་སྨོན་སྐྱབས་འཇུག་ཞུ་ནས་བདུན་ཚིགས་བསྲུང་བ་དང་མྱ་ངན་ཞུ་བའི་སེམས་པ་མཚོན་པ་དང་།
ཤུལ་ལུས་རྨས་སྐྱོན་བྱུང་པ་རྣམས་མྱུར་དུ་ནད་རྨས་ལས་དྲག་སྐྱེད་ཡོང་བ་དང་། གསོན་པོར་འཚོ་བ་རྣམས་ཀྱི་སེམས་ཀྱི་རྨ་ཁ་མྱུར་དུ་སོས་ཏེ་དཀའ་ཁག་གི་གེགས་རྐྱེན་ལས་ཐར་བའི་གསོལ་བ་སྨོན་ལམ་འདེབས་པ། འཚོ་བའི་མཐུན་རྐྱེན་དུ་དམིགས་པའི་ཇ་མར་རྩམ་པ་སོགས་ཉོས་ཏེ་འདི་གའི་རྒྱ་གྲམ་དམར་པོ་དང་སྤྱི་ཚོགས་ཚོགས་པ་ཁག་བརྒྱུད་ནས་དེ་ཁུལ་དུ་བསྐུར་ཐབས་བྱེད་པ་བཅས། རང་རང་གི་འཁོས་འབྱོར་ལ་གཞིགས་པའི་རོགས་སྐྱོར་གྱི་ཞབས་ཞུ་གང་ཡོང་ཅི་ཡོང་བྱེད་ནས་གདུང་སེམས་མཉམ་བསྐྱེད་དང་སེམས་གསོ་མཚོན་ཐབས་ཞུ་བཞིན་འདུག ། གནོད་འཚེ་ཕོག་ཁུལ་གྱི་སྤུན་ཟླ་ཁྱེད་རྣམ་པའང་། ཐུགས་སེམས་མ་ཕམ། དཔའ་མ་ཞུམ་དང་། སྡུག་གི་མུན་པ་ལ་དྭངས་རྒྱུ་ཡོད། སྙིང་ལ་རུས་པ་བཅུག་ནས་རིག་པ་སྒྲིམ་ཤོག་དང་། ང་ཚོའི་སེམས་པ་ནམ་ཡང་ཁྱེད་ཚོ་དང་མཉམ་དུ་གནས་ཡོད། ང་ཚོ་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་། ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་མ་འོངས་བདེ་དྲོད་འཁྱིལ་བའི་ཁྱིམ་གཞིས་དྲོན་མོ་ཞིག་སླར་ཡང་གསར་སྐྲུན་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་གནང་རོགས།
དེ་དང་ཆབས་ཅིག་ཞུ་རྒྱུ་གཅིག་ལ། འདི་ཕྱོགས་ལྷ་ས་སོགས་ནས་ལོ་ལྟར་གྱི་སྤྱི་ཟླ་བདུན་པ་བརྒྱད་པ་ཙམ་ལ་རྒྱ་ནག་སོགས་སུ་སློབ་གྲ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་ཡིག་རྒྱུགས་འཕྲོད་དེ་སློབ་གྲར་འགྲོ་མཁན་རྣམས་ལ་“དགའ་སྐྱེལ་”ཟེར་བའི་སྔར་མེད་གསར་སྤྲོས་ཀྱི་ལུགས་སྲོལ། རང་གཞན་གཉིས་ཀའི་དུས་ཚོད་འཕྲོ་བརླག་གཏོང་བ་དང་དངུལ་དངོས་གཏོང་ལེན་དང་ངོ་སྲུང་གཏམ་འདོད་ལྟོགས་བླ་རྩལ་དུ་འདོན་པའི་རྒྱས་ཤོམ་ཆེན་པོའི་བྱ་བ་སྙིང་པོ་མེད་པ་ཞིག་བྱེད་ཀྱི་ཡོད་པ་དེའང་། ད་ཐེངས་རྐྱེན་ཆག་ཆེན་པོའི་ཁྲོད་འདས་གྲོངས་སོང་བ་དང་གོད་ཆག་ཤོར་བའི་ཡུལ་མི་སྤུན་ཟླ་རྣམས་ཀྱི་ངོ་ལ་གཟིགས་ནས་མྱ་ངན་གྱི་གདུང་སེམས་མཚོན་ཆེད། ད་ལོ་ནས་དེ་ལྟར་མི་བྱ་བར་མཚམས་འཇོག་གནང་རྒྱུའི་འབོད་སྐུལ་དང་གྲོས་འདེབས་ཞུ་རྒྱུ་ཡིན་པས། ལྷག་པར་དུ་དུས་ཚོད་དེ་སླེབས་ཉེར་ཡོད་དུས་ནས་ཚང་མས་དངོས་ཤུགས་བརྒྱུད་གསུམ་ནས་དགག་བྱའི་ཞུ་སྐུལ་གནང་རྒྱུའི་གྲོས་འགོ་འདོན་གྱི་ཡོད་པས་དོན་དེར་ཚང་མས་དོ་སྣང་དང་རྒྱབ་རོགས་གནང་རོགས།
སྤྱིར་བཤད་ན་ལོ་རེའི་དུས་ཚོད་ཡག་ཤོས་ཀྱི་སྐབས་དེར་རྒྱལ་ཁམས་ཀུན་གྱི་མི་ཚོས་ཚ་ཚ་འུར་འུར་གྱི་ལས་ལ་འབད་འབུངས་བྱེད་པའི་དུས་ཅིག་ཡིན་ནའང་། ང་ཚོས་ནི་དགའ་སྐྱིད་ཆང་འཐུང་དང་། མགྲོན་འབོད་གླིང་གཏོང་། ཚང་མ་དུས་རྒྱུན་མཉམ་དུ་ཡོད་བཞིན་དུའང་། “ང་ཚོ་འདི་ལ་འཛོམས་འཛོམས། མཉམ་དུ་འཛོམས་རྒྱུ་བྱུང་ན།” ཞེས་གླུ་བརྒྱ་ངག་གཅིག་དེ་ཡང་གཏོང་བསྐྱར་གཏོང་བྱེད་ནས་ཧ་ཧ་ཧུ་ཧུའི་ངང་མི་ཚེ་ཉི་མ་སྟོང་ཟད་ལ་སྐྱེལ་གྱི་ཡོད་པ་རེད།
འདིའི་ཐད་ད་ལྟའི་སེམས་སྐྱོའི་གནས་སྐབས་དང་ཟུང་འབྲེལ་གྱིས་སྔོན་ཚུད་ནས་ཕྱོགས་ཡར་མར་གང་ས་ནས་(གཙོ་བོར་ལྷ་སར་དམིགས་ཏེ་)གླེང་ཕྱོགས་བཟོ་བ་དང་སྦྱར་བྱང་སྤེལ་བ། གྲོས་འགོ་འདོན་རྒྱུའི་རེ་བ་གལ་ཆེ་ནན་ཆེ་ཞུ་ཞུ།
ཞེས་ལྷ་ལྡན་ཇོ་བོའི་ཉེ་འགྲམ་ནས་གུས་ཕུལ།

བསྟོད།6

དཔྱད་མཆན་སྤེལ།