གཅན་ཚའི་བུ་མོ་ཞིག་གིས་བྱ་ཁྱུང་དགོན་པའི་ཨ་ཁུ་ཞིག་ལ་སྤྲིངས་པའི་ཡི་གེ

འགག་གཟའ་ཧོར་མོ།

2010ལོའི་ཟླ1པོའི་ཚེས2ཉིན་(ལུགས་རྙིང་གི2009ལོའི་ཟླ་11པའི་ཚེས་18ཉིན)ང་རང་ཤ་ཉེ་འབྲེལ་འགའ་དང་མཉམ་དུ་བྱ་ཁྱུང་དགོན་པར་མཇལ་སྐོར་དུ་ཕྱིན། དེ་རིང་ནི་ཉིན་བཟང་དུས་བཟང་ཞིག་ཡིན་པས་ཐག་ཉེ་རིང་ནས་ཡོང་པའི་མཇལ་སྐོར་པ་ཡང་ཧ་ཅང་མང༌། ཐོག་མར་ངེད་ཚོ་རྡོ་རྗེ་ཕག་མོའི་ལྷ་ཁང་དུ་ཕྱག་སྐོར་དང་ལྷ་བསང་ཕུལ་རྗེས་གསེར་སྡོང་ཆེན་མོ་དང་ཨ་ར་པཱ་ཙའི་སྒྲུབ་ཁང་སོགས་ལ་མཇལ། དེ་རིང་གི་གནམ་གཤིས་ལེགས་མོད་རླུང་ཁ་རྒོད་པས་ང་རང་ཨ་ར་པཱ་ཙའི་སྒྲུབ་ཁང་གི་བྲག་ཁར་རླུང་རྟ་བསྐྱོན་དུ་ཕྱིན། 〈གནས་འདིར་རླུང་རྟ་སྤུར་ན་སྒོར50ཆད་པ་ཡོད〉ཟེར་པའི་གསལ་བརྡ་ཞིག་བྲག་ཁར་བསླངས་ཡོད་ལ་ང་རང་ཡང་དད་ལྡན་པ་ཞིག་ཡིན་པས་སྒྲིག་ལམ་འདི་བརྩི་སྲུང་བྱེད་དགོས་བསམས་ཏེ་ཕྱིར་ལོག་ཏེ་འོས་འཚམས་ཀྱི་གནས་ཞིག་བཙལ་དུ་སོང༌།ཉིན་གང་བོར་ཡར་རྒྱུག་མར་རྒྱུག་བྱས་ཀྱང་རླུང་རྟ་བསྐྱོན་སའི་གནས་འོས་འཚམས་ཤིག་མ་རྙེད་པས་མིག་རིག་རིག་གིས་ཡར་མར་བལྟ་སྐབས་ཨ་ཁུ་ཞིག་གིས་ངའི་སེམས་པ་རྟོགས་ཏེ་ང་ལ་དགོན་པའི་གོང་གི་རི་སྒང་དེ་རུ་རླུང་རྟ་སྤུར་་ཆོག་པའི་བརྡ་བསྟན་བྱུང༌།ངས་ཨ་ཁུ་དེར་བཀའ་དྲིན་ཞུ་ཞོར་དགོན་པའི་རྒྱབ་རི་སྟེང་འགོས་པའི་ལམ་བཙལ་དུ་སོང༌། འོན་ཀྱང་ང་རང་བྱ་ཁྱུང་དགོན་པར་ཐེངས་གཉིས་གསུམ་ལས་མཇལ་དུ་ཡོང་མྱོང་མེད་པས་རི་སྒང་སྟེང་བགྲོད་པའི་ལམ་བུ་ནི་མ་རྙེད་པར་ཕྱིར་མི་ཡོང་ག་མེད་བྱུང་ དེ་ནས་གསེར་སྡོང་ཆེན་མོར་ཕྱག་འཚལ་བའི་ཨ་ཡེ་རྒན་མོ་ཞིག་ལ་གནས་གང་དུ་རླུང་རྟ་བསྐྱོན་ཆོག་པར་དྲིས་པར་ཨ་ཡེ་རྒན་མོ་དེ་ཡིས་ཡང་རི་སྒང་དེ་བསྟན་པ་དང་རིག་འགོར་འགོས་པའི་ལམ་ཡང་གསལ་པོར་བསྟན་བྱུང༌། ང་རང་ཡང་ཨ་ཡེ་རྒན་མོས་བསྟན་པའི་ཀྱག་ཀྱོག་གི་ལམ་ཕྲན་དེར་ཞུགས་ཏེ་རི་འགོར་འགོས། རི་སྐེད་དུ་ཐོན་པ་ན་ཨ་ཁུ་ཞིག་གིས་ཡར་བལྟས་འདུག་པས་རི་སྒང་འདིའི་སྟེང་འགོས་མ་ཉན་པ་ཨེ་ཡིན་ནམ་སྙམ་བཞིན་རླུང་རྟ་དེ་རུ་འཚབ་འཚུབ་དང་དངངས་སྐྲག་གིས་བསྐྱོན་ནས་ཕྱིར་ལོག་པ་ཡིན། ལས་མ་བཟང་བ་ཞིག་ལ་ཨ་ཁུ་གཉིས་ཀྱིས་རི་སྟེང་གི་ལམ་མདོ་རུ་སྒུག་འདུག གྲྭ་བ་རྒན་ཤོས(གྲྭ་བ་ལོ་ཆུང་ཤོས་དེ་མི་བཟང་ཞིག་ཡིན་བཟོ་འདུག ཁོང་གིས་སློབ་གསོ་གཏོང་བ་ལས་གཞན་ཨ་ཁུ་རྒན་ཤོས་དེར་ཁོས་བསམས་བཞིན་དུ་རླུང་རྟ་སྤུར་པ་མ་ཡིན་པས་ཀུ་ཡངས་ལ་གཏོང་བའི་སྐད་ཆ་བཤད་སོང༌། )་དེ་ཁོང་ཁྲོ་ཆེན་པོ་ལངས་འདུག་པས་ཐོག་མར་ང་ལ་སྐྱོན་བརྗོད་བྱས་པ་དང་བར་དུ་ཆད་པ་སྒོར50ཡིན་གཅིག་མིན་གཉིས་སྟེར་དགོས་གསུངས་བྱུང་ ། བྱུང་རྒྱལ་ང་ལ་ཡང་གནས་ལུགས་མང་པོ་ཞིག་བཤད་རྒྱུ་ཡོད་མོད་གྲྭ་བ་ནི་ངའི་སེམས་གཏིང་དུ་གོ་གནས་ཆེན་པོ་ཞིག་ཟིན་ཡོད་པས་ཕྲན་ཆུང་ང་ཉེས་ཅན་ཞིག་དང་འདྲ་པར་དངུལ་ཁུག་ནང་གི་དངུལ་ཡོད་དོ་ཅོག་ཁོང་ལ་བྱིན་པ་ཡིན(ཁྱིམ་གྱི་ཆ་རྐྱེན་ཞན་པས་དངུལ་ཁུག་ཏུ་སྒོར100ཡན་ཆད་བཅུག་མ་མྱོང་ལ་འཇུག་པའི་གོམས་གཤིས་ཡང་མེད།ཉིན་དེར་ཉོ་ཅ་དང་འབུལ་བའི་ལྷག་མ་སྒོར་20ཙམ་ལས་མེད)། སྐྱོན་བརྗོད་ནི་བྱས་ལ་ཆད་པ་ཡང་བཅད་ཟིན་ད་ནི་ཨ་ཁུ་ཁོང་གིས་སོང་ཆོག་པའི་བཀའ་ནི་ཨེ་གནང་སྙམ་ནས་ཉམས་ཆུང་གིས་བསྡད་པར་ཨ་ཁུའི་གདོང་ན་ཁོང་ཁྲོ་ཞུ་བའི་ཉམས་སྣང་ནི་ཡེ་ནས་མེད་པར་དེ་ལས་ལྡོག་ཏེ་ཡང་སྡུག་དམོད་བྱས་སོང༌།ཟེར་རྒྱུ་ཁྱོད་ཚོ་གཅན་ཚའི་མི་ནི་གོ་བ་མེད་པ་དང་མིའི་སྐད་ཆ་ལ་མི་ཉནསོགས་ཉན་མི་འདོད་པའི་སྐད་ཆ་མང་པོ་ཞིག་བཤད་སོང༌།ཨ་ཁུ་ལོ་ཆེ་ཤོས་དེས་ངའི་མི་གཤིས་དང་ལྷག་པར་དུ་ངེད་གཅན་ཚའི་མི་ཡི་མི་གཤིས་ལ་དམའ་འབེབས་བྱས་པར་ང་རང་ཞེ་སྤོ་གཏིང་ནས་ལངས་རུང་ངས་བཟོད་བསྲན་གང་ཐུབ་ཀྱིས་བྱས། འོན་ཀྱང་ཉམས་ཆུང་གི་སེམས་པ་ནི་ད་དུང་ལྗིད་ཏིག་ཏིག སྨྲ་མི་ཤེས་པའི་ཚོར་པ་ཟབ་མོ་ཞིག་གིས་ལུས་པོ་ནི་ད་དུང་སྦྲིད་ཀྱིན་འདུག དོན་དག་འདི་བྱ་བ་ཕྲན་ཚེགས་ཞིག་ཡིན་མོད་ང་རང་ལ་མཚོན་ན་འདས་དོན་ཟབ་མོ་ཞིག་ཡིན།
མིང་མི་ཤེས་པའི་ཨ་ཁུ་ལགས་དྲ་སྟེང་འདི་ནས་ཁྱོད་ལ་རེ་བ་འགའ་བཤད།

༡ ཉིན་དེར་རི་སྐད་ནས་རླུང་རྟ་བསྐྱོན་པ་དེ་ངའི་ནོར་འཁྲུལ་མིན།རྒྱུ་མཚན་ནི་ཁྱེད་དགོན་པའི་ཨ་ཁུ་དང་ཁྱེད་དཔའ་ལུང་ས་ཆའི་མཇལ་བ་གཉིས་ཀྱིས་ང་ལ་གནས་དེ་རུ་རླུང་རྟ་བསྐྱོན་ཆོག་པར་བཤད་པ་དེ་ཡིས་མཇལ་སྐོར་བ་མང་པོས་གནས་དེ་རུ་རླུང་རྟ་བསྐྱོན་ཀྱིན་ཡོད་པ་ར་སྤྲོད་བྱུང༌།དེའི་རྐྱེན་གྱིས་ཨ་ཁུ་ཁྱེད་ཀྱིས་ང་ལ་དམོད་མི་བོར་བར་བྱ་ཁྱུང་དགོན་པའི་ཆོས་སྐྱོང་སྲུང་མའི་སྐུ་མདུན་ནས་ངའི་ཉེསབ་དག་ཐེར་བྱེད་དགོས།
༢ རི་སྐེད་དེ་རུ་རླུང་རྟ་སྤུར་མི་ཆོག་པའི་བཀག་སྡོམ་བྱང་བུ་བཙུགས་མེད་པས། རྗེས་ཕྱོགས་ཁྱེད་ཀྱིན་བཀག་སྡོམ་བྱང་བུ་ཞིག་འཛུགས་རྒྱུ་ཡིད་ལ་འཇགས་པར་འཚལ།
༣ ཨ་ཁུ་ལགས་དད་ལྡན་པས་ནོར་འཁྲུལ་ཚབས་ཆེན་ཞིག་བྱས་རུང་སྡིག་དམོད་དང་འཚང་འབྲུ་སོགས་མ་བྱེད།དེ་ལས་ལྡོག་ཏེ་གོ་བསྐོན་བློ་འགུག་གིས་སློབ་གསོ་དང་ཁ་ཏ།གསལ་འདེབས་བྱས་ན་རྗེས་ཕྱོགས་དོན་དག་གང་རུང་ཞིག་ཡང་བསྐྱར་མི་འབྱུང་བར་ཕན་པ་ཡོད།
༤ དད་ལྡན་པས་སྒྲིག་ལམ་དང་འགལ་བའི་བྱ་བ་ཅི་ཞིག་བསྒྲུབ་རུང་ཆད་པ་གཅོད་པ་དེ་འོས་ཤིང་རན་པ་ཞིག་མ་རེད།
༥ ཨ་ཁུ་ཁྱེད་ཀྱིས་འདི་མཐོང་རྗེས་རེ་བ་འདི་དག་མྱུར་འདི་བསྒྲུབ་རྒྱུ་འཁྱེན་འཁྱེན།

མཇུག་མཐར།
སངས་རྒྱས་བསྟན་པ་རིང་དུ་དར་བར་ཤོག།
དགེ་འདུན་ཚོགས་སྡེ་མང་དུ་འཕེལ་བར་ཤོག།
འགྲོ་དྲུག་སེམས་ཅན་བདེ་བ་ཐོབ་པར་ཤོག།
ཨ་ཁུ་ཁྱེད་ཀྱིས་ཅི་བསམ་འགྲུབ་པར་ཤོག།

བསྟོད།7

དཔྱད་མཆན་སྤེལ།