མི་ནི་མི་དང་ང་ནི་ངའོ།།

མེ་ལྕེ།

“ལྔ་བཞི་ལས་འགུལ”ལས་འཕྲོས་ཏེ་ད་ལྟའི་བོད་ཀྱི་བསམ་བློའི་རིག་གནས་སྐོར་གླེང་བ།

དང་པོ།
ལས་འགུལ་ཞེས་པའི་སྒྲ་བཤད་དུ《བོད་རྒྱ་ཚིག་མཛོད་ཆེན་མོ》རུ“ཆབ་སྲིད་དང༌།རིག་གནས། ཐོན་སྐྱེད་སོགས་ཀྱི་ཐད་རྩ་འཛུགས་ཡོད་ལ། དམིགས་ཡུལ་ཡང་ཡོད་ཅིང༌། མང་ཚོགས་རང་བཞིན་ལྡན་པའི་བྱ་གཞག་རྒྱ་ཁྱོན་ཆེ་ཙམ་ཞིག”ཅེས་བརྗོད་འདུག་པ་དང༌། ལས་འགུལ་ཞེས་བརྗོད་དུས་འུ་ཅག་གི་མི་ཕལ་ཆེ་བས་ནི་ཆབ་སྲིད་ཐད་ཀྱི་ལས་འགུལ་དང་ཐོན་སྐྱེད་ཐད་ཀྱི་ལས་འགུལ་སོགས་ལ་ངོས་འཛིན་པ་ལས་རིག་གནས་ཐད་ཀྱི་ལས་འགུལ་དང་བསམ་བློའི་ཐད་ཀྱི་ལས་འགུལ་ལ་གོ་བ་ལེན་མཁན་ནི་ཤིན་ཏུ་ཉུང་བ་རེད།རྒྱུ་མཚན་ནི་རང་རེའི་གངས་རིའི་ར་བས་བསྐོར་པའི་ཡུལ་གྲུ་འདི་རུ་རིག་གནས་དང་བསམ་བློའི་ཐད་ཀྱི་ལས་འགུལ་གྱི་འབྲུག་སྒྲ་ནི་ནམ་ཡང་ལྡིར་མ་མྱོང་ལ།འབྲུག་སྒྲའི་རྗེས་ཀྱི་ཆར་ཟིམ་དང་འཇའ་ཚོན་ནི་དེ་བས་ཀྱང་ཡོད་མ་མྱོང་ངོ༌། །
ང་ཚོས་འདས་ཟིན་པའི་དུས་རབས་ཉི་ཤུ་པར་ཕྱི་མིག་ཅིག་བལྟས་ནའང༌། “གཡས་ཕྱོགས་པར་རྒོལ་བའི་ལས་འགུལ”དང༌། “མཆོང་བསྐྱོད་ཆེན་མོའི་ལས་འགུལ” “རིག་གནས་གསར་བརྗེའི་ལས་འགུལ”སོགས་རྒྱ་ནག་ལ་ཅི་བྱུང་གི་ཆབ་སྲིད་ཐད་ཀྱི་ལས་འགུལ་ནི་རང་རེའི་ཁ་བ་ཅན་ལའང་མུ་ནས་མུར་བྱུང་མྱོང་ཞིང༌།དེ་དང་དེ་འབྲེལ་གྱི་ལོ་རྒྱུས་ཀྱི་སྐྱོ་གར་ཡང་གང་མང་བྱུང་མྱོང་བ་རེད་ཨང༌། རིག་གནས་དང་བསམ་བློའི་ཐད་ཀྱི་ལས་འགུལ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་སྐུ་དུས་སུ་དབྱིན་ཇི་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་ལ་དཔེ་ལྟ་སློབ་གཉེར་བྱས་པའི་མྱུ་གུ་ཙམ་འབུས་འགོ་ཚུགས་ནའང་ནང་གི་མཁྲེགས་འཛིན་བསམ་བློའི་བཙན་དབང་གིས་མཚམས་མི་འཇོག་ཐུ་མེད་བྱུང༌།དགེ་འདུན་ཆོས་འཕེལ་ལགས་ཀྱིས་རང་གི“གསེར་དང་མཚུངས་པའི་རྣམ་དཔྱོད”ལ་བརྟེན་ནས་བོད་རང་གི་གཙོ་རྒྱུགས་རིག་གནས་ཀྱི་མ་ཡུམ་སྟེ་རྒྱ་གར་རིག་གནས་ལ་ཁྱབ་ཆེ་ས་ནས་ཕྱིར་རྟོག་དང་དོགས་སློང་གི་བགྱི་བ་དོན་དུ་གཉེར་ནའང༌།ཁོང་གི་ཤེས་རབ་དང་མི་གཞི་ལ་ཡིན་འཇོག་དང་དང་ལེན་བྱེད་མཁན་ག་ཚོད་ཡོད་ཨང༌། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་དུ་རང་གྲོལ་ལགས་ཀྱིས་མི་རིགས་ཀྱི་ལ་རྒྱ་དང་ཁོག་དཔུང་གི་དར་ཆ་མཐོན་པོར་འཕྱར་ཏེ་རྟོགས་སད་ཀྱི་ཅོང་བརྡ་ཡང་ཡང་བརྒྱབ་ནའང༌།རྐང་ལམ་ནས་བུད་དེ་གཞུང་ལམ་དུ་བགྲོད་མཁན་ག་ཚོད་ཡོད་ཨང༌། ཐ་ན2006ལོའི་རྒྱན་ལྤགས་སྲེག་སྦྱོར་གྱི་ལས་འགུལ་དེ་ལ་མཚོན་ནའང་ཕྱིའི་སྤྱི་ཚོགས་ཀྱི་སྒུལ་ཤུགས་ལ་བརྟེན་ནས་བྱུང་བའི་ལས་འགུལ་ཞིག་ཡིན་པ་ལས་ནང་བསམ་བློའི་རྟོགས་སད་ལ་བརྟེན་ནས་བྱུང་བའི་ལས་འགུལ་ཞིག་ནི་མིན་པར་འདོད།དེར་བརྟེན། རང་རེ་ལ་ནི་མང་ཚོགས་དང་ཤེས་ཡོན་ཅན་སོགས་རིགས་སོ་སོའི་སྡེ་གང་ཞིག་ཡིན་རུང་བསམ་བློ་དང་རིག་གནས་ཐད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ནི་ད་ལྟའི་བར་དུ་བྱུང་མ་མྱོང་བ་རེད།
གཉིས་པ།
1919ལོའི་ཟླ5པའི་ཚེས4ཉིན་རྒྱ་ནག་ཏུ་བྱུང་བའི“ལྔ་བཞི་ལས་འགུལ”ནི་ཁོ་པ་ཚོའི་རིག་གནས་ལོ་རྒྱུས་སྟེང་གདན་ཐོབ་ངེས་ཅན་ཟིན་ཅིང༌། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཐོན་པའི་ལས་འགུལ་ཞིག་ཏུ་ངོས་འཛིན་གྱིན་ཡོད་འདུག ལས་འགུལ་དེ་ལ་ཧུའུ་ཧྲི་ལགས་ཀྱིས་རྒྱ་ནག་གི“རིག་རྩལ་བསྐྱར་དར”ཞེས་འབོད་ལ། ཅང་མེང་ལིན(蒋梦麟)ལགས་ཀྱིས“རླབས་གསར”ཞེས་དང༌། ལུའུ་ཞུན་ལགས་ཀྱིས“བསམ་བློ་གསར་བརྗེ”ཞེས་འབོད་པ་རེད། མདོར་ན་ལས་འགུལ་དེ་ནི་རིག་གནས་གསར་པའི་ལས་འགུལ་ཞིག་དང་བློ་འབྱེད་བསམ་བློའི་ལས་འགུལ་ཞིག་ཡིན་པ་རེད།
“ལྔ་བཞི་ལས་འགུལ”གྱི་གཙོ་འཁྲབ་པ་ནི་ཤེས་ཡོན་ཅན་དང་སློབ་མ་རེད་འདུག་སྟེ། ཚའེ་ཡོན་ཕེ་དང་ཧུའུ་ཧྲི། ཁྲེན་ཏུའུ་ཞིའུ་དང་ལུའུ་ཞུན་སོགས་ནི་ཤེས་ཡོན་ཡོན་ཅན་གྱི་འཐུས་ཚབ་རེད་ལ།ཧྥུ་སི་ཉན(傅斯年)དང་ལུའོ་ཅ་ལུན(罗家伦)སོགས་ནི་སློབ་མའི་འཐུས་ཚབ་རེད། དེ་བས“ལྔ་བཞི་ལས་འགུལ”ནི་རིག་གནས་གསར་པའི་ལས་འགུལ་ཞིག་ཡིན་པས་མི་ཚད་སློབ་མའི་ལས་འགུལ་ཞིག་ཀྱང་ཡིན་པ་རེད།ཤེས་ཡོན་ཅན་དང་སློབ་མ་གཉིས་ཀྱི་མཉམ་འབྲེལ་དང་སྟོབས་ཤུགས་ལ་བརྟེན་ནས་སྐབས་དེའི་ལས་འགུལ་དེ་ནི་ཚ་ཚ་འུར་འུར་ཞིག་དང་ས་འབར་རྡོ་འབར་ཞིག་ཏུ་གྱུར་པ་རེད།
“ལྔ་བཞི་ལས་འགུལ”སློང་མཁན་གྱི་ཤིང་རྟ་ཆེན་པོ་དེ་དག་གིས་རང་དབང་དང་འདྲ་མཉམ། སྒེར་ཚུགས་དང་རྩིས་ཐང༌། མི་སྒེར་དང་ཁེ་དབང༌།དཀྱེལ་ཡངས་དང་དཔྱོད་ཤེས། ཁྲིམས་སྲིད་དང་ཁྲིམས་སྐྱོང་སོགས་ཡོངས་ཁྱབ་རིན་ཐང་ལྟ་ཚུལ་དེ་དག་ཐོག་མར་རྒྱ་ནག་ཏུ་དྲངས་ཤིང༌།རིན་ཐང་ལྟ་ཚུལ་དེ་དག་རྨང་རྡོ་བྱས་ཏེ་སོ་སོའི་ཤེས་རབ་མེ་རུ་བསྒྲོན་ནས་སྨག་ནག་པའི་སྤྱི་ཚོགས་དེར་དཀར་མེ་བཏེགས་པ་རེད།མཁྲེགས་འཛིན་དང་ཁ་རུབ་ཀྱི་སྤྱི་ཚོགས་དེའི་ནང་དུ་ཁོང་ཚོའི་འཕག་འཚག་གི་ང་རོ་ནི་ཇི་འདྲའི་ངར་སྐད་ཆེ་ཞིང་ཇི་འདྲའི་སྟོབས་དང་ལྡན་པ་རེད་ཨང༌།
ཚའེ་ཡོན་ཕེ་ལགས་ཀྱི“བསམ་བློ་རང་དབང་དང་རིས་མེད་ཀུན་འདུས”ཀྱི་སློབ་སྒྲུབ་རྩ་འཛིན་དང༌། ཁྲེན་ཏུའུ་ཞིའུ་ལགས་ཀྱི“ན་གཞོན་གསར་པ”སློང་བའི་དགོངས་པ། ཧུའུ་ཧྲི་ལགས་ཀྱི་རང་དབང་རིང་ལུགས་ཀྱི་བསམ་བློ། ལུའུ་ཞུན་ལགས་ཀྱི་སྲོལ་རྒྱུན་དགག་སྒྲུབ་ཀྱི་སྙིང་སྟོབས་སོགས་ནི“ལྔ་བཞི་ལས་འགུལ”གྱི་བསམ་བློའི་ཉིང་བཅུད་རེད་ལ། བསམ་བློའི་མར་རྩམ་དེ་ལ་བརྟེན་ནས་རྒྱ་ནག་གི“ན་གཞོན་གསར་པ”གང་མང་འཚར་ལོངས་བྱུང་ཞིང་བློ་འབྱེད་ཀྱི་བྱ་གཞག་དེ་ཡང་མི་རབས་ནས་མི་རབས་བར་ཆད་མ་མཐུད་ཀྱིས་སྤེལ་ཡོང་བ་རེད།
གསུམ་པ།
“ལྔ་བཞི་ལས་འགུལ”གྱི་གྲུབ་འབྲས་ཆེ་ཤོས་གཅིག་ནི་མི་བུ་རྙེད་པ་དང་ཁྱད་པར་དུ་ཤེས་ཡོན་ཅན་རྙེད་པ་དེ་རེད། ཡང་ན“ལྔ་བཞི་ལས་འགུལ”ནི“ཤེས་ཡོན་ཅན་གྱི་རང་སྐྱོང་ལས་འགུལ”ཞིག་རེད་ཅེས་བརྗོད་ནའང་འགལ་ཆ་ཆེར་མེད་པར་སྙམ།ཁྲེན་ཏུའུ་ཞིའུ་ལགས་ཀྱིས་གཉེར་པའི《ན་གཞོན་གསར་པ》ཡིན་ནའང་འདྲ། ཚའེ་ཡོན་ཕེ་ལགས་ཀྱིས་སློབ་གཙོ་མཛད་སྐབས་ཀྱི་པེ་ཅིན་སློབ་ཆེན་ཡིན་ནའང་འདྲ། ཧྥུ་སི་ཉན་ལགས་ཀྱིས་གཉེར་པའི《རླབས་གསར》ཡིན་ནའང་འདྲ། དེ་དག་གི་སྲོག་ཤིང་ནི་ཤེས་ཡོན་ཅན་རེད། ཤེས་ཡོན་ཅན་དག་གིས་སོ་སོའི་བསམ་བློ་དང་སྙིང་སྟོབས་བསྣམས་ཏེ་ལས་འགུལ་ཁྲོད་ཞུགས་ཤིང༌།རང་དབང་དང་དྲང་བདེན། དམངས་གཙོ་དང་མི་ཆོས་སོགས་ལ་སྙིང་ནས་བཀུར་པ་དང༌། སྒེར་གཅོད་དང་དབང་གྲགས། བྲན་གཤིས་དང་རྨོངས་འཐོམ་སོགས་ལ་རྒྱབ་ཀྱིས་གཏོད་པས་ཁོང་ཚོ་ནི་བློ་འབྱེད་པ་དང་ངོ་རྒོལ་པ་དང༌།གཏོར་བཤིག་པ་དང་རྟོགས་སད་པའི་ཁྱུ་ཞིག་ཡིན་པ་རེད།
དོགས་སློང་དང་དགག་སྒྲུབ་ནི་ཤེས་ཡོན་ཅན་དག་གི་བྱེད་ལས་ཡིན་པ་དང༌།དཔྱོད་ཤེས་དང་སྒེར་ཚུགས་ནི་ཤེས་ཡོན་ཅན་དག་གི་གཤིས་ཀ་ཡིན་པ་རེད། ཤེས་ཡོན་ཅན་ཞིག་གི་བརྟུལ་ཞུགས་བཟུང་བ་ནས་བཟུང་མི་མཐུན་པ་སྒྲོག་མཁན་ཞིག་གི་སྣང་བརྙན་ནི་ཐོལ་གྱིས་གྲུབ་ཚར་པ་དང༌།ཤེས་ཡོན་ཅན་ཞིག་གི་སྐྱེ་བ་བླངས་པ་ནས་བཟུང་ངོ་རྒོལ་པ་ཞིག་གི་རྣམ་ཤེས་ནི་ཤར་གྱིས་ཞུགས་ཚར་པ་རེད། ཤེས་ཡོན་ཅན་ཞིག་གི་བརྟུལ་ཞུགས་བཟུང་ཉིན་ནི་གསར་གཏོད་པ་ཞིག་གི་འཁྲུངས་ཉིན་ཡིན་པ་དང༌།ཤེས་ཡོན་ཅན་ཞིག་གི་བརྟུལ་ཞུགས་བཟུང་ཉིན་ནི་རང་དབང་གི་ཁྱེའུ་ཞིག་གི་འཁྲུངས་ཉིན་ཡིན་པ་རེད། འདི་ལྟར་བལྟས་འོང་ཚེ་ཤེས་ཡོན་ཅན་ནི་འཇིག་རྟེན་གྱི་སྤྱན་དང་མི་རིགས་ཀྱི་བླ་རེད།
རང་རེའི་གླིང་སྒྲུང་ལོ་རྒྱུས་དཔའ་རྟུལ་དག་གིས་བྲིས་པ་དེ་བཞིན་དུ།རྒྱ་ནག་གི“ལྔ་བཞི”ལོ་རྒྱུས་ཀྱང་ཤེས་ཡོན་ཅན་དག་གིས་བྲིས་པ་ཉིད་དོ། ། ཤེས་ཡོན་ཅན་དག་མེད་ན“ལྔ་བཞི”བྱུང་མི་སྲིད་ལ། ཤེས་ཡོན་ཅན་དག་མེད་ན་རིག་གནས་གསར་པའི་ལས་འགུལ་ཡང་བྱུང་མི་སྲིད།འུ་ཅག་ལ་ད་ལྟའི་བར་དུ་རིག་གནས་གསར་པའི་ལས་འགུལ་དང་བློ་འབྱེད་ལས་འགུལ་ཞིག་མ་བྱུང་བ་ཡང་མཐར་གཏུགས་ན་ཤེས་ཡོན་ཅན་མེད་པས་ལན་པ་རེད།ཤེས་ཡོན་ཅན་གྱི་སྟོབས་ཤུགས་དང་སྙིང་སྟོབས་དབེན་པའི་རྐྱེན་གྱིས་རང་རེའི་སྤྱི་ཚོགས་ནི་འཕེལ་མེད་སོར་གནས་ཏེ་ཆུ་འཁྱིལ་ལྟ་བུར་གནས་ཡོད་པ་མ་ཡིན་ནམ།མདོར་ན་ཤེས་ཡོན་ཅན་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་བསམ་བློ་བཅིངས་འགྲོལ་གྱི་བྱེད་པོར་མཐོང་ངོ༌། །
མཁས་བརྒྱ་འགྲན་གླེང་དང་སྒམ་དཀྱེལ་རང་དབང་འདི་ཡང“ལྔ་བཞི་ལས་འགུལ”སྐབས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་མཐོང་ཐུབ་སྟེ། སྐབས་དེར་མཁས་པ་སོ་སོས་ལྟ་ཚུལ་འདྲ་མིན་སྣ་ཚོགས་གླེང་ཆོག་པས་མི་ཚད་བསམ་བློ་དེ་དག་གི་ས་བོན་གཏོར་སའི་ཞིང་སའམ་དུས་དེབ་གསར་ཤོག་ཀྱང་ཤིན་ཏུ་མང་བ་སྟེ་དཔེར་ན།བསམ་བློ་གསར་པའི་སྐོར་ལ《ན་གཞོན་གསར་པ》དང《རླབས་གསར》ལྟ་བུ་དང༌། རྙིང་པ་སྲུང་འཛིན་སྐོར་ལ《རིག་སྙོམས》(《学衡》)ལྟ་བུ། དབུ་མའི་སྐོར་ལ《ཤར་ཕྱོགས་དུས་དེབ》(《东方杂志》)ལྟ་བུའོ།། འདི་ལྟ་བུའི་སྣ་མང་རིག་གནས་ཀྱི་ཁོར་ཡུག་འོག་ཏུ་མི་བུ་རྣམས་ཀྱིས་སོ་སོའི་ཤེས་རབ་དང་བློ་གྲོས་རྩལ་དུ་སྤྲུགས་ཏེ་སྤྱི་གཞུང་གླེང་གཞི་ལ་ཐད་ཀར་དུ་འཇུག་ཆོག་པ་དང༌།འདི་ལྟ་བུའི་སྨྲ་བརྗོད་རང་དབང་གི་སྡིངས་ཆའི་སྟེང་དུ་བསམ་བློ་འདྲ་མིན་གྱི་མྱུ་གུ་གང་ཡང་འབུས་ཆོག་པ་ཞིག་རེད།
བཞི་པ།
རང་རེའི་ཁ་བའི་ལྗོངས་སུ་ཡོ་རོབ་ཀྱི“བློ་འབྱེད་ལས་འགུལ”དང“རིག་རྩལ་བསྐྱར་དར”ལྟ་བུ་དང༌། རྒྱ་ནག་གི“ལྔ་བཞི་ལས་འགུལ”ལྟ་བུའི་ལས་འགུལ་གང་ཡང་བྱུང་མ་མྱོང་ནའང༌། དུས་དང་བསྐལ་པའི་དབང་གིས་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པའི་སྨད་ཙམ་དུ་ད་གཟོད་རིག་གནས་གསར་པའི་བསམ་བློའི་མཐོ་རླབས་ཤིག་འཕྱུར་མྱོང༌། 《དཔྱོད་ཤེས་རྒྱང་འབོད》དང《བདག་དཔེ་ཚོགས》དང《བླ་དཔེ་ཚོགས》སོགས་རིམ་བཞིན་པར་སྐྲུན་བྱས་པ་དང་བསྟུན་རིག་གནས་དགག་སྒྲུབ་དང་སྤྱི་ཚོགས་དཔྱད་བརྗོད།བསམ་བློ་བགྲོ་གླེང་དང་སྙིང་སྟོབས་གསར་འཛུགས་སོགས་ཀྱི་ཚ་རླབས་ཤིག་མེ་རི་ལྟར་འཕྱུར་བྱུང་བ་རེད། འདི་ནི་མི་རིགས་ཤིག་གི་ལས་དབང་ལ་བསམ་བློས་ཁ་ལོ་བསྒྱུར་པའི་སྔ་ལྟས་རེད་ལ།འདི་ནི་མི་བུ་སོ་སོའི་རིན་ཐང་དང་མི་གཞི་ལ་གོང་བཀུར་གྱིས་དཔའ་དར་འཐེན་པའི་གྲབས་གཤོམ་ཡང་རེད། འདི་ནི་དགག་སྒྲུབ་དང་དོགས་སློང༌།རྒྱུ་འབྲས་དང་འགན་འཁྲི་སོགས་ཀྱི་ལྗང་མྱུག་འབུས་པའི་རྟགས་མཚན་རེད་ལ། འདི་ནི་མི་བུ་དང་རང་དབང༌། མི་སྒེར་དང་ཁེ་དབང་སོགས་ཀྱི་འདུ་ཤེས་ཆགས་པའི་རྟེན་འབྲེལ་ཡང་རེད།
ད་ལྟ་ནི་མི་བུ་སོ་སོས་བསམ་གཞིག་གི་མགོ་བོ་ཐུར་དུ་དཔྱངས་ནས་རང་མི་རིགས་ཀྱི་མ་འོངས་པའི་བགྲོད་ལམ་འཚོལ་སྙེག་བྱེད་བཞིན་པའི་སྒང་རེད།བསམ་གཞིག་གི་ཤེད་མོང་དག་གི་འབྲས་བུར་ཡང་གཞུང་ཕྱོགས་དང་དམངས་ཁྲོད་ཀྱི་དཔེ་དེབ་དང་དུས་དེབ་གང་མང་པར་དུ་བསྐྲུན་འདུག་ལ།ལྷག་ཏུ་བོད་ཡིག་དྲ་ངོས་སུ་དེའི་སྐོར་གྱི་རྩོད་གླེང་ཚ་ངར་བྱེད་ཀྱིན་འདུག དེ་དག་མདོར་དྲིལ་ན་ལྟ་ཚུལ་ཆེན་པོ་གསུམ་དུ་བསྡུ་ཆོག་སྟེ།དེ་ནི་མི་རིགས་རིང་ལུགས་དང་རིག་གནས་སྲུང་སྡོམ་རིང་ལུགས། རང་དབང་རིང་ལུགས་བཅས་སོ། ། མི་རིགས་རིང་ལུགས་པ་དག་གིས་ནི་རྒྱ་ནག་དབུས་གཞུང་གི་རྩ་ཁྲིམས་དང་མཐུན་པའི་འོག་ཏུ་སོ་སོའི་མི་རིགས་ཀྱི་རང་སྐྱོང་དང་ཁེ་དབང་དང་ཐོབ་ཐང་སོགས་ལ་བརྩོན་ལེན་དང་སྐད་རྒྱག་དགོས་པའི་ལྟ་ཚུལ་འདོན་གྱིན་འདུག་པ་དང༌།རིག་གནས་སྲུང་སྡོམ་རིང་ལུགས་པ་དག་གིས་ནི་ཆོས་ལུགས་རིག་གནས་གཙོ་བྱས་པའི་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སམ་གཉུག་མའི་རིག་གནས་སྲུང་འཛིན་བྱེད་དགོས་པའི་ལྟ་ཚུལ་ཤུགས་ཆེར་སྒྲོག་བཞིན་འདུག ཡང་རང་དབང་རིང་ལུགས་པ་དག་གིས་ནི་ཐོག་མར་མི་སྒེར་རམ་བདག་གམ་ང་རྙེད་པ་དང་དེ་ནས་མི་སྒེར་རམ་བདག་གམ་ང་ཡི་ཁེ་དབང་དང་རང་དབང་དང་སྒེར་ཚུགས་དང་མི་གཞི་སོགས་བརྩོན་ལེན་བྱེད་དགོས་པའི་ལྟ་ཚུལ་འདོན་པའོ།། དེང་གི་གནས་བབ་ལ་བལྟས་ན་སྔ་མ་གཉིས་ཏེ་མི་རིགས་རིང་ལུགས་དང་རིག་གནས་སྲུང་སྡོམ་རིང་ལུགས་ཀྱི་ལྟ་ཚུལ་གྱིས་རང་རེའི་སྤྱི་ཚོགས་ཁྲོད་དུ་གཙོ་རྒྱུགས་ཀྱི་གོ་གནས་ཟིན་ཅིང༌།ཕྱི་མ་སྟེ་རང་དབང་རིང་ལུགས་ཀྱི་ལྟ་ཚུལ་གྱིས་བས་མཐའ་ཡི་ཚུལ་ཁོ་ན་བཟུང་འདུག མི་རིགས་རིང་ལུགས་དང་རིག་གནས་སྲུང་སྡོམ་རིང་ལུགས་ཀྱི་ལྟ་ཚུལ་ལ་དགའ་འབོད་དང་མོས་མཐུན་བྱེད་མཁན་ཧ་ཅང་མང་ཞིང༌།རང་དབང་རིང་ལུགས་ཀྱི་ལྟ་ཚུལ་ལ་དགའ་འབོད་བྱེད་མཁན་ཕར་ཞོག་ཐ་ན་དང་ལེན་བྱེད་མཁན་ཀྱང་ཤིན་ཏུ་དཀོན། བརྒྱ་ཆ་ལ་བཀུག་ནས་བཤད་ན་བོད་མིའི་ཁྲོད་དུ་མི་རིགས་རིང་ལུགས་དང་རིག་གནས་སྲུང་སྡོམ་རིང་ལུགས་ཀྱི་ལྟ་ཚུལ་ལ་དགའ་འབོད་དང་མོས་མཐུན་བྱེད་མཁན་བརྒྱ་ཆའི་དགུ་བཅུ་གོ་དགུའི་ཡན་ཟིན་པ་དང༌།རང་དབང་རིང་ལུགས་ཀྱི་ལྟ་ཚུལ་དང་ལེན་བྱེད་མཁན་བརྒྱ་ཆའི་གཅིག་ཟིན་མི་ཟིན་ཙམ་རེད། ལྷག་ཏུ་ས་བྱི་ལོའི་ཞི་རྒོལ་ལས་འགུལ་ཆེན་མོའི་རྗེས་སུ་མི་རིགས་རིང་ལུགས་ཀྱི་ལྟ་ཚུལ་ནི་རྒྱ་ཁྱབ་ཀྱིས་དར་ཏེ་བོད་མི་ཡོད་དོ་ཅོག་གི་སེམས་ཁོང་དུ་མི་རིགས་ཀྱི་རང་དབང་དང་མི་རིགས་ཀྱི་འདྲ་མཉམ།མི་རིགས་ཀྱི་ཐོབ་ཐང་དང་མི་རིགས་ཀྱི་ཁེ་དབང་སོགས་ཚོགས་སྤྱིའམ་ཐུན་མོང་གི“ལས་དབང”དེ་གཙུག་ཏུ་བཀུར་གྱིན་ཡོད་པ་རེད། ཉེ་བའི་ཆར་མི་རིགས་རིང་ལུགས་སྐོར་གྱི་བྲིས་རྩོམ་ཞིག་སྤེལ་བ་ཡིན་ན་ཀུན་གྱིས་གཙིགས་ཆེན་དང་དོ་སྣང་བྱེད་པ་དང༌།ཡང་བསམ་བློ་རིག་གནས་སྐོར་གྱི་བྲིས་རྩོམ་ཞིག་སྤེལ་བ་ཡིན་ན“རྣ་རྒྱབ་ཀྱི་ལྷགས་པའི”དཔེ་རུ་སྦྱོར་པའི་སྣང་ཚུལ་འདི་འདྲ་བྱུང་དོན་ཡང་མི་རིགས་རིང་ལུགས་ཀྱི་བསམ་བློ་དེ་གཙོ་རྒྱུགས་སུ་གྲུབ་འདུག་པ་གསལ་པོར་རྟོགས་ཐུབ།
ལྔ་པ།
མི་རིགས་རིང་ལུགས་དང་རིག་གནས་སྲུང་སྡོམ་རིང་ལུགས། རང་དབང་རིང་ལུགས་གང་ཞིག་ཡིན་ཡང་སྣ་མང་རིག་གནས་ཀྱི་ཁོར་ཡུག་འོག་ཏུ་ཚང་མ་ལྟ་ཚུལ་མཉམ་གནས་ཀྱིས་གནས་ཆོག་ཆོག་རེད་ལ།སོ་སོའི་རིང་ལུགས་གང་ཞིག་ཡིན་ཡང་འདོན་ཆོག་ཆོག་དང་སོ་སོའི་བསམ་བློ་གང་ཞིག་ཡིན་ཡང་སྒྲོག་ཆོག་ཆོག་རེད། ཡིན་ནའང་མི་རིགས་འདིའི་འདས་མ་འོངས་ད་ལྟ་གང་ལ་བསམས་ན་རང་དབང་རིང་ལུགས་ཀྱི་བསམ་བློ་ནི་ཤིན་ཏུ་གལ་ཆེ་བར་འདོད་དེ།གསལ་པོར་བཤད་ན་མི་སྒེར་རིང་ལུགས་ནི་ད་གཟོད་འུ་ཅག་གི་བསམ་བློའི་གཞུང་རྟ་ཡིན་པར་འདོད། ལྷ་ཆོས་ཁོ་ན་ལས་མི་ཆོས་མེད་པ་དང༌།མི་རིགས་ཁོ་ནས་ལས་མི་སྒེར་མེད་པ། ཐུན་མོང་ཁོ་ན་ལས་བདག་གམ་ང་མེད་པའི་རང་རེའི་སྤྱི་ཚོགས་སུ་མི་སྒེར་རིང་ལུགས་ནི་བླ་ལྷག་གིས་མཁོ་ཞིང༌།ཕྱི་ནས་བལྟས་ན་རྫིག་རྫིག་འདྲ་ཡང་ནང་ནས་བལྟས་ཚེ་སྟོང་པར་གནས་པ(མི་སྒེར་རམ་ང་མེད་པ)ནི་རང་རེའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་བབ་རྣལ་མ་རེད།
མི་སྒེར་རམ་ང་རྙེད་དེ་མི་སྒེར་གྱི་རྟོགས་པ་སད་པ་ཡིན་ན་ཐོག་མར་མི་སྒེར་གྱི་རིན་ཐང་ལ་ཡིན་འཇོག་དང༌།མི་སྒེར་རམ་ང་ཡི་དཔྱོད་ཤེས་ལ་ཡིད་ཆེས་བྱེད། མི་སྒེར་རམ་ང་རྙེད་དེ་མི་སྒེར་ལ་སྒེར་ཚུགས་འཐོབ་པ་ཡིན་ན་མི་སྒེར་གྱི་རང་དབང་དང་ཁེ་དབང་ཞོར་ནས་རྩོད་པ་དང༌།མི་སྒེར་རམ་ང་ཡི་འགན་འཁྲི་ཡང་ཕྲག་ལ་ལེན་ངེས། གང་ན་མི་སྒེར་རམ་ང་ཡི་རྟོགས་པ་སད་ཡོད་ན་དེ་ན་དཔྱོད་ཤེས་དང་འགན་འཁྲི་ལྷན་ནེར་བཞུགས་ཤིང༌།གང་ན་མི་སྒེར་རམ་ང་ལ་སྒེར་ཚུགས་ཐོབ་ཡོད་ན་དེ་ན་ཁེ་དབང་དང་རང་དབང་ལུས་གྲིབ་ལྟར་འགྲོགས་ཡོད་པ་ཡིན།
“ལྔ་བཞི་ལས་འགུལ”གྱི་སྣེ་ཁྲིད་པ་ཧུའུ་ཧྲི་ལགས་ཀྱིས་འདི་འདྲའི་སྐད་ཆ་ཞིག་བཤད་མྱོང་སྟེ། “ད་ལྟ་མི་ལ་ལས་རྒྱལ་ཁབ་ཀྱི་རང་དབང་གི་ཆེད་དུ་ང་ཚོ་རང་ཉིད་ཀྱི་རང་དབང་ཐེད་ལ་འདོར་དགོས་ཞེས་བཤད་ཀྱིན་འདུག དེ་ལས་ལྡོག་སྟེ་ངས་ཁྱོད་ཚོར་འདི་ལྟར་བཤད་གི་ཡིན།ཁྱོད་རང་ཉིད་ཀྱི་རང་དབང་བརྩོན་ལེན་བྱེད་པ་ནི་དོན་ལ་རྒྱལ་ཁབ་ཀྱི་རང་དབང་བརྩོན་ལེན་བྱེད་པ་ཡིན། ཁྱོད་རང་ཉིད་ཀྱི་མི་གཞི་སྲུང་འཛིན་བྱེད་པ་ནི་དོན་ལ་རྒྱལ་ཁབ་ཀྱི་ཆེད་དུ་མི་གཞི་སྲུང་འཛིན་བྱེད་པ་ཡིན།ཅིའི་ཕྱིར་ཟེར་ན། རང་དབང་དང་འདྲ་མཉམ་གྱི་རྒྱལ་ཁབ་ཅིག་ནི་རྐུབ་གཡོག་སྐོར་ཞིག་གིས་འཛུགས་ཐུབ་པ་ཞིག་གཏན་ནས་མ་ཡིན་ནོ”ཞེས་ཟེར། ཧུའུ་ཧྲི་ལགས་ཀྱི་སྐད་ཆ་འདི་ནི་མི་སྒེར་རིང་ལུགས་ཀྱི་བསམ་བློའི་ཉིང་བཅུད་རེད་ཅེས་བརྗོད་ཆོག་པ་དང༌།འདི་ལས་མི་སྒེར་རམ་ང་ཡི་གལ་ཆེན་རང་བཞིན་དང་གཞལ་མེད་རིན་ཐང་ཡང་གསལ་པོར་བསྟན་འདུག
གལ་ཏེ་རྒྱལ་ཁབ་དང་མི་རིགས་དང་ཚོགས་སྤྱི་ཞེས་པ་དེ་ནི་འཕྲུལ་འཁོར་ཞིག་ཡིན་པའི་དབང་དུ་བཏང་ན།མི་སྒེར་དང་བདག་དང་ང་བཅས་ནི་བྱེ་བྲག་གི་ལྷུ་ལག་དང་གཅུས་གཟེར་རེ་རེ་ཡིན་པ་རེད། ལྷུ་ལག་དང་གཅུས་གཟེར་རེ་རེ་སྲ་ཞིང་མཁྲེགས་པ་ཞིག་མིན་ཚེ་འཕྲུལ་འཁོར་དེ་འཁོར་སྐྱོད་བྱེད་པ་ནི་དཔེ་མི་སྲིད་དོ།། དེ་བཞིན་དུ་རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ནའང་བྱེ་བྲག་གི་མི་སྒེར་རམ་ང་ལ་སྒེར་ཚུགས་དང་རང་དབང་སོགས་མ་འཐོབ་ན་རྒྱལ་ཁབ་དང་མི་རིགས་ཀྱི་སྒེར་ཚུགས་དང་རང་དབང་འཐོབ་རྒྱུ་ཡང་ནམ་མཁའི་མེ་ཏོག་དང་མོ་གཤམ་གྱི་བུའི་དཔེའོ།།
འཇར་པན་གྱི་མེ་རྗེ་གསར་སྒྱུར་སྐབས་ཀྱི་བསམ་བློ་པ་ཧྥུ་ཁི་རྫ་ཝ་ཡོ་ཁི་ཆི་ལགས་ཀྱིས་མི་སྒེར་གྱི་བསམ་བློའི་སྟེང་གི་སྒེར་ཚུགས་མ་ཐུབ་ན་རྒྱལ་ཁབ་ཀྱི་སྒེར་ཚུགས་ཀྱང་མི་ཐུབ་པར་བརྗོད་འདུག་པ་དང༌།དེ་ལ་ཁོང་གིས་རྒྱུ་མཚན་གསུམ་གྱི་ཐད་ནས་འདི་སྐད་དུ། “བསམ་བློའི་སྟེང་ནས་སྒེར་ཚུགས་ཐོབ་མེད་པ་གང་དེས། རྒྱལ་ཁབ་ཀྱི་དོན་ལ་ངེས་པ་དོན་གྱིས་བསམ་བློ་གཏོང་མི་སྲིད་པ་དང་གཅིག རྒྱལ་ཁབ་ཀྱི་ནང་དུ་སྒེར་ཚུགས་ཀྱི་ཐོབ་ཐང་སྐྱོང་མི་ནུས་པ་གང་དེས།ཁ་ཕྱི་ལ་བསྐོར་ནའང་སྒེར་ཚུགས་ཀྱི་ཁེ་དབང་རྩོད་མི་ཐུབ་པ་དང་གཉིས། བསམ་བློ་སྒེར་ཚུགས་ཐོབ་མེད་པ་གང་དེས། དབང་ཤེད་ཅན་ལ་རྒྱབ་བརྟེན་ནས་མི་རྣམས་འཕུང་ལ་སྦྱོར་ངེས་པ་དང་གསུམ”ཞེས་པའོ། །
མདོར་ན། མི་སྒེར་རམ་ང་ལ་སྒེར་ཚུགས་མ་འཐོབ་ཚེ་དམངས་གཙོ་དང་རང་དབང་དང་འདྲ་མཉམ་ཞེས་ཇི་ལྟར་སྐད་བརྒྱབ་ཀྱང་དེ་ནི་ཐུན་མོང་གི་དམངས་གཙོ་དང་ཐུན་མོང་གི་རང་དབང་དང་ཐུན་མོང་གི་འདྲ་མཉམ་ཞིག་ཡིན་པ་དང༌།ཡང་ན་དེ་ནི་ཐུན་མོང་རིང་ལུགས་ཀྱི་མལ་ས་དྲོན་མོ་ཞིག་ཡིན་པ་ལས་མི་སྒེར་རིང་ལུགས་ཀྱི་རང་དབང་དང་ཁེ་དབང་ཞིག་གཏན་ནས་མ་ཡིན་ནོ།། བརྒྱ་ལ་རྒྱལ་ཁབ་དང་མི་རིགས་གང་ཞིག་ལ་ཐུན་མོང་གི་དམངས་གཙོ་དང་ཐུན་མོང་གི་རང་དབང་དང་ཐུན་མོང་གི་འདྲ་མཉམ་ཞིག་ཡོད་ཀྱང༌།གལ་ཏེ་དེ་དག་བྱེ་བྲག་གི་མི་བུ་སོ་སོའམ་མི་སྒེར་རམ་ང་ཡི་སྟེང་ནས་མ་མངོན་ཚེ་དེ་ཡང“ཧྥ་རན་སིའི་གསར་བརྗེ་ཆེན་མོ”སྐབས་ཀྱི་དམངས་གཙོ་དང་ཡང་ན་གཏུམ་དབང་རིང་ལུགས་ཀྱི་དམངས་གཙོ(极权主义民主)ཞིག་ཏུ་མི་འགྱུར་གྲང༌།
2009ལོའི་ཟླ་5པའི་ཚེས་8ཉིན་ལན་གྲུ་རུ།

༼ན་གཞོན་གསར་བ་དེབ་གསུམ་པ་ལས་བཤུས།༽

བསྟོད།6

དཔྱད་མཆན་སྤེལ།