འོད་ནག་གིས་འདི་འདྲའི་གྲོས་གཞི་བཏོན་ཐལ།

འོད་ནག

འོད་ནག་གི་མགྲིན་ཚབ་གསལ་བསྒྲགས།

ཡུལ་ཤུལ་དུ་ས་ཡོམ་བྱུང་བའི་ཉིན་འདི་དག་ལ།བོད་ཀྱི་དགེ་འདུན་པ་རྣམས་གཙོ་བྱས་བོད་དམངས་གང་མང་ཞིག་ཀྱང་གནོད་ཐེབས་ས་ཁུལ་དུ་དངོས་སུ་བསྐྱོད་ནས།གནོད་ཐེབས་ས་ཁུལ་དུ་གནོད་སྐྱོབ་རོགས་འདེགས་གང་ལེགས་བྱས་པ་ནི་ཧ་ལས་པའི་ཚད་དུ་ཡོད་ཀྱང་།གསར་འགྱུར་སྤེལ་སྟོན་ཁག་ཏུ་ཕྱི་ནང་གི་རྒྱུ་རྐྱེན་གང་མང་གིས་ཚད་བཀག་བྱས་ཡོད་སྟབས།ལྷག་ཏུ་ཡིག་འབྲི་དང་དྲ་འཇུག་གི་ཡོན་ནུས་ཞན་པའི་གནོད་སྐྱོབ་གྲོགས་པོ་རྣམས་ལ་རོགས་རམ་ཞིག་གི་ཚུལ་དུ།གནོད་སྐྱོབ་གྲོགས་པོ་རྣམས་ཀྱིས་འོག་གི་ཨང་གྲངས་འདི་དག་བརྒྱུད་དེ་ཕྲན་ལ་ལས་ཡུལ་དངོས་ནས་རྙེད་པའི་མཐོང་ཐོས་མྱོང་གསུམ་སོགས་དྲང་བཤད་ཀྱིས་འབྲེལ་བ་བྱོས་དང་།ཕྲན་གྱིས་སྐུ་ཉིད་ཀྱི་མགྲིན་ཚབ་བྱས་ཏེ་རང་ནུས་ཅི་ཡོད་ཀྱིས་བོད་ཡིག་དྲ་བ་དག་ཏུ་གནས་ཚུལ་དག་འགོད་པར་བྱ་ལགས།

ཕྲན་གྱི་ཁ་པར/15117006507གླེང་མོལ/1341958010

ཞོར་དུ་སྨྱུག་འཛིན་པ་རྣམས་ལ་གྲོས་གཞི་ཞིག་འདོན།

དོན་དངོས་དང་དྲང་བདེན་ལ་དགའ་བའི་བོད་ཀྱི་སྨྱུག་ཐོགས་པ་རྣམས་ལགས།འུ་ཚང་གི་མགོ་ཐོག་ན་ཡོད་པའི་གནམ་དམར་པོ་འདིས་གཞོག་གཏུབ་སྤས་གསུམ་སོགས་ཀྱིས་ནམ་ཡང་ཁོ་རང་ལ་ཕན་པའི་གནས་ཚུལ་ལས་མི་བསྒྲགས་པ་དང་།བོད་དམངས་ཕལ་བ་དག་ལ་མཚོན་ན་བོད་སྐད་ལས་སྐད་ཡིག་གཞན་མི་ཤེས་པ་དང་།གསར་འགོད་པ་མང་ཆེ་ཤོས་བོད་སྐད་མི་ཤེས་པའི་མི་རིགས་གཞན་ཡིན་པ་དང་།བོད་ཀྱི་གནོད་སྐྱོབ་རོགས་འདེགས་པ་རྣམས་ཀྱི་མཐོང་ཐོས་མྱོང་གསུམ་སོགས་ཀྱི་གནས་ཚུལ་གསར་འགྱུར་ཁག་ཏུ་ཐོན་བཞིན་མེད་པ་སོགས་ལ་བལྟས་ན།འུ་ཚོ་སྨྱུག་ཐོགས་པ་དག་གིས་མྱ་ངན་གྱི་རྩོམ་ཡིག་དམ་དུམ་རེ་བྲིས་ཏེ་འདུག་ཚོད་ཅིག་གཏན་ནས་མ་ཡིན་པར།

གནོད་ཐེབས་ས་ཁུལ་གྱི་དོན་དངོས་འཚོལ་བ་དང་།གནོད་ཐེབས་མི་དམངས་ཚོའི་སེམས་ཀྱི་སྐད་ཆ་འཚོལ་བ་དང་།བོད་མྱི་གནོད་སྐྱོབ་རོགས་འདེགས་པ་རྣམས་ཀྱི་མཐོང་ཐོས་མྱོང་གསུམ་སོགས་འཚོལ་ནས།མདོར་ན་གོ་སྐབས་མ་ཤོར་བ་ཞིག་དང་ཕངས་འགྱོད་མེད་པ་ཞིག་བྱ་རྒྱུ་གལ་ཤིན་ཏུ་ཆེ་བས།སྨྱུག་ཐོགས་པ་རྣམས་ཀྱི་རྩ་འཛུགས་ཡོད་པའི་སྒོ་ནས་འདིའི་ཐད་ཀྱི་ཚོགས་ཆུང་བསྒྲུབ་པ་དང་།ཡང་ན་རང་རང་ས་ནས་འདིའི་ཐད་ཀྱི་ལས་འགན་རེ་བསྒྲུབ་དགོས་པར་འདོད་དོ།།

2010.4.22/ཉིན་ནུས་པ་ཞན་པའི་འོད་ནག་ནས་གསལ་འདེབས་སུ་གུས་པས་བྲིས།

བསྟོད།6

དཔྱད་མཆན་སྤེལ།