སློབ་ཆེན་པ*ཁྲིད་གཞི*བཅོས་སྒྱུར།

ལྡོང་སྨིན་དྲུག

མི་ཞིག་གམ། མི་རིགས་ཤིག རྒྱལ་ཁབ་ཅིག་གང་ཡིན་ནའང་འདྲ། ལམ་རང་གིས་བཙལ་དགོས་ལ། རྐང་རྗེས་ཀྱང་རང་གིས་འཇོག་དགོས་པས་གང་ལྟར་ཐོག་མར་རང་ཉིད་ལ་ཡིད་ཆེས་དང་སྙིང་རུས་བརྟན་པོ་བཅངས་ཏེ་ཅིས་ཀྱང་འབད་འབད་དུང་དུང་གིས་ལས་མཚམས་མ་བཞག་ན་ཡིད་དུ་མི་འོང་བའི་གནས་བབས་ཀྱང་བསྒྱུར་ཐུབ་པ་ཡིན། མི་རིགས་ཤིག་ལ་མཚོན་ན། མི་རིགས་དེར་འཕེལ་རྒྱས་གཏོང་བའི་བྱ་གཞག་ཀྱང་གཙོ་བོ་དུས་རབས་དེར་འཚོ་ཞིང་གཞེས་པའི་ན་གཞོན་ཚོས་ཐེག་དགོས་ཕྱིར། ང་ཚོས་དང་ཐོག་ན་གཞོན་ནམ་ན་གཞོན་དང་འབྲེལ་བའི་སྐོར་ལ་བསམ་བློ་གཏོང་དགོས་པ་ཡིན། ན་གཞོན་གྱི་ནུས་པ་ནི་གཙོ་བོ་རིག་གནས་ཤེས་བྱའི་སྟེང་མངོན་ལ། ན་གཞོན་གྱི་ཤེས་བྱའི་ཆུ་ཚད་དེ་ཡང་ཁྲིད་གཞི་དང་དམ་པོར་འབྲེལ་ཡོད། རྒྱུ་མཚན་དེའི་དབང་གིས་ཁོ་བོས་འདིར་ཁ་བ་རི་བོའི་གཞོན་རབས་པའི་ལས་སྐལ་དང་བོད་སྤྱི་ཚོགས་ལ་དམིགས་ཏེ། བོད་ཀྱི་སློབ་གྲྭ་ཆེན་མོའི་ཁྲིད་གཞི་བཅོས་སྒྱུར་བྱེད་དགོས་པའི་སྐོར་ཅུང་ཟད་བརྗོད་པར་བྱ་སྟེ།
དང་པོ། མིག་སྔའི་ཁྲིད་གཞི་དེ་འོས་འཚམ་གྱིས་བཅོས་སྒྱུར་བྱ་དགོས།
བོད་མི་རིགས་ལ་མཚོན་ན། སྤྱིར་ལོ་རབས་བརྒྱད་ཅུ་བའི་འགོ་ཙམ་ནས་བཟུང་ཤེས་ལྡན་ཉུང་ཟད་ཅིག་འཚར་ལོངས་བྱུང་སྟེ། རང་རང་གི་ལས་སྟེགས་སྟེང་གང་ནུས་ཅི་ལྕོགས་ཀྱིས་འབད་པ་ལྷུར་ལེན་བྱེད་པ་ནི་དགའ་འོས་པའི་གནས་སུ་མཆིས་ལ་ང་ཚོའི་མིག་དཔེ་ཉིད་དུ་འོས། ཡིན་ནའང༌། སྤྱི་ཚོགས་འཕེལ་འགྱུར་གྱི་དབང་གིས་ཡོད་ཚད་ལ་འགྱུར་ལྡོག་བློ་ལས་འགོངས་པ་བྱུང་དང་འབྱུང་བཞིན་ཡོད་པས། སྐབས་ཤིག་ནས་ཁོང་ཚོ་ལ་ལྡན་པའི་ཤེས་ཡོན་གྱི་ཆུ་ཚད་དེས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མ་ཐུབ་ལ་མི་སྒེར་གྱི་འཚོ་བའི་དགོས་མཁོ་ཡང་སྐོང་མི་ཐུབ་བའི་གནས་སུ་ལྷུང་འདུག དེ་ལས་ཚོར་ཐུབ་པ་ནི།ལོ་རྒྱུས་འཕེལ་བའི་བརྒྱུད་རིམ་གྱིས་དུས་སྐབས་དེར་འཚོ་ཞིང་གཞེས་པའི་མི་རྣམས་ལ་ཡང་བརྒྱུད་རིམ་དེ་དང་མཐུན་པའི་བློ་རིག་དང་སྤོབས་པ། ནུས་པའི་འཇོན་ཐང་འཛོམས་པར་རེ་བ་བཏོན་པ་དང༌།མི་རྣམས་ལ་དུས་རབས་རང་བཞིན་གྱི་ནུས་ཤུགས་ཅིས་ཀྱང་འཛོམ་དགོས་པའི་འབོད་སྐུལ་བཏང་འདུག་པ་དེ་ཡིན། དེ་ཡང་ཡིན་ཏེ། སྐབས་འདིར་ང་ཚོས་རང་ཉིད་བརྒྱུད་མྱོང་བ་དང་བརྒྱུད་གྱིན་པའི་ལམ་སྟེ། སྦྱང་བྱའི་སྒྲིག་གཞི་ཇི་འདྲ་ཞིག་ལ་བརྟེན་ནས་ཤེས་ཡོན་གྱི་གོ་འཕང་ག་འདྲ་ཞིག་རེག་པར་ཞིབ་ཏུ་བསམ་དགོས།དེ་ཡང་ང་ཚོས་སློབ་ཆུང་ལོ་རིམ་ལྔ་བའི་དུས་ནས་སུམ་རྟགས་ཀྱི་རྩ་ ཚིག་བློར་འཛིན་པ་དང༌།སློབ་འབྲིང་གི་དུས་སུ་སུམ་རྟགས་སོགས་བོད་ཡིག་དང་རྒྱ་ཡིག་གི་རྨང་གཞི་ཤེས་བྱའི་སྐོར་ལ་འབད་པ་བླ་ལྷག་བྱེད།མཐོ་འབྲིང་གི་དུས་སུ་གཙོར་འཛིན་པ་ ཡང་དེའི་སྐོར་ལས་མ་འདས།ཕངས་པ་ལ་སློབ་གྲྭ་ཆེན་མོར་ཡང་སྐད་བརྡ་རིག་པའི་སྐོར་ དང་ཐ་སྙད་རིག་གནས་གཙིགས་སུ་འཛིན་པ་ལས་མིའི་འཚོ་གནས་ལ་ཆེས་ཆེར་མཁོ་ཞིང་མེད་དུ་མི་རུང་བའི་ཐོག་མའི་རྟེན་གཞི་དཔལ་འབྱོར་རིག་པ་དང་སྤྱི་ཚོགས་ཚན་རིག ཚོང་ཟོང་བརྗེ་རེས། སྤྱི་ཚོགས་ཐོན་སྐྱེད། གློག་ཀླད་རིག་པ་སོགས་ཀྱི་ཁྲིད་གཞི་མེད་པའོ། ། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ང་ཚོས་ད་ལྟའི་བར་དུ་བསླབ་ཅིང་བརྩོན་འགྲུས་བསྐྱེད་ས་ཡང་སྐད་ཆ་ཁོ་ན་རེད་ཅེས་བཤད་ཆོགགང་ལྟར། མིག་སྔར་གྱི་ཁྲིད་གཞི་དང་ཁྲིད་གཞི་དེས་བསྐྱེད་པའི་ཤེས་ལྡན་མི་སྣས་རང་ཉིད་ཀྱི་འཚོ་བའི་ཆུ་ཚད་དང་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གཏོང་བའི་ལས་འགན་མ་ཐེག་པར་ལུས་ཡོད་པ་ནི་མིག་ཟུང་ལག་ཟིན་ཏུ་གྱུར་འདུག དོན་དམ་དུ་ང་ཚོས་ཤེས་ལྡན་པར་ རློམ་པ་ཡང་རྒྱ་བོད་སྐད་ཡིག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་མང་ཆེ་བ་དང༌། རིག་རྩལ་གྱི་བྱ་བ་གཉེར་མཁན་འགའ།སྲིད་གྲོས་ཀྱི་ཨུ་ཡོན་འགའ་ལས་མེད་པ་འདྲ་བས་དེ་དག་གིས་མི་དམངས་ཀྱི་འཚོ་བའི་དགོས་མཁོ་སྐོང་བ་ལ་ནུས་པ་ཆེན་པོ་འདོན་མི་ཐུབ། དེ་ལས་འཇིགས་ཡེར་བ་ཞིག་ནི་འགྲན་རྩོད་ཀྱི་མཐོ་རླབས་དགུང་དུ་འཕྱུར་བའི་ཤེས་རིག་དཔལ་འབྱོར་གྱི་དུས་རབས་འདིར།རང་རིགས་ཀྱི་གཞོན་ནུ་མང་པོ་ཞིག་སློབ་ལས་ཤོར་གྱིན་ཡོད་ལ།མཐར་ཕྱིན་པ་རྣམས་ཀྱི་ཡོན་ཚད་དེས་ཀྱང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མ་ཐུབ་པས་བྱ་བ་རེག་ཐབས་མེད་པར་གྱུར་ཅིང་རང་ཉིད་ཀྱི་ལྟོ་གོས་ཀྱང་རང་ཉིད་ཀྱིས་འཚོལ་མ་ཐུབ་པར་ཕྱིར་རང་ཡུལ་དུ་ལོག་དགོས་པའི་གནས་ཚུལ་ཡ་ང་བ་བྱུང༌།

རིམ་གྱིས་ཉེས་སྐྱོན་ཡོད་ཚད་བོད་ཡིག་དང་བོད་ཀྱི་རིག་གནས་སྟེང་བཀལ་ནས་དེང་འདིར་བོད་ཡིག་མཁོ་མེད་སྨྲ་བ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། ཞིབ་ཏུ་བསམ་ན་བོད་མི་གླེན་པ་ཡིན་པས་མ་ཤེས་པ་དང་མ་ནུས་པ་ཡང་མིན་ལ་བོད་ཡིག་རྒས་འཁོགས་ཡིན་པས་ལན་པ་ཡང་མིན་ཏེ། གཙོ་བོ་མི་ཆོས་རིག་གནས་ཀྱི་ཁྲིད་གཞི་འཐུས་ཚང་ཞིག་མེད་པ་དང་དེའི་སྐོར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ལ་མཐོང་ ཆེན་མ་གནངས་པས་ལན་པ་ཁོ་ཐག་རེད། མདོར་ན། མིག་སྔའི་ཁྲིད་གཞི་དེ་ཙམ་གྱིས་མི་སྒེར་གྱི་རེ་འདོད་དང་བོད་སྤྱི་ཚོགས་ཀྱི་དགོས་མཁོ་གང་ཡང་སྐོང་མི་ཐུབ་དང་གཅིག སློབ་གསོའི་སྒྲིག་གཞི་དུས་རབས་ཀྱི་འཕེལ་ཕྱོགས་དང་མ་ བསྟུན་ན། གཞོན་རབས་པའི་རང་གི་སྐད་དང་རིག་གནས་དོར་ཉེན་ཆེ་སྟབས་མི་རིགས་རབས་ཆད་ཀྱི་ཉེན་ཁ་ཡོད་པ་དང་གཉིས། རྩ་འཛུགས་ལྡན་པ་དང༌། དམིགས་ཡུལ་ཡོད་པ། བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པ་སྟེ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་མཐུན་པའི་ཁྲིད་གཞི་འཐུས་ཚང་དུ་བཏང་ནས་མིང་དོན་གཉིས་ལྡན་གྱི་ཤེས་ཡོན་ཅན་གསོ་སྐྱོང་བརྒྱུད་སྤྱི་ཚོགས་དང་མི་དམངས་ལ་ཞབས་འདེགས་གང་ལེགས་ཞུ་རྒྱུ་ནི་ཀྲུང་ཧྭ་མི་རིགས་དང་མི་རིགས་སྤྱིའི་ཁེ་ཕན་ཡིན་ལ་ལོ་རྒྱུས་ཀྱི་འོས་འགན་ཡང་ཡིན་པ་དང་གསུམ་བཅས་རྒྱུ་མཚན་གཙོ་ཆེ་བ་འདི་དག་གིས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྩའི་ཤེས་བྱའི་དང་དེང་རབས་རིག་གནས་ཟུང་འབྲེལ་བགྱིས་ནས་སྙིགས་དོར་བཅུད་ལེན་དང་གང་ལ་གང་འཚམ་གྱིས་བོད་རིགས་སློབ་མའི་ཁྲིད་གཞི་བཅོས་སྒྱུར་བྱ་དགོས་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་བྱ་བ་གལ་ཆེན་ཞིག་ཏུ་སེམས་སོ།།

གཉིས་པ། ཁྲིད་གཞི་ཇི་ལྟར་བཅོས་སྒྱུར་བྱེད་དགོས་པའི་སྐོར།

༡ གཙོ་བོ་རང་གི་སྐད་ཡིག་ལ་བརྟེན་ནས་སློབ་ཁྲིད་བྱེད་དགོས།

ང་ཚོའི་ཁྲིད་གཞི་བཅོས་སྒྱུར་བྱེད་དགོས་ཞེས་པ་ཡང་གཞན་གྱི་སྐད་ཡིག་ལ་སྐྱབས་བཅོལ་བ་དང་ཡོད་ཚད་གསར་བར་སྙེག་དགོས་ཞེས་པ་མིན་པར། ང་ཚོར་མེད་ཀྱང་ང་ཚོར་ཤིན་ཏུ་མཁོ་གལ་ཆེ་བའི་གཞན་གྱི་རིག་གཞུང་གང་དེ་རང་གི་སྐད་ཡིག་གི་སྟེང་ནས་ནང་འདྲེན་བྱས་ཏེ། རང་གི་སྐད་ཆ་དང་ཡི་གེ་ཐོག་ནས་གསན་སྦྱངས་བཟང་བོ་བྱེད་དགོས་པ་མ་ཟད་ཐོཊ་པ་མེད་པར་བཀོལ་སྤྱོད་ཐུབ་པ་ཞིག་ཀྱང་བྱེད་དགོས། གལ་སྲིད་བཅོས་སྒྱུར་ལ་ཁ་གཡར་ནས་རང་གི་རང་གི་སྐད་ཡིག་རྒྱབ་ཏུ་དོར་ཏེ། གཞན་སྐད་ལ་བརྟེན་ཚེ་བཅོས་སྒྱུར་གྱི་དགོས་པའང་ཤོར་ཚར་ལ་བོད་ཀྱི་འཕེལ་རྒྱས་ཟེར་བའང་གླེང་ཐབས་མེད་དེ། བོད་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བའི་དགོས་མཁོ་དང་འགལ་ཞིང་མི་རིགས་གཞན་འགྱུར་གྱི་ཕྱོགས་སུ་གཞོལ་བས་སོ།།མི་རིགས་གང་གང་ཞིག་ཡིན་རུང་རང་གི་སྐད་དང་ཡི་གེ་ནི་མི་རིགས་དེའི་བླ་སྲོག་ལྟ་བུ་དང་ཡུན་རིང་འཚོ་གཞེས་ལ་མེད་དུ་མི་རུང་བའི་མཐུན་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། རང་གི་སྐད་ཡིག་རྒྱུད་འཛིན་དང་བཀོལ་སྤྱོད་བྱེད་མིན་ནི་མི་རིགས་རང་ལ་རང་བཀུར་བྱེད་མིན་དང་རང་མི་རིགས་ལ་འཛིན་པའི་བསམ་བློའི་འདུ་ཤེས་མངོན་སྟངས་ཤིག་ཀྱང་རེད།དེར་བརྟེན།ང་ཚོས་ཕྱོགས་སུ་མ་ལྷུང་བའི་བསམ་སྦྱོར་ལ་བརྟེན་ནས་རང་གི་སྐད་ཡིག་བཀོལ་སྤྱོད་དང་རང་མི་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ལམ་དུ་སྐུལ་དགོས།།

༢ ཡིག་སྒྱུར་ལ་བརྟེན་ནས་ཁྲིད་གཞི་འཐུས་ཚང་དུ་གཏོང་དགོས།

ཚན་རིག་རིག་གནས་ཀྱི་མཐོ་རླབས་ཤིག་དགུང་ལ་འཕྱུར་བཞིན་པའི་དེང་གི་དུས་འདིར། ང་ཚོར་ཡང་ཁུ་སིམ་མེར་བག་འཁུམ་གྱིས་སྡོད་ཐབས་མེད་པས་མི་རིགས་རང་ལ་ཡོད་པའི་ནོར་བུ་གཅེས་འཛིན་གྱི་ཞོར་དུ། གཞན་དག་གི་ལེགས་ཆ་གང་མང་ཞིག་ནང་འདྲེན་བྱེད་ དགོས། ད་ལྟའི་བར་དུ་བོད་ཁུལ་དུ་བོད་ཡིག་གིས་བྲིས་པའི་སྤྱི་ཚོགས་ཐོན་སྐྱེད་དང་ སྤྱི་ཚོགས་ཚན་རིག་སྐོར་གྱི་དཔེ་ཆ་ཧ་ཅང་མཐོང་དཀོན་ལ། དེའི་སྐོར་གྱི་སློབ་གཉེར་བྱེད་སའི་སློབ་གྲྭ་ཞིག་དེ་བས་ཀྱང་དཀོན་འདུག ང་ཚོའི་མི་རབས་འདིའི་ཕྲག་ལ་བབས་པའི་འོས་འགན་གང་ཞིག་ཐེག་དགོས་ན་སྲོལ་རྒྱུན་རིག་གནས་འབའ་ཞིག་ལ་བརྟེན་པས་མི་ནུས་ལ། གཞན་གྱི་རིག་གནས་མང་པོ་ཞིག་ཅིས་ཀྱང་ནང་འདྲེན་བྱེད་རྒྱུ་སྨོས་མ་དགོས་པ་ལགས་ན། ཐབས་ལམ་གཙོ་བོ་ཡིག་སྒྱུར་ལ་བརྟེན་དགོས་པ་ཡིན། དེ་ཁ་ནས་གླེང་བ་གྱིས་མི་ཆོག་པར༌། མཁས་པ་དང་སློབ་གཞི་རྩོམ་སྒྱུར་ཁྲུའུ་ལྟ་བུའི་རྩ་འཛུགས་ཀྱི་འགོ་ཁྲིད་འོག འགན་འཁྲིའི་འདུ་ཤེས་ལྡན་པའི་ཡིག་སྒྱུར་ཚོགས་པ་ཞིག་འཛུགས་དགོས། དེས་ཐོན་སྐྱེད་བཟོ་ལས་དང༌། སྤྱི་ཚོགས་ཚན་རིག བཟོ་ཚོང་འགྲིམ་འགྲུལ། དཔལ་འབྱོར་རིག་པ།གློག་རྩིས་རིག་པ་སོགས་ང་ཚོའི་འཕེལ་རྒྱས་ལ་མཐུན་རྐྱེན་དུ་འགྲོ་བ་ཚང་མ་ཐུང་ཐུང་མྱུར་མྱུར་དུ་འཐུས་ཚང་དུ་བསྒྱུར་རྒྱུ་ནི་ཐོག་མའི་དགོས་མཁོ་ཡིན་ལ་ཁྲིད་གཞི་འཐུས་ཚང་བར་གཏོང་བའི་ལག་ཐབས་དམ་པའང་ཡིན། འོན་ཀྱང༌། བྱ་གཞག་དེ་ནི་ལས་སླ་མོ་ཞིག་མིན་པར་ལས་ཚེགས་ཤིན་ཏུ་ལྕི་བ་དང་དཀའ་ཁག་ཤིན་ཏུ་མང༌། དེ་བསྒྲུབ་དགོས་ན་སེམས་ཤུགས་བརྟན་པོ་ཞིག་གིས་སྒྱུར་སྒྲིག་གི་ལས་ལ་འཇུག་འོས་སོ།།

༣ ལོ་རིམ་གྱི་འཕེལ་འགྱུར་དང་བསྟུན་ཁྲིད་གཞི་བཀོད་སྒྲིག་བྱེད་དགོས།

གོང་དུ་བཤད་པའི་ལས་ཀ་དེ་དག་བསྒྲུབ་ཚར་རྗེས་ལོ་རིམ་གྱི་འཕེལ་འགྱུར་དང་བསྟུན་ནས་ཁྲིད་གཞི་བཀོད་སྒྲིག་བྱེད་དགོས་པ་སྟེ། ཁོ་བོས་བསམ་ཚུལ་ལ་སྔར་བཞིན་སློབ་གྲྭ་ཆེན་མོ་མཐར་ཕྱིན་ཀྱང་གཞི་རྩའི་ཤེས་བྱ་ཙམ་འདོན་ཤེས་པ་དང༌། བསམ་ཤེས་པ། གཞུང་ཡིག་སོགས་ཉག་ཉོག་ཅིག་འབྲི་ཤེས་པ་ཙམ་གྱིས་གཏན་ནས་མི་ཆོག་པར་སྙམ་པས། སློབ་ཆུང་གི་དུས་སུ་རྒྱ་བོད་དབྱིན་གསུམ་སྐད་ཡིག་དང་གྲངས་རིག་གི་རྨང་གཞི་ཤེས་བྱ་སྐོར་གཙོ་བོར་འཛིན་པ་དང༌། སློབ་འབྲིང་གི་དུས་སུ་སུམ་རྟགས་དང་ལོ་རྒྱུས། སྙན་ངག་དང་རྩིས་དངོས་རྫས་གསུམ་གྱི་ཁྲིད་གཞི་ཡང་འོས་འཚམ་གྱིས་བཀོད་སྒྲིག་བྱས་ནས་ཕྱོགས་ཡོངས་ཀྱི་གཞི་རྩའི་ཤེས་བྱ་མཐོར་འདེགས་གཏོང་དགོས། མཐོ་འབྲིང་གི་དུས་སུ་ཁ་ཕྱོགས་མི་འདྲ་བའི་སློབ་གྲྭ་ཆེན་མོར་ཞུགས་པའི་དམིགས་ཡུལ་གཞིར་བཅས་ཚན་ཁག་དགར་བ་དང༌། སློབ་གྲྭ་ཆེན་མོར་མིག་སྔར་གྱི་སློབ་གསོའི་གནས་ཚུལ་བཞིན་བགྱིས་ན་ཤིན་ཏུ་མི་འོས་པར་སེམས་སྟེ།འདིར་ཆེད་དུ་ཆ་རྒྱུས་ཡོད་པའི་ང་རང་བགྲོད་མྱོང་བའི་སློབ་གླིང་དེའི་གནས་ཚུལ་དཔེར་བརྗོད་ན། སུམ་རྟགས་དང་སྙན་ངག གྲུབ་མཐའ་དང་ལོ་རྒྱུས། ཚད་མ་རིག་པ།རྩོམ་གཞུང་རིག་པ།ཆོས་ལུགས་མཁས་པའི་བརྩམས་ཆོས་སོགས་བོད་ཡིག་གི་སྐོར་དང༌། ག་གེ་མོའི“理论”དང“修养”“原理”སོགས་རྒྱ་ཡིག་གི་སྐོར་ཧ་ཅང་མང་པོ་ཡོད་པ་ཡང་སློབ་ཡུན་གྱི་དུས་ཚོད་བཀོད་སྒྲིག་བྱས་པ་ཧ་ཅང་འཚམ་པོ་མིན་པ་མ་ཟད།རྒྱ་བོད་ཡིག་རིགས་གཉིས་ཀྱི་ཁྲིད་གཞིའི་ནང་དོན་ཐད་དུ་ཇི་མ་ཇི་བཞིན་ཡིན་པའི་བསྐྱར་ཟློས་ཀྱི་རྣམ་པའང་བྱུང་ཡོད། སློབ་ཁྲིད་ཀྱི་ཐབས་ལམ་ཡང་དགེ་རྒན་གྱིས་ཇི་ལྟར་གསུངས་པ་སློབ་མར་ཡང་དེ་ལྟར་གོ་བ་ ལེན་ཏུ་འཇུག་པ་ལས་སློབ་མའི་རིག་སྟོབས་དང་བསམ་གཞིགས་ཀྱི་ནུས་པ། གསར་གཏོད་ཀྱི་བློ་རིག་ལ་བཀག་འགོག་གནང་བརྟེན་རིག་གནས་ཡོན་ཚད་མཐོར་འདེགས་ལ་བགེགས་ཆ་བཟོས་པ་དང་ཐོས་བསམ་བྱས་པ་དེ་ཡང་དོན་དངོས་ཐོག་ལག་ལེན་བྱེད་ཐུབ་མིན་ལ་དོ་སྣང་བྱས་མི་འདུག ཕྱོགས་གཞན་ཞིག་ནས་བཤད་ན། གློག་རྩིས་རིག་པ་དང་ཕྱི་ཡིག་སྐོར་སྣང་མེད་དུ་བསྐྱུར་བ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་ཁྲིད་གཞི་མོ་གཤམ་གྱི་བུ་ལྟར་སྣང་རྐྱེན། སྤྱི་ཚོགས་འགྱུར་ལྡོག་གིས་སློབ་མའི་སློབ་སྦྱོང་གི་མོས་འདུན་དང་བརྩོན་འགྲུས་མི་བྱེད་པའི་གནས་ཚུལ་བྱུང་ཡོད་པ་དངོས་དོན་ཡིན། སློབ་གྲྭ་ཆེན་མོར་མཐར་ཕྱིན་ཀྱང་རིག་གནས་དཔྱད་གླེང་སྐོར་གྱི་འགོ་འཇུག་ཚང་བའི་སྤྱིར་བཏང་གི་ཁ་བརྡ་དང་རྟགས་གསལ་འཕེན་པ་ཙམ། ཡིག་རིགས་གཉིས་ཀྱི་གཞུང་ཡིག་སོགས་ཅུང་ལེགས་པོ་ཞིག་འབྲི་རྒྱུ་དེའང་སློབ་མ་མང་ཆེ་བར་དཀའ་ཁག་བྱུང་འདུག (ལ་ལས་བོད་སྐད་གྲལ་དག་ཅིག་ཀྱང་བཤད་མི་ཤེས)

གནས་ཚུལ་འདི་གོང་དུ་བཤད་པ་བཞིན་བོད་ཀྱི་རིག་གནས་བསླབས་པས་ལན་པ་མིན་ལ་བོད་ཀྱི་སློབ་མ་རིག་རྟུལ་ཡིན་པའང་མིན་མོད། དེ་ནི་ཁྲིད་གཞི་དང་ཁྲིད་ཐབས། བསླབ་ཡུན་གྱི་དུས་ཚོད་བཀོད་སྒྲིག་སོགས་དོན་དངོས་དང་རྒྱབ་འགལ་བྱུང་བས་ལན་འདུག་ཅེས་བཤད་ཆོགདེ་བས་ཁོ་བོའི་བསམ་ཚུལ་ལ་སློབ་གྲྭ་ཆུང་འབྲིང་དུ་རྒྱ་བོད་རིག་གནས་ཕྱོགས་ཡོངས་ཀྱི་ཤེས་བྱའི་རྨང་བཏིང་ཐོགསློབ་གྲྭ་ཆེན་མོ་ནས་ཕྱི་ཡོང་རིག་གནས་དང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་གྱིས་ཆེད་གཉེར་འཛིན་གྲྭ་མང་དུ་དགར་དགོས་ཏེ། རྩོམ་རིག་ཚན་ཁག མཚན་ཉིད་རིག་པ། སྐར་རྩིས་རིག་པ། ལོ་རྒྱུས་ཚན་ཁག དཔལ་འབྱོར་ཚོང་ལས་ཚན་ཁག ཐོན་སྐྱེད་ཚན་ཁག སྤྱི་ཚོགས་ཚན་རིག རང་བྱུང་ཚན་རིག བཅའ་ཁྲིམས༌། གློག་ཀླད་སོགས་ཆེད་གཉེར་ཚན་ཁག་ཕྱེ་ན་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་ སྲིད་ལ། ཕྱོགས་ཡོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐུབ་པས། བོད་ཀྱི་སློབ་མར་བྱ་བ་མི་རེག་པའི་གནས་ཚུལ་ཐག་གཅོད་ཐུབ་པ་དང་དེ་ཐག་གཅོད་བྱས་ན་དཔལ་འབྱོར་གྱི་དཀའ་གནད་སེལ་ཐུབ་པ་དང་སློབ་གྲྭར་ཞུགས་ཚད་རིམ་གྱིས་མང་དུ་ འཕེལ་ཕྱིར་བོད་སྤྱི་ཚོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བ་ལ་སྐུལ་འདེད་ཆེན་པོར་གཏོང་ཐུབ།དེ་མ་ནུས་ན་མ་མཐའ་ཡང་དེང་རབས་རིག་གནས་སྐོར་གྱི་ཁྲིད་གཞི་འོས་འཚམ་གྱིས་བཀོད་སྒྲིག་བྱེད་དགོས།དེ་ལྟར་མ་བྱས་ཚེ་ཁ་བ་ཅན་གྱི་གཞོན་ནུ་ཚོས་གཞན་རིགས་ལ་སྐྱབས་བཅོལ་ཐལ་ནས་གཞན་དུ་འཐིམ་ངེས་ལ།ཡང་མིན་ན་དཔལ་འབྱོར་ཤེས་རིག་གི་དུས་འདིར་དཔའ་བོ་ལག་རྡུམ་བཞིན་གྱུར་ནས་ཕ་མེས་ལ་ལེ་བདའ་དང་ལོ་རྒྱུས་ལ་ལེ་བདའ་བྱེད་དགོས་པ་ཞིག་བྱུང་ན་ང་ཚོས་གློ་སྙིང་འདར་རྒྱུ་ཞིག་མི་འབྱུང་ངམ། དེར་བརྟེན། གངས་ལྗོངས་ཀྱི་འབུམ་རམས་པ་དཔལ་ལྡན་ཉི་མས་བོད་ཡིག་གཙོ་བོ་བགྱིས་ཏེ་རྒྱ་སྐད་ཀྱང་ཤེས་པའི་དམའ་ས་ནས་མཐོ་རིམ་ལ་བསྙེག་པའི་གོ་རིམ་ལྡན་སློབ་གྲྭའི་སློབ་གསོ་མ་ལག་འཛུགས་དགོས་ལ། བཙུགས་ནས་སློབ་མའི་སློབ་སྦྱོང་དང་གོང་འཕར། ལས་གནས་བཅས་ཐམས་ཅད་དུ་བོད་ཡིག་གཙོས་ཤིང་རྒྱ་ཡིག་ཀྱང་ཤེས་དགོས་པའི་གནད་དོན་ལེགས་འཁྲོལ་བགྱིས་ཏེ།སློབ་མའི་བསླབ་སྦྱང་གི་འགན་འཁུར་ཇེ་ཡང་དུ་བཏང་ནས་སློབ་འདོད་ཀྱི་མོས་ཁ་ཇེ་ཆེར་ཕྱེ་བ་དང༌། བསླབས་ན་བཀོལ་ས་ཡོད་པ༌། བཀོལ་ཐུབ་པ། ཐར་ལམ་ཡོད་པའི་ལས་ཀའི་མ་ལག་ཡིན་དགོས་ཞེས་གསུངས་པ་བཞིན་བྱས་ན་ ལེགས་པར་སེམས་ཤིང་འབད་པར་རིགས་སོ།།

བསྟོད།8

དཔྱད་མཆན་སྤེལ།