དགོས་དབང་གིས་སྐད་ཆ་དམར་དམར་རེ་བཤད་ན།

སྤྱན་དུངས།

དགོས་དབང་གིས་སྐད་ཆ་དམར་དམར་རེ་བཤད་ན།
-----ཡུལ་ཤུལ་ས་འགུལ་དང་འབྲེལ་བའི་དྲན་འཆར་རེ་གཉིས།

ཉེ་བའི་ཡུལ་ཤུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་ཅན་གྱི་ས་འགུལ་བྱུང་བའི་དོན་རྐྱེན་དེས་ད་ལྟ་ཕྱི་ནང་གི་ཁོར་ཡུག་ཡོད་ཚད་ཅུང་ཟང་ཟིང་ལང་ལོང་དུ་གྱུར་ཡོད་ཚོད་རེད། དེ་ཡང་གཞན་མ་ཡིན་ཏེ་གཙོ་བོ་མིའི་ཚེ་སྲོག་གྲངས་མེད་ཅིག་གི་དབུགས་ཀྱི་རྒྱུ་བ་སྐད་ཅིག་ཏུ་ཆད་ཅིང་མིའི་འཚོ་བ་གྲངས་མེད་ཅིག་གློ་བུར་བའི་ཆག་འཇིག་དྲག་པོས་དེད་སོང་བས་མ་ཡིན་ནམ། གང་ལྟར། ད་ལྟ་ང་ཚོས་མིག་རིག་རིག་དང་རྣ་ཀྲོག་ཀྲོག་གིས་གཞན་ལ་ཉན་ཏེ་ཚོར་བའི་འཐོམ་སྦྲིད་དུ་འཁུམ་སྟེ་འདུག་པ་ལས་ཞིབ་ཏུ་ཡུལ་ཤུལ་ས་འགུལ་གྱིས་བསླངས་བའི་ཁྲ་ཁྲ་རིག་རིག་གི་སྣང་ཚུལ་དག་གི་གསང་བའི་རྟག་རྒྱབ་ལ་བསམ་གཞིག་བཏང་ན་འགྲིག་པར་འདོད།
ས་འགུལ་དེས་མིའི་ཚེ་སྲོག་ཁྲི་ཕྲག་མང་བོ་སྐད་ཅིག་མར་བརླག་འདུག་པས་ང་ཚོར་ཚེ་སྲོག་ཅེས་བའི་ཡིག་འབྲུ་འདི་གཉིས་ཀྱིས་ཚོད་ཚོད་ལ་ཁོང་འདར་བསླངས་ངེས་རེད་ལ། ཚེ་སྲོག་ཅེས་བའི་ཡིག་འབྲུ་འདི་གཉིས་ཀྱིས་ཚོད་ཚོད་ལ་མིག་ཆུ་ཡང་འཕྱོར་དུ་འཇུག་ངེས་རེད། མིའི་ཚེ་སྲོག་ནི་གོང་བཀུར་བྱེད་ཀྱང་རླབས་ཆེན་དུ་སྒོམ་པའི་བསམ་པའི་འདུ་ཤེས་དེའི་ངོས་ནས་ང་ཚོས་འདས་པོ་དག་གི་ཚེ་སྲོག་གི་ཆག་འཇིག་དེ་ལ་འཕངས་སེམས་དང་བཅས་ཏེ་མྱ་ངན་གྱི་མགོ་བོ་སྨད་ཆོག་ཆོག་རེད་ལ། འཚོ་བ་ནི་དོན་སྙིང་ཅིག་ཏུ་སྒོམ་པའི་བསམ་པའི་འཆར་སྒོ་དེའི་སྔུན་ནས་ཀྱང་ང་ཚོས་འདས་པོ་དག་གི་ཚེ་སྲོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་སྟོན་ཆོག་ཆོག་རེད། ད་དུང་ཤ་དང་ཁྲག་གི་རྒྱུད་པ་གཅིག་ཀྱང་རི་དང་ལུང་བའི་སྒར་ཁ་གཅིག་པའི་ཡུལ་ཤུལ་ས་ཁུལ་གྱི་བོད་རིགས་སྤུན་ཟླ་རྣམ་པར་རིགས་ཞེན་གྱིས་བསླངས་བའི་སེམས་ཀྱི་མཆོད་རྐོང་རྡོག་གཅིག་ཀྱང་སྒྲོན་ཆོག་ཆོག་རེད་ཨང་།
འོན་ཀྱང་། ང་ཚོས་ཡུལ་ཤུལ་གྱི་འདས་པོ་དག་ལ་མྱ་ངན་གྱི་སྙན་ངག་ཐན་ཐུན་རེ་བྲིས་ཏེ་གནམ་རྒན་མར་སྡུག་རྩུབ་ཆེ་རབས་དང་མི་ནི་ཉོམ་ཆུང་ཡིན་རབས་སོགས་སྡུག་བཤད་རྡབ་རྡིབ་རེ་དང་མི་ཚེ་ནི་མི་རྟག་པ་དང་འཚོ་བ་ལ་སྙིང་བོ་མེད་པ་སོགས་ཆོས་བཤད་ཙག་ཙིག་རེ་བྱས་ཏེ་རང་མལ་ནས་མ་ནི་དང་བར་ཆད་ལམ་སེལ་ཕྲེང་སྐོར་རེ་ཡིས་ང་ཚོ་སྨྱུག་འཛིན་པ་ཞིག་གི་འགན་ཁུར་ཁྱོན་ནས་གྲུབ་མ་སོང་བར་འདོད།
ཁྱོད་ཀྱིས་ས་འགུལ་ནི་རང་བྱུང་གི་གནོད་འཚེ་ཞིག་སྟེ་སུས་ཀྱང་འགོག་ཐབས་མེད་པ་ཞིག་ཏུ་འདོད་ཀྱང་ཆོག་མོད། འོན་ཀྱང་། ས་འགུལ་རྗེས་ཀྱི་ཁྲ་ཁྲ་རིག་རིག་གི་སྣང་ཚུལ་མང་བོ་ཞིག་ལ་ཆེས་མ་མཐའི་བསམ་གཞིག་གི་སྨྱུག་ཁ་བསྐོར་དགོས་བར་འདོད། མིག་སྔའི་ཡུལ་ཤུལ་ས་ཁུལ་གྱི་གནས་བབས་ཧ་ཅང་རྙོག་འཛིང་ཅན་ཞིག་སྟེ་དེ་ན་ད་ལྟ་དགེ་ལེན་པ་དང་མིང་ལེན་པ། ཐ་ན་མྱི་ལེན་པའང་མང་བོ་འདུག་སྐད། སྐབས་འདིར་ང་ཚོས་ཡུལ་ཤུལ་ས་ཁུལ་གྱི་འདས་བོ་དག་སྐྱོབ་མ་ཐུབ་ཀྱང་གསོན་པོ་དག་སྲུང་ཐུབ་དགོས་འདུག ཡང་ཕྱོགས་གཞན་ཞིག་ནས་ཡུལ་ཤུལ་གྱི་མིར་མ་དམིགས་པར་མྱིང་ལ་དམིགས་པའི་གོང་རིམ་གྱི་རོགས་སྐྱོར་དེ་དག་གིས་རོགས་སྐྱོར་རྒྱུ་རྫས་ཁུལ་ཐོག་གི་སྨྱན་བྱེད་དང་པར་ཆས། གསར་འགོད་པ་དང་རྒྱང་སྒྲོག་པའི་མདུན་ན་སྤུངས་བ་ལས་གཞི་རིམ་གྱི་གནོད་ལྡན་ས་ཁུལ་ལ་ཐོན་གྱིན་མི་འདུག འཆར་གཞི་དང་དམིགས་ཡུལ་བཙུགས་ཚར་བའི་རོགས་སྐྱོར་བ་དེ་དག་གིས་མདོར་ན་ང་ཚོར་མྱིག་སྐྲངས་ཐོག་ལ་ཁུ་ཚུར་བྱེད་ཀྱིན་འདུག ང་ཚོའི་ཡུལ་ཤུལ་གྱི་དྭ་ཕྲུག་དག་བསྡུས་ཏེ་གར་སྟེགས་གང་རུང་གི་སྟེང་ནས་ཁྱེད་ཚང་གི་རྒྱབ་སྐྱོར་ཚད་མེད་གནང་སོང་བས་ང་ཧ་ཅང་སྐྱིད་ཅེས་བའི་སྐད་ཆ་རྫུན་མ་ཞིག་བསླབ་སྟེ་འཛམ་གླིང་ལ་སྒྲོག་གིན་འདུག དེ་ལས་ད་ལྟ་རོགས་སྐྱོར་བ་ལའང་ཆོག་མཆན་ཅིག་དགོས་ཀྱི་འདུག མདོར་ན་རོགས་སྐྱོར་པ་ལའང་དབྱེ་བ་བཀར་གྱིན་འདུག འདི་ནི་ཅི་འདྲའི་སྣང་ཚུལ་སྡུག་པོ་ཅིག་རེད།
དྲང་བདེན་འཁྱོར་བསྒྱུར་དང་གནས་ཚུལ་རྫུན་བཟོ་དང་དངོས་ཡོད་སྦས་སྐོང་གི་སྣང་ཚུལ་སྡུག་པོ་དེས་ད་ལྟ་ཁྱོད་ལ་ན་ཟུག་ཅིག་སྟེར་སྲིད། ན་ཟུག་སྟེ་ཁྱོད་ཀྱིས་ཁྱུར་མིད་མི་གཏོང་རོགས། ཅིའི་ཕྱིར་ཞེ་ན།འུ་ཅག་སྨྱུག་འཛིན་ཞིག་གི་གཟུར་མེད་ཀྱི་འགན་འཁྲི་ངོས་ནས་བལྟས་ན་ཚད་འདིར་ང་ཚོས་ཡུལ་ཤུལ་མི་དམངས་ཀྱི་སྐྱ་ཟད་སྔོ་གཏུག་གི་འཚོ་བ་དངོས་ལ་ཟབ་ཞུགས་དང་སེམས་ཀྱི་སྐད་ཆར་ཉན་པར་ཕྱོགས་དགོས་བ་ནི་ཟློག་མེད་ཅིག་ཡིན་པར་འདོད། ཚེ་སྲོག་ཤོར་བའི་མི་གྲངས་ཁྲི་ཕྲག་ལོན་པ་དང་ལྷག་ཏུ་དེ་ལས་སློབ་མའི་ཁ་གྲངས་ཆིག་སྟོང་ལ་ཟིན་པའི་གྱོང་རྒུད་ཆེན་པོ་དེའི་འོག་ནས་ང་ཚོས་འདས་གྲོངས་ཀྱི་སྤུན་ཟླ་དག་ལ་མྱ་ངན་དང་ད་ལྟ་དཀའ་སྡུག་གི་ཁུར་བོ་རི་ལས་ལྕི་བའི་ཡུལ་ཤུལ་སྤུན་ཟླ་ལ་གདུང་སེམས་མཉམ་བསྐྱེད་དང་རྡོག་རྩ་གཅིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་གི་ཆེད་དུ་མི་བུ་སྒེར་ངོས་ནས་བྱ་བ་ཙག་ཙིག་རེ་ནས་འགོ་རྩོམ་རྒྱུ་ནི་གལ་ཆེ་བར་འདོད།

བསྟོད།6

དཔྱད་མཆན་སྤེལ།