གཡུ་རལ་བསིག་བཞིན་བུད་སོང་བའི་སྙན་ངག་པ།

སྒྲེན་པོ།

བོད་ཀྱི་སྙན་ངག་པ་ཡི་དམ་ཚེ་རིང་སྐུ་གཤེགས་ནས་ལོ་འཁོར་ལྔ་འགོར་བར་རྗེས་དྲན་དུ།
ཀླད་ཀྱི་གཏམ།

ཉེ་བའི་ལོ་འདི་ཚོར་བོད་ཡུལ་གྱི་གྲུ་ཁ་གང་རུང་ན་འདས་པོ་ཚོར་རྗེས་དྲན་བྱེད་པའི་ཚ་རླབས་ཤིག་འཕྱུར་གྱིན་བདོག་པ་ནི།ཁོ་བོ་ལྟར་ན་དེ་ནི་དགའ་མོས་འབུམ་གྱིས་མཐེ་མོང་ཀེར་སའི་གནས་འབའ་ཞིག་ཏུ་འཁུམ།སྔ་གཞུག་ཏུ་མཁས་དབང་དགེ་ཆོས་དང་རང་གྲོལ།པན་ཆེན།དུང་དཀར།ཡི་དམ་ཚེ་རིང་བཅས་སུ་རྗེས་དྲན་བྱེད་ཀྱིན་པའི་རྣམ་འགྱུར་འདིའི་ཐོག་ནས་འོ་སྐོལ་མི་རིགས་འདི་ལ་རེ་བའི་མྱུ་གུ་ཞིག་འབུས་ཀྱིན་པ་ནི།རང་གི་ཤེས་ཡོན་ཅན་དང་ལྷག་དོན་མི་རིགས་རང་སྟེང་གི་ནད་རོར་མི་རིགས་རང་མིས་གཤགས་བཅོས་བྱ་དགོས་པའི་དགོངས་གཞི་ཅན་གྱི་འཇོན་མིར་གོང་བཀུར་བྱེད་དགོས་པའི་འདུ་ཤེས་གཞི་ནས་སད་ཡོད་པ་རེད།འོ་སྐོལ་མི་རིགས་འདི་ལ་ཡང་འཇོན་མི་གོང་དུ་བཀུར་བའི་སྲོལ་རྒྱུན་ཁྱོན་ནས་མེད་པ་མ་ཡིན་མོད།ཉེ་རབས་བོད་སྤྱི་ཚོགས་ཀྱི་བསམ་བློའི་འགོ་ཁུངས་སུ་བགྲང་རུང་བའི་གོང་གསལ་འཇོན་མི་དེ་དག་ལ།དོན་གྱིས་བཤད་ན་བོད་སྔ་མའི་སྲོལ་རྒྱུན་མཁས་ཆེན་ཚོ་དང་རྦད་དེ་མི་འདྲ་བའི་ངོས་གཞན་ཞིག་ཡོད་པ་ང་ཚོས་ཤེས་དགོས།ཁོང་ཚོ་ཐུན་མོང་ལ་མངའ་བའི་དགག་སྒྲུབ་ཐེར་འདོན་གྱི་སྙིང་སྟོབས་དང་།དོགས་སློང་དཔྱོད་ཤེས་ཀྱི་སྙིང་སྟོབས།འཚོལ་རྟོག་བདེན་སྨྲ་ཡི་སྙིང་སྟོབས་བཅས་མདོར་ན་མིག་ཤེས་གཞན་པ་ཞིག་གིས་འོ་སྐོལ་མི་རིགས་འདིའི་འདས་མ་ད་གསུམ་ལ་བལྟ་ཐུབ་ཡོད་པས་ཡིན།ང་ཚོས་ད་ལ་ཐུག་གི་དབར་དུ་མིག་ཤེས་གཞན་པ་འདིའི་རིན་ཐང་མ་ཚོར་བས།སྐྱོ་གར་གྱི་མུ་སྐྱོ་གར་ལ་བསྲེས་དགོས་བྱུང་བ་རེད།ང་ཚོས་རྗེས་དྲན་བྱེད་པའི་དམིགས་འབེན་ནི།ཤི་བོའི་ཆེད་དུ་ཤི་བོར་རྗེས་དྲན་བྱེད་པ་མ་ཡིན་པར།གསོན་པའི་ཆེད་དུ་ཤི་བོར་རྗེས་དྲན་བྱེད་དགོས།སྐྱེས་ཆེན་འདི་དག་གི་བཞེད་དགོངས་དང་རིགས་ཞེན།བདེན་པ་བཙལ་བའི་སྙིང་སྟོབས།ལམ་གྱི་གནས་སྐབས་གང་དུ་ཡང་གཉའ་སྒུར་མ་མྱོང་བའི་སྒལ་ཚིགས་དྲང་མོ་བཅས་གསེར་སྲང་སྟོང་གིས་ཀྱང་མི་ཁུག་པའི་གཟུགས་མེད་ཀྱི་སྟོབས་ཤུགས་འདི་དག ང་ཚོ་ཕྱི་རབས་པའི་ནང་ནུས་ངོ་མ་རུ་སྒྱུར་རྒྱུ་ནི་རྗེས་དྲན་བྱེད་པའི་མཐར་ཐུག་གི་དམིགས་འབེན་ཡིན་ན། སྒལ་ཚིགས་ཀྱི་གསོན་དཔེ་དང་མི་གཞིའི་དར་ཆ་རུ་བསྔགས་འོས་པའི་རང་རེ་སྙན་ངག་པ་ཆེན་མོ་ཡི་དམ་ཚེ་རིང་མཆོག་ལ་རྗེས་དྲན་བྱེད་ཀྱིན་པ་ཡང་དེ་ག་རང་ལས་མ་འདས།དེ་ལྟར་ཡིན་ན།འདིར་ཆེད་དུ་ངེས་དོན་གྱི་སྙན་ངག་པ་ཁོང་ཉིད་སྐུ་གཤེགས་ཏེ་བགྲང་བྱ་ལྔ་འགོར་བར་རྗེས་དྲན་གྱི་ཡིག་ཚོགས་འགའ་བསྟར་བ་ལ།

གཅིག ཁོང་གི་སྙན་ངག་དང་བསམ་བློ།

སྙན་ངག་པ་ཁོང་གི་སྙན་ངག་དང་བསམ་བློ་གླེང་དགོས་ན་ཐོག་མར་ཁོང་གིས་སྙན་ངག་ལ་བཟུང་བའི་ལྟ་སྟངས་དང་ཀུན་སློང་ཤེས་རྒྱུ་ནི་གཙོ་སྙིང་ཡིན་པས།འདིར་ཆེད་དམིགས་ཀྱིས་ཁོང་གི་གསུང་ཚིག་འགའ་དྲངས་ན།{སྙན་ངག་པ་ནི་ཐོག་མ་ཉིད་ནས་རང་ཉིད་མི་རིགས་ཀྱི་བུ་ཕྲུག་ཡིན་པ་ལྟར།སྙན་ངག་དེའང་ཐོག་མར་བྱུང་བ་ཉིད་ནས་མིའི་རིགས་ཀྱི་སེམས་ཀྱི་སྒྲ་དབྱངས་ཡིན།དེ་ནི་སྙན་ངག་པ་རྣམས་ཀྱིས་ཐོག་མར་བརྗེད་མི་རུང་བའི་གནས་ལུགས་ཤིག་རེད།མི་རྣམས་ཀྱིས་ངག་རྒྱུན་དུ་སྙན་ངག་ནི་མི་རིགས་ཀྱི་དུང་སྐད་སྙན་མོ་ཡིན་པར་བརྗོད་པ་ལྟར་ན།སྙན་ངག་པ་ནི་ངེས་པར་དུ་དུང་དཀར་འབུད་མཁན་གྱི་སྐྱེས་བུ་ཡིན་དགོས།གལ་ཏེ་ཁྱོད་ཀྱི་དུང་སྐད་སྙན་མོར་སྐུལ་ཡུལ་མེད་པར་གྱུར་ན།ཁྱེད་ཀྱིས་དུང་སྐད་བཏང་ནས་ཅི་ཞིག་བྱ།དེ་བས་ཁྱེད་ཀྱིས་སྤེལ་བའི་སྙན་ངག་དེ་ནི་ངེས་པར་དུ་མི་རིགས་རིག་གནས་ཀྱི་ས་གཞིའི་སྟེང་དུ་རྩ་བ་ཚུགས་ཤིང་།རང་གི་མི་རིགས་ཀྱི་ལས་སྐལ་དེར་སྐུལ་སློང་དང་འབོད་སྒྲ་སྒྲོག་ནུས་པའི་སྙནངག་ཡིན་དགོས།དེ་ནི་སྙན་ངག་པ་ཞིག་གི་རང་བཞིན་དུ་གྲུབ་པའི་འོས་འགན་ཡིན།}གསུང་ཚིག་ཚན་པ་འདི་ལས་ཁོང་གི་སྙན་ངག་གི་ཁ་གཏོད་ཡུལ་དང་སྙན་ངག་པའི་གཟུར་མེད་ཀྱི་འགན་འཁྲི་ལྷང་ལ་བུད་འདུག་པ་མ་ཡིན་ནམ།སྤྱིར་ན་འགན་འཁྲི་མེད་ཚེ་སྒྱུ་རྩལ་ཞེས་པ་སྦྲུམ་དུ་མེད་པ་ལྟར།སྙན་ངག་པའི་འགན་འཁྲི་དེ་ཡང་རིགས་གཉིས་སུ་དགར་ཆོག་སྟེ།གཅིག་ནི་སྒྱུ་རྩལ་རང་སྟེང་གི་འགན་འཁྲི་དང་ཅིག་ཤོས་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁ་གཏོད་ཡུལ་ཀློག་པ་པོར་འགན་འཁྲི་ཡོད་མེད་རེད།སྙན་ངག་འབྲི་མཁན་སུ་ཞིག་ཡིན་རུང་འགན་འཁྲི་མེད་ཟེར་སྲོལ་མེད་གི་བསམ།རྒྱུ་མཚན།ཉེ་བའི་ལོ་འདི་དག་གི་རིང་ལ་རང་རེ་བོད་པའི་རྩོམ་སྟེགས་སྟེང་དུ་སྙན་ངག་ལ་འགན་འཁྲི་ཡོད་མེད་ཀྱི་སྐོར་ནས་སྐད་ཆ་འདྲ་མིན་ལབ་ཀྱིན་འདུག་མོད།ཁོ་བོའི་ལྟ་སྟངས་ཡིན་ན་འགན་འཁྲི་ཡོད་མེད་ཀྱི་སྐད་ཆ་དེ་ལ་དབྱེ་མཚམས་ཤིག་ཡོད་སྙམ།སྙན་ངག་ལ་འགན་འཁྲི་ཡོད་དང་མེད་དེ་སྙན་ངག་རང་སྟེང་ལ་བལྟས་ནས་བཤད་པའི་སྐད་ཆ་ཞིག་ཡིན་ནམ་ཡང་ན་སྙན་ངག་དེའི་ཁ་གཏོད་ཡུལ་ཀློག་པ་པོར་དམིགས་ནས་བཤད་པ་ཞིག་ཡིན་མིན་གྱི་གནད་དེ་གོ་དགོས་པ་འདྲ།གལ་སྲིད་སྙན་ངག་རང་སྟེང་ལ་བལྟས་ནས་བཤད་པའི་སྐད་ཆ་ཞིག་ཡིན་ན་འགན་འཁྲི་མེད་ཅེས་བཤད་ཆོག་མོད།ཀློག་པ་པོར་དམིགས་ནས་སྐད་ཆ་དེ་འདྲ་ལབ་པ་ཡིན་ཕྱིན་སྙིང་བོ་མེད་གི་འདོད།

སྙན་ངག་ནི་མ་གཞི་ནས་རང་རྐྱ་འཕེར་བའི་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཡིན་པའི་ཆ་ནས་བཤད་ན།རང་རྐྱ་འཕེར་བའི་སྙན་ངག་དེ་ནི་དཔལ་འབྱོར་དང་དམག་དོན།ཆབ་སྲིད།སྟེང་གི་བཀོད་པ་སོགས་གང་གིས་ཀྱང་དབང་དུ་སྒྱུར་མི་ནུས་པའི་སྣང་བ་རྒྱ་ཡན་པ་ཞིག་ཏུ་ཁོ་བོས་འདོད།སྙན་ངག་ནི་སྐད་ཆ་བཤད་སྟངས་ཤིག་རེད་ཅེས་བཤད་ན་ཡང་འགལ་བ་ཆེར་མེད་སྙམ།སྐད་ཆ་འདི་ལ་བསམ་རྒྱུ་མང་པོ་ཡོད་དེ།དེ་འདྲའི་སྙན་ངག་ཚུགས་ཐུབ་པ་ཞིག་དངོས་ཡོད་སྤྱི་ཚོགས་ཁྲོད་དུ་གནས་ཐུབ་པའི་ཁོར་ཡུག་ཡོད་མེད་ལ་བསམ་གཞིག་གཏོང་རྒྱུ་ནི་གལ་ཆེན་པོ་རེད།སྙན་ངག་དེ་ལ་རང་རྐྱ་འཕེར་བའི་རང་དབང་གི་ལམ་ཁ་ཞིག་སྟེར་དང་མི་སྟེར་གྱི་དབར་ན་འདང་རྒྱག་ས་མང་པོ་ཞིག་མཆིས་ཏེ།སྙན་ངག་འཕེལ་བའི་ལོ་རྒྱུས་ཀྱི་བཞུད་ལམ་ལ་ཕྱིར་མིག་ཅིག་འཕངས་རྗེས་རྟོགས་འོང་བ་ནི།རྩོམ་རིག་གི་བྱེ་བྲག་ཏུ་གྱུར་བའི་སྙན་ངག་འདི་རྩོམ་རིག་སྤྱིའི་ཁོང་ནས་ཁོལ་ཏུ་ཕྱུང་ནས་རང་དབང་གི་ཁོར་ཡུག་ཅིག་ཆགས་པར་དུས་ཡུན་མང་པོ་ཞིག་དགོས་པ་དེ་རེད།འཛམ་གླིང་གི་བསམ་བློའི་རླབས་རྒྱུན་སོ་སོའི་མེ་སོན་སྙན་ངག་གིས་སྦར་བ་རེད་ལ།དེ་བཞིན་དུ་རང་རེ་བོད་ལ་མཚོན་ནའང་།ལོ་རབས་བརྒྱད་བཅུ་བའི་དུས་སུ་སྙན་ངག་གིས་མི་དམངས་ལ་རྨོངས་གཉིད་ཀྱི་དྲན་སྐུལ་བྱས་པ་མ་ཡིན་ནམ།

མི་རིགས་སོ་སོར་སྙན་ངག་འཕེལ་འགྱུར་གྱི་ལོ་རྒྱུས་ཡོད་པ་ཇི་བཞིན།མི་རིགས་སོ་སོའི་སྙན་ངག་གི་གནས་བབ་དང་ཁ་གཏོད་ཡུལ་ཡང་གཅིག་པ་ཡིན་མི་སྲིད།མི་རིགས་སོ་སོའི་སྙན་ངག་ལ་བཟང་ངན་གྱི་དབྱེ་བ་འབྱེད་རྒྱུ་མེད་པ་ནི།མི་རིགས་སོ་སོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་ཀྱིས་ཐག་བཅད་འདུག་སྙམ།ཡིག་རྨོངས་བའི་ཕོན་ཆེ་བ་བཟུང་ཞིང་བཤིག་རལ་འཐོར་གསུམ་དུ་འགྲོ་ལ་ཉེ་བའི་མི་རིགས་ཤིག་ལ།སྒྱུ་རྩལ་ལ་གཞོལ་ཆེ་བའི་སྙན་ངག་ཅིག་གིས་ནུས་པ་ཐོན་ཐུབ་བམ།སྙན་ངག་འབྲི་མཁན་ཞིག་ཡིན་ན་ངེས་པར་དུ་མི་རིགས་སྤྱིའི་སྙན་ངག་མྱོང་རོལ་གྱི་ཆུ་ཚད་ལ་བསྟུན་རྒྱུ་ནི་གལ་ཆེན་རེད་འདོད།ཀློག་པ་པོ་མང་པོ་ཞིག་སྙན་ངག་གི་ལམ་ནས་རྨོངས་གཉིད་ལས་སད་དུ་གཞུག་རྒྱུ་ནི་འོ་སྐོལ་མི་རིགས་འདིའི་སྙན་ངག་པ་ཚོའི་གཡོལ་མེད་ཀྱི་འགན་འཁྲི་རེད་འདོད།དེ་མ་ཡིན་པར་ཀློག་པ་པོ་རེ་ཟུང་གི་འདོད་མོས་སྐོང་ཆེད་སྙན་ངག་འབྲི་རྒྱུ་ཡིན་ཕྱིན།དེ་ལྟ་བུའི་སྙན་ངག་ནི་སྒེར་སྡོམ་འབའ་ཞིག་རེད།སྙན་ངག་མེ་ལོང་མ་དར་རྗེས་བོད་ཀྱི་སྙན་ངག་དེ་མང་ཚོགས་རང་བཞིན་དང་བར་བཀྱེད་པའི་འགོ་བརྩམས་པ་ནང་བཞིན་རེད།མེ་ལོང་མ་དར་རྗེས་བོད་ཀྱི་སྙན་ངག་དེ་གྲངས་ཉུང་བའི་ཤེས་ཡོན་པའི་སྡེ་ནས་དར་བ་མ་གཏོགས།རྒྱ་ཆེ་བའི་མི་མང་དམངས་ཚོགས་ལ་ཁ་ཕྱོགས་མ་ཐུབ་པ་ནི་སྙན་ངག་གི་ཕམ་ཁ་རེད།སྙན་ངག་པ་ཚོའི་ཕམ་ཁ་རེད་འདོད། འགན་འཁྲིའི་ངོས་ཐད་ནས་བཤད་ན་སྙན་ངག་པ་ཡི་དམ་ཚེ་རིང་ལགས་ནི་གསོན་དཔེ་རུ་བགྲང་རུང་སྟེ།ཁོང་གི་སྙན་ངག་གིས་རི་ཁ་བ་ཅན་གྱི་རི་ཆུ་ནགས་གསུམ་ནམ་ཡང་བོར་མ་མྱོང་ལ།ཁོང་གི་སྙན་ངག་གིས་ཁ་བའི་ལྗོངས་ཀྱི་རིགས་ཞེན་གྱི་ལ་རྒྱའི་མཚོ་མོ་དགུང་ནས་སྐྱོམས་སུ་བཅུག་མྱོང་།ཁོང་གི་སྙན་ངག་ཀློག་ཐེངས་རེ་རེར་ཞུམ་མེད་ཀྱི་སྤོབས་པ་ཞིག་དང་རེ་བའི་འོད་སྣང་ཞིག་ཕངས་མེད་དུ་བསྩོལ་བས།ཁོང་ནི་འགན་འཁྲི་ཐེད་ལ་བོར་བའི་རང་རེ་བོད་ཀྱི་གཞོན་སྐྱེས་སྙན་ངག་པ་མང་པོ་དང་མི་འདྲ་བར།སྙན་ངག་བླ་སྲོག་གིས་འབྲི་མཁན་ཞིག་རེད།བར་སྣང་ནས་རྐང་བ་སར་སྤོ་མི་ཤེས་པའི་བོད་ཀྱི་སྙན་ངག་པ་རེ་འགས་དངོས་ཡོད་ཀློག་པ་པོ་དང་རིགས་སྤྱིའི་གནས་བབ་ལ་མི་གཞིག་པར་འོལ་ཚོད་ཀྱིས་སྒྱུ་རྩལ་གྱི་ཕྱི་ཤུན་ཁོ་ནར་བརྩོན་གྱིན་པ་ནི།རིགས་སྤྱིའི་རྩོམ་རིག་མྱོང་རོལ་གྱི་ཆུ་ཚད་དང་གནས་བབ་ལ་མ་དཔྱད་པའི་འོག་གི་ལོག་ལམ་ཞིག་རེད་འདོད།སྙན་ངག་བཟང་བོ་ཞིག་ཡིན་ན་བརྗོད་བྱའི་བསམ་བློ་དང་ལྷུ་རྐང་འགྲིག་པའི་རྗོད་བྱེད་ཀྱི་ཚིག་ཤུན་ཞིག་བསྐོན་དགོས།སྙན་ངག་གང་དེའི་བསམ་བློ་དང་སྒྱུ་རྩལ་མཚོན་ཐབས་གཉིས་ཨ་འགྲིག་ཆ་འགྲིག་ཡིན་ན་འགྲིག་པ་ལས།བརྗོད་བྱའི་སྲོག་བོར་བའི་སྙན་ངག་དེར་སྒྱུ་རྩལ་མཚོན་ཐབས་ཀྱི་ཕྱི་ཤུན་ག་འདྲ་བསྐོན་ཀྱང་སྙིང་བོ་ཏིལ་འབྲུ་ཙམ་ཡང་ཡོད་མི་སྲིད།ད་ལྟའི་བོད་ཀྱི་ན་གཞོན་མང་ཆེ་བས་འཚོལ་ཅིང་སྙེག་གིན་པའི་ལམ་ཁ་ནི་འདིའི་རིགས་སུ་གཏོགས་པས།ཀློག་མཁན་མང་པོ་ཞིག་གིས་སྙན་ངག་ལ་མཐོང་ཆུང་གི་རྣམ་འགྱུར་འཛིན་གྱིན་པར་རྒྱུ་མཚན་མེད་པ་ག་ནས་ཡིན།

ན་གཞོན་མང་པོ་ཞིག་གི་སྣང་ངོར་སྙན་ངག་ནི་རོལ་རྩེད་ཀྱི་རྣམ་པ་ཞིག་དང་ཡང་ན་སེམས་ཁོང་དུ་ཆུད་དུས་སྡུག་གི་མཆི་མ་གཏོང་རོགས་ཙམ་ལ་ངོས་འཛིན་བྱེད་ཀྱིན་འདུག དངོས་གནས་ཁ་སང་དེ་རིང་གི་བོད་པའི་རྩོམ་སྟེགས་སྟེང་ན་སྙན་ངག་ལ་རྣམ་འགྱུར་གཙང་མ་འཛིན་མཁན་དང་།གཟབ་ནན་གྱིས་སྙན་ངག་ལ་འཇུག་མཁན་གྱི་གཞོན་སྐྱེས་ནི་ཉིན་མོའི་སྐར་མ་བཞིན་ཧ་ཅང་ཉུང་གི སྒྱུ་རྩལ་རྩོམ་རིག་གི་བྱེད་ནུས་དང་དེའི་ཕུགས་ཀྱི་ནག་ཉེས་ལ་བསམ་གཞིག་མི་གཏོང་པར་སྙན་ངག་གི་ལམ་ཁ་ཉུལ་མཁན་འདིའི་རིགས་ནི་དོན་གྱིས་སྒྱུ་རྩལ་རྡོག་བརྫིས་བྱེད་མཁན་དང་སྙན་ངག་ལ་རྨ་ཕབ་མཁན་འབའ་ཞིག་རེད་ཅེས་ཁོ་བོས་སྨྲ་བར་སྤོབས།ང་ཚོ་ཕྱི་རབས་པ་མང་པོས་སྙན་ངག་པ་ཁོང་གི་སྙན་ངག་དང་སྒྱུ་རྩལ་ལ་བཟུང་བའི་གཟབ་ནན་གྱི་འདུ་ཤེས་དང་དད་ཞེན་དེ་ལ་ཅི་ནས་ཀྱང་སློབ་སྦྱོང་བྱ་དགོས།སྙན་ངག་པ་ཁོང་གི་སྐད་ཆ་ལྟར་ན་དུང་སྐད་སྙན་མོར་སྐུལ་ཡུལ་མེད་པའི་སྙན་ངག་པ་ནི་ང་ཚོར་མིང་མེད་ན་ཉུང་མི་འདུག

སྒྱུ་རྩལ་ཁ་ལ་འཁྱེར་ནས་བོད་པའི་སྙན་ངག་ལ་ནག་ཉེས་བསྐྲུན་མཁན་གྱི་སྙན་ངག་པ་ནི་ཉུང་ཉུང་མ་རེད།བོད་ཀྱི་སྤྱི་ཚོགས་འདི་ནི་བདག་པོ་མེད་པའི་ལུག་ཁྱུ་བཞིན་གང་སར་འགྲིབ་ཀྱིན་པའི་སྐྱ་ཆད་སྔོ་སྡུག་གི་གནས་བབ་འདི་འདྲར།སྙན་ངག་གིས་ཅི་ནས་ཀྱང་ཀློག་པ་པོ་དང་སྤྱི་ཚོགས་ལ་འགན་ཁུར་ན་རེད་འདོད།ང་ཚོར་《རྔ་ཆེན་རོལ་དབྱངས》ལྟ་བུའི་སྙན་ངག་ནི་ཇི་འདྲའི་མཁོ་ཨང་།

གཉིས།ཁོང་གི་མི་གཞི་དང་སྒལ་ཚིགས།

སྙན་ངག་པ་བཟང་བོ་ཞིག་ཏུ་འགྱུར་མིན་ནི་སྙན་ངག་པ་དེའི་སྙན་ངག་བློ་སྦྱོང་གི་ཆུ་ཚད་དང་ལྷན་སྐྱེས་ལ་འབྲེལ་བ་ཡོད་པ་ཕུད།སྙན་ངག་འབྲི་བ་བོ་དེའི་མི་གཞི་དང་སྒལ་ཚིགས་ལ་ཡང་འབྲེལ་བ་ཡོད་པ་བསྙོན་མེད་ཡིན།ཁོ་བོས་སྙན་ངག་པ་ཁོང་ལ་དད་མོས་བྱ་ཡུལ་གྱི་རྒྱུ་རྐྱེན་ཡང་མདོར་དེད་ན་ཁོང་ལ་མི་རིགས་ཀྱི་བདེ་སྡུག་བསམ་པའི་དཀྱེལ་ཡངས་ཀྱི་བློ་ཁོག་ཅིག་དང་།དཀའ་ངལ་གང་ལ་འཕྲད་ཀྱང་མགོ་བོ་མི་སྒུར་བའི་སྒལ་ཚིགས་དྲང་མོ།གང་ལ་སོང་ན་གང་ནས་བསྡད་ན་རང་ཉིད་བོད་ཅིག་ཡིན་སྙམ་པའི་རང་ཚུགས་བོར་མ་མྱོང་བའི་བརྟན་བརླིང་གི་མི་གཞི་མངའ་བས་ཡིན།ཚུགས་ཐུབ་ཀྱི་མི་གཞི་འདི་འདྲ་དང་དཀྱེལ་ཡངས་ཀྱི་བློ་ཁོག་འདི་འདྲ།དད་ཞེན་གྱི་ཀུན་སློང་འདི་འདྲ་བདོག་པས་ཁོང་ལ་སྙན་ངག་པའི་ཆོ་ལོ་རེག་པ་མ་ཡིན་ནམ།དེང་སྐབས་བོད་པའི་རྩོམ་སྟེགས་སྟེང་ན་སྣང་ཚུལ་འཇིགས་སུ་རུང་བ་ཞིག་བྱུང་དང་འབྱུང་གིན་པ་ནི།སྙན་ངག་ཐར་ཐོར་རེ་གཉིས་ཙམ་མ་གཏོགས་མ་བྲིས་པའི་མི་དེ་ལ་སྙན་ངག་པའི་ཆོ་ལོ་བསྩོལ་གྱིན་འདུག་མོད།ཁོ་བོའི་ངོས་ཐད་ནས་བལྟས་ན་བསམ་སྦྱོར་འདི་འདྲ་སྤེལ་མཁན་གྱི་མི་དེ་དག་ནི་དོན་གྱིས་སྙན་ངག་དང་སྙན་ངག་པར་མཐོང་ཆུང་བྱེད་མཁན་འབའ་ཞིག་ཏུ་འཁུམ་ལ།སྒྱུ་རྩལ་ཡོད་དོ་ཅོག་གི་ཏོག་དང་རྒྱལ་མཚན་ལྟ་བུར་བཀུར་བའི་སྙན་ངག་ལ་ཀུན་སློང་གཙང་མས་འཇུག་གིན་མེད་པའི་ངོས་ཤིག་ཀྱང་ལྷག་འདུག་སྙམ།སྙན་ངག་པའི་ཆོ་ལོ་དེ་སྙན་ངག་པའི་བློ་སྦྱོང་དང་མི་གཞི་ལ་མ་བལྟས་པར་གང་ཡིན་ལ་བསྩོལ་ཐེངས་མང་ན།སྙན་ངག་པ་ཞེས་པའི་ཐ་སྙད་འདིའི་མཛེས་པ་ཤོར་བ་དང་ལྷན་དུ་སྙན་ངག་གི་གོ་ས་ལྟུང་གིན་པ་མ་ཡིན་ནམ།

མི་ཚེ་སྙན་ངག་ལ་བསྟིམ་པའི་སྒྱུ་རྩལ་གྱི་དད་འདུན་པ་ཁྱེད།{སྙན་ངག་གསར་རྩོམ་བྱེད་པ་ནི་སྐྱེ་དངོས་འཕེལ་འགྱུར་བྱུང་བ་ལྟ་བུ་མ་ཡིན་པར།རང་ཚུགས་འོད་མདངས་གསལ་བའི་ཚེ་སྲོག་གསར་བ་ཞིག་གསར་བསྐྲུན་བྱེད་པ་ཡིན།}ཞེས་པའི་གསུང་ཚིག་འདི་ནི་རང་ཚུགས་མངོན་པར་གསལ་བའི་སྙན་ངག་པ་ཞིག་གི་སེམས་གཏིང་ནས་བརྡོལ་བའི་ལེགས་བཤད་མ་རེད་གྲང་།ཁྱེད་ལ་འདི་ལྟ་བུའི་རང་ཚུགས་བརྟན་པོ་ཞིག་མངའ་བས་གཞི་ནས་ཁྱེད་ཀྱི་སྙན་ངག་ལ་ཐུན་མིན་གྱི་རྩོམ་གཤིས་གྲུབ་པ་མ་ཡིན་ནམ།བྲིས་རྩོམ་རང་སྟེང་ནས་རང་ཚུགས་མངོན་མ་ནུས་པར་ཕྱིའི་བྱ་སྤྱོད་ཀྱི་སྟེང་ནས་སྙན་ངག་པའི་བཟོ་ལྟ་འོང་རེ་ལ་འབད་ཀྱིན་པའི།ཁ་སང་དེ་རིང་གི་བོད་པའི་སྙན་ངག་པར་ཁས་བཅའ་མཁན་ཚོར་རང་ཚུགས་འོད་མདངས་གསལ་བའི་ཚེ་སྲོག་ནི་ཇི་འདྲའི་མཁོ་ཨང་།

འདིར་དགོས་དབང་གིས་སྐད་ཆ་ལྷག་མ་རེ་བཤད་ན།སྙན་ངག་ནི་ཚོར་བའི་རྒྱུན་ཁོ་ན་ཡིན་ཞེས་པའི་སྡོམ་ཚིག་འདི་བརྩམས་སྒྲུང་སོགས་རྩོམ་རིག་གི་ནང་གསེས་གཞན་པ་དང་ལྟོས་བཅས་ཀྱིས་བཤད་བཞིན་ཡོད་པ་དེ་ཤེས་དགོས།མང་པོ་ཞིག་གིས་སྙན་ངག་ཡིན་ན་ཚོར་བ་ཐན་ཐུན་ཙམ་ལས་ཅི་ཡང་དགོས་ས་མི་འདུག་བསམ་གྱིན་ཡོད་པ་ནི་ནོར་འཁྲུལ་ཤ་སྟག་རེད།དེང་རབས་རྩོམ་རིག་གི་གཤོག་ཟུང་ནི་མཚན་ཉིད་རིག་པ་དང་ལོ་རྒྱུས་རིག་པར་བགྲང་གྱིན་ཡོད་པས།སྙན་ངག་པ་ཞིག་ཏུ་འགྱུར་འདོད་ན་མཚན་ཉིད་རིག་པ་དང་ལོ་རྒྱུས་རིག་པ།སེམས་ཁམས་རིག་པ་སོགས་ཀྱི་ཤེས་བྱ་རྒྱུད་དུ་འབྱོར་རྒྱུ་ནི་གལ་ཆེན་རེད་བསམ།དེ་ལྟ་མ་ཡིན་པར་སྙན་ངག་ཡིན་ན་ཚོར་བ་ཁོ་ནས་འགྲུབ་བོ་སྙམ་ན་སྙན་ངག་འབྲི་རྒྱུ་ནི་སྒྱུ་རྩལ་ཐམས་ཅད་ལས་ཆེས་སླ་མོའི་རིགས་སུ་འགྱུར་རོ།

སྙན་ངག་པ་ཁོང་གིས་གསུང་བ་བཞིན།སྙན་ངག་ནི་སྙན་ངག་ལ་བློ་དཀར་བའི་སྙན་ངག་མཁན་གྱིས་བཅད་བརྡར་བཙོ་སྦྱངས་གནང་བ་ལས་ཚད་མཐོན་པོར་འཕགས་པའི་སྙན་ངག་ཡིན་པའམ།ཡང་ན་རྣམ་དག་སྙན་ངག་གིས་སྙན་ངག་པ་རང་ཉིད་ཚད་མཐོན་པོར་འཕགས་སུ་བཅུག་པ་ཡིན་པའི་གནས་ལུགས་རྟོགས་ཐུབ་ཅེས་དང་།ཡང་བདག་ནི་འདི་ལྟར་མ་གཞི་ནས་ང་ཚོ་མི་རིགས་ཀྱི་དམངས་ཁྲོད་གླུ་གཞས་སྙན་མོའི་ཆུ་རྒྱུན་སྙེག་ནས་འབབ་ལྡན་གཙང་བོ་བརྒལ་ཞིང་།དེ་ནས་རླབས་ཕྲེང་ང་རོ་སྒྲོག་པའི་སྙན་ངག་རྒྱ་མཚོ་ཆེན་པོའི་འཇིངས་སུ་ཞུགས་པ་ཡིན།དུས་སྐབས་དེ་ནས་བཟུང་མཁའ་དབྱིངས་ཉི་ཟླའི་འོད་སྣང་འགྱེད་ཅིང་།ལྷུང་ལྷུང་གངས་ཆུ་དྭངས་མོའི་སྐད་ལ་རོལ་བ།རྒྱ་མཚོའི་ང་རོ་དབྱིངས་སུ་སྒྲོག་པའི་ལས་རྣམས་རང་གི་བླ་མེད་འོས་འགན་ཏུ་བརྩིས་པ་ཡིན།ཁོང་གི་གསུང་ཚིག་འདི་དག་ལས་ངེས་དོན་གྱི་སྙན་ངག་པ་ཞིག་གིས་སྙན་ངག་ལ་བཟུང་བའི་དད་ཞེན་དང་གཟཟ་ནན་གྱི་འདུ་ཤེས།སྙན་ངག་རང་སྟེང་གི་འགན་འཁྲི།རང་ལུས་འོད་དུ་གསལ་བའི་མི་གཞི་བཅས་མངོན་པར་མཚོན་འདུག་སྙམ།

གསུམ། ཁོང་གི་སྙན་ངག་དང་སྐད་ཡིག

སྙན་ངག་པ་ཁོང་ཉིད་འཚར་ལོངས་བྱུང་སའི་ཁོར་ཡུག་དང་དུས་བབ་སོགས་ཕྱི་རྐྱེན་དང་ནང་རྐྱེན་གང་མང་གི་དབང་གིས།ཁོང་གིས་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་དགོས་བྱུང་བ་རེད་མོད།ཁོང་གིས་ནམ་ཡང་རང་རེ་བོད་ཀྱི་དམངས་ཁྲོད་རིག་གནས་དང་གནའ་རབས་སྙན་ངག དེ་མིན་བོད་ཀྱི་ལོ་རྒྱུས་བཅས་ལ་འདྲིས་ཆ་མང་དུ་བཏང་ནས།ཕ་སྐད་ཀྱི་ལམ་ནས་སྙན་ངག་འབྲི་བར་འབད་པ་ལྷོད་མེད་བྱས་པ་རེད།ཁོང་གིས་གསུང་བ་ནང་བཞིན།ང་རང་འཇིག་རྟེན་འདིའི་སྟེང་དུ་འོང་ནས་ཆེས་ཕངས་སེམས་སྐྱེས་ས་ཞིག་ཡོད་པ་ནི།རང་གི་ཕ་སྐད་ཀྱི་ལམ་ནས་སྙན་ངག་འབྲི་མ་ཐུབ་པ་དེ་རེད་ཅེས་དུས་རྒྱུན་སྤྱན་ཆབ་བསིལ་མྱོང་བ་དང་།ཡང་ན་སྐབས་འགར་ང་ཚོར་བསླབ་བྱའི་ཚུལ་དུ་རང་གི་ཨ་མའི་དཀར་ཡོལ་ནང་དུ་ཇ་ལྡུག་མི་འདོད་པ་ཞིག་གིས་མི་རིགས་ཀྱི་ལ་རྒྱ་ཇི་ལྟར་གླེང་དགོས་ཞེས་བཤད་མྱོང་བ་ནི་ཇི་འདྲའི་གསུང་ཚིག་རྨ་མེད་པ་ཞིག་རེད།གསུང་ཚིག་འདི་ནི་དེང་གི་བོད་པའི་སྤྱི་ཚོགས་སྟེང་གི་ནད་ཡམས་རིགས་ཤིག་གི་འགོག་སྨན་ལྟ་བུ་རུ་ཅི་ནས་ཀྱང་འགྲོ་ངེས།ནད་ཡམས་ཏེ།རང་གི་ཕ་སྐད་ཤེས་བཞིན་དུ་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་གནང་གིན་པའི་མཁས་རློམ་པ་དེ་ཚོ།བོད་ཡིག་གི་ཤེས་བྱའི་སྒྲོམ་གཞི་ངེས་ཅན་ཡོད་བཞིན་དུ་ཕ་སྐད་ཀྱི་སྒང་ནས་རྩོམ་འབྲི་མི་བྱེད་པར།རྒྱ་ཡིག་དང་དབྱིན་ཡིག་གཙོས་ཕྱི་ཡིག་གི་ལམ་ནས་རྩོམ་འབྲི་གནང་གིན་པའི་སྣང་ཚུལ་འདིའི་ཐོག་ན་གནད་དོན་མང་དུ་མཆིས།ཟུར་ངོས་གཞན་ཞིག་ནས་བསམ་ན་རང་མི་རིགས་ཀྱི་རིག་གནས་ཕྱི་ཕྱོགས་སུ་ཁྱབ་སྒྲོག་བྱ་རྒྱའི་ངོས་ཐད་དུ་བཟང་ཆ་མང་དུ་ཡོད་མོད།སྐད་ཡིག་བཀོལ་སྤྱོད་ཀྱི་ཁེ་དབང་རྩོད་སྟངས་ཀྱི་ཆ་ན་མི་འདིའི་རིགས་ལ་ནག་ཉེས་ཆེན་པོ་བདོག་སྙམ།རྒྱུ་མཚན།དེང་སྐབས་བོད་མི་མང་པོ་ཞིག་གིས་རིག་གནས་འཛད་སྤྱོད་ཀྱི་ཁོར་ཡུག་དང་རིག་གནས་དར་ཁྱབ་ཀྱི་ཁྲོམ་རར་དམིགས་ནས་ཕ་སྐད་ཀད་སྙིགས་ཁྲོད་གཡུག་སྟེ།རྒྱ་ཡིག་གི་ལམ་ཁར་སྙེག་གིན་འདུག

དེང་སྐབས་མངོན་གསུམ་མཐོང་ཆོས་སུ་གྱུར་ཡོད་པ་ནི།བོད་ཡིག་གི་སྒང་ནས་རྩོམ་ལ་འཇུག་མཁན་བོད་མི་དག རྒྱ་ཡིག་གཙོས་ཕྱི་ཡིག་གི་ལམ་ནས་རྩོམ་ལ་འཇུག་མཁན་བོད་མི་དག་དང་ལྟོས་བཅས་ཀྱིས་བསྡུར་ནས་བཤད་ན།རིགས་འདི་གཉིས་ཀྱི་བརྩམས་ཆོས་ལ་དོ་སྣང་བྱེད་ཚད་དང་།མིང་དུ་གྲགས་ཚད།འཁོར་རྒྱུགས་ཀྱི་ཁྱབ་ཚད་སོགས་ཕྱོགས་མང་པོ་ཞིག་གི་ཆ་ན་ཕྱི་མ་དེ་ལ་མིག་མདུན་གྱི་ཕན་པ་མང་ཙམ་ཡོད་པ་དེ་རེད།གནད་འདིའི་ཕུགས་ནས་ཤེས་པ་ནི་རང་རེ་ཕ་སྐད་ཀྱིས་རྒྱལ་སྤྱིའི་རིག་གནས་སྡིངས་ཆ་རུ་སྐད་ཡིག་ལ་ཡོད་ཆོག་པའི་ཁེ་དབང་གཙང་ཡངས་དེ་ལོངས་སུ་སྤྱོད་ཐུབ་ཀྱིན་མེད་པདེ་ར་སྤྲད་འདུག གནད་འདི་ཤེས་ཤིང་མི་རིགས་སྤྱིའི་ཡོངས་ཁྱབ་རིན་ཐང་ལ་བསམ་གཞིག་ཡེ་ནས་གཏོང་མི་སྤྲོ་བའི་བོད་མི་རེ་འགས་ཕྱི་ཡིག་གི་ལམ་ཁ་ན་ང་ནི་ཆེའོ་སྙམ་པའི་རྫིག་མདོག་སྟོན་གྱིན་འདུག་པ་ནི་འོས་སུ་མ་མཐོང་།མི་དེའི་རིགས་ནི་དོན་གྱིས་ཁེ་དབང་རྩོད་རྒྱུའི་འདུ་ཤེས་རྦད་དེ་སད་མེད་པ་དག་རེད།མི་དེའི་རིགས་ནི་རང་གི་ཕ་སྐད་ཀྱི་ཁེ་དབང་རྩོད་རྒྱུར་སྐྲག་ནས་བདེ་མོའི་ལམ་དང་སྙན་པོའི་གྲགས་པ་འབའ་ཞིག་དོན་དུ་གཉེར་མཁན་རེད་འདོད།

ང་ཚོར་མ་ཧྰ་གན་རྡི་ལྟ་བུའི་མི་བུ་སྒེར་གྱི་ཁེ་དབང་དང་ཐོབ་ཐང་མི་བུ་སྒེར་ངོས་ནས་རྩོད་མཁན་གྱི་མི་བུ་ནི་མཁོ་ཆེ་བ་ལ།ཟུར་ངོས་འདི་ནས་བཤད་ན་སྙན་ངག་པ་ཁོང་ཉིད་ནི་མིག་དཔེར་བཟུང་འོས།རིགས་ཞེན་གྱི་སེམས་རྒྱ་མེ་རི་བཞིན་འཕྱུར་མྱོང་བའི་སྙན་ངག་པ།རང་ཉིད་ཀྱི་དར་ཆ་རང་ཉིད་ཀྱིས་སྒྲེང་མྱོང་བའི་སྙན་ངག་པ།

སྙན་ངག་པ་ཡི་དམ་ཚེ་རིང་ཁོང་ཉིད་གཙོས་ཕྱི་ཡིག་གི་སྟེང་ནས་རྩོམ་འབྲིར་གཞོལ་མཁན་གྱི་བོད་མི་དག་བོད་ཀྱི་རྩོམ་པ་པོར་བགྲང་རུང་མིན་གྱི་ཐད་ནས་དྲན་འཆར་ཙམ་འཆད་ན།དེང་སྐབས་བོད་གཞིས་བྱེས་གཉིས་སུ་རྒྱ་ཡིག་གི་སྒང་ནས་རྩོམ་འབྲི་གནང་མཁན་དང་དབྱིན་ཡིག་གི་ལམ་ནས་རྩོམ་ལ་འཇུག་མཁན་མང་དུ་ཡོད་ལ།དེ་དག་ལས་ལ་ཤས་ནི་ཁྲག་དང་རུས་པ་བོད་ཡིན་པ་ལས་མི་རིགས་ཀྱི་འདུ་ཤེས་སད་མེད་མཁན་མང་དུ་ཡོད་ལ།ཡང་ལ་ཤས་ནི་དེ་ལས་ལྡོག་ཟླར་གྲུབ་འདུག བོད་ཀྱི་སྙན་ངག་པ་ཡིན་མིན་དེ་བོད་ཡིག་ཤེས་མིན་གྱི་ཆ་རྐྱང་བ་ནས་འཇོག་གམ་ཡང་ན་རིགས་ཀྱི་འདུ་ཤེས་ཁོ་ནའི་སྟེང་དུ་འཇོག་རྒྱུ་ཡིན།འདི་ནི་ཐག་གིས་གཅོད་དཀའ་བའི་གནད་དོན་ཞིག་ཏུ་གྱུར་འདུག་མོད།ཁོ་བོའི་ལྟ་སྟངས་ཡིན་ན་མི་རིགས་ཀྱི་འདུ་ཤེས་སྟེང་ནས་འཇོག་རྒྱུ་ནི་གལ་ཆེན་རེད་འདོད།རིགས་ཀྱི་འདུ་ཤེས་མ་སད་ཚེ་བོད་ཡིག་ཤེས་ཀྱང་སྙིང་བོ་ཆེན་པོ་ཞིག་ཡོད་མེད་ཁོ་བོས་མཐོང་མ་སོང་།སྙན་ངག་པ་ཡི་དམ་ཚེ་རིང་ཁོང་ཉིད་ནི་རིགས་ཀྱི་འདུ་ཤེས་མེ་རི་བཞིན་འཕྱུར་བསྡད་ཡོད་པའི་བོད་མི་རྣལ་མ་ཞིག་ཡིན་པ་མ་ཟད།རང་གི་ཕ་སྐད་དང་རིག་གནས་ལ་དད་ཞེན་ལྷ་བླག་བྱེད་མཁན་ཞིག་ཡིན་པ་ཁོང་གི་གསུང་ཚིག་ལས་རྟོགས་སླ།“ངའི་མྱི་ཚེ་གང་བོའི་ཆེས་ཆེ་བའི་ཕམ་ཁའམ་འགྱོད་གདུང་ནི།ངས་རང་གི་ཕ་སྐད་ཀྱིས་སྙན་ངག་མ་འགྲུབ་པ་སྟེ།ངས“ཀ་ཡིག”མ་རྙེད་པ་དེ་རེད།”ཅེས་དང་ཡང་ན་བདག་ནི་འདི་ལྟར་ཨ་མའི་གནའ་གཏམ་དང་གླུ་གཞས་གཙོས་ང་ཚོ་མི་རིགས་ཀྱི་དམངས་ཁྲོད་གླུ་གཞས་སྙན་མོའི་ཆུ་རྒྱུན་སྙེག་ནས་འབབ་ལྡན་གཙང་བོ་བརྒལ་ཞིང་།དེ་ནས་རླབས་ཕྲེང་ང་རོ་སྒྲོག་པའི་སྙན་ངག་རྒྱ་མཚོ་ཆེན་པོའི་འཇིངས་སུ་ཞུགས་པ་ཡིན་ཞེས་པ་ལྟ་བུས་མཚོན་ནུས།

མདོར་ན།སྙན་ངག་པ་ཁོང་ཉིད་ནི་ངེས་དོན་གྱི་བོད་པའི་སྙན་ངག་པ་ཞིག་ཏུ་བགྲང་རུང་བ་མ་ཟད།ཕྱི་རབས་པ་མང་པོས་མིག་དཔེར་འཛིན་འོས་པའི་སྙན་ངག་ཞིག་ཀྱང་རེད་དོ།།

༼རྩོམ་ཡིག་འདི་གཞན་གྱིས་བརྒྱུད་འགོད་བྱས་མི་ཆོག༽

བསྟོད།6

དཔྱད་མཆན་སྤེལ།