མཚོ་སྔོན་པོ་ནམ་ཞིག་ལྷ་སྒྲུང་དུ་འགྱུར་སྲིད་དམ།

ཁྲི་སེམས་དཔའ།

རྩྭ་ཐང་གི་ཁྱོན་ནི་སུའི་གར་སྟེགས་ཀྱང་མིན་པས ཆར་འབབ་པའམ་རླུང་ལྡང་བ
ཡོད་ཚད་ཆོས་ཉིད་དང་འགལ་ཆོག་གི་འདོད་བློ་དེ་ང་ཚོ་སུ་ལའང་ཡོད་མི་ཆོག
དེ་ལྟ་ནའང་ང་ཚོས་ཧམ་སེམས་ལ་གུ་ཡངས་བྱིན་དྲགས་པས
ཐལ་རྡུལ་གྱི་གཞི་ནས་ཆུ་བོ་འཛད་ལ་ཉེ་ཞིང སྦྲ་གུར་རླུང་གིས་སྐྱོམ
མུ་མེད་ཀྱི་ཁྱོན་དེ འཇོར་དང་འཕྲུལ་ཆས་ཀྱི་ཁ་ཟས་སུ་གྱུར་པས
སྡུག་སྨྲེ་དང་འོ་དོད་ཀྱིས་རང་སེམས་ལ་སོས་དཀའ་བའི་རྨ་ཁ་བཟོ་བར་བྲེལ
_____ སྙན་ངག<<ཉམས་ཉེས>>ལས་དྲངས།
མཚོ་སྔོན་པོ་ནི་འཛུམ་གྱིས་ཁེངས་པའི་གཞོན་ནུ་མ་ཞིག་གི་མིག་ཟུང་དང་འདྲ་བར་རང་རེའི་མཐོ་སྒང་གི་ཡུལ་གྲུ་འདིའི་མཛེས་སྡུག་བསྲུང་ནས་སྔོ་ལྟེམ་མེར་འཁྱིལ་ཞིང༌།ཡུལ་གྲུ་ འདིའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཀུན་ལ་རེ་བ་དང་ཚེ་སྲོག་གི་ མངར་ཁ་གསར་པ་བསྩལ་དང་སྩོལ་བཞིན་གདའ།ལྷག་པར་དུ་ང་ཚོ་མཚོ་སྔོན་པ་ཞིག་ལ་ མཚོན་ན།མཚོ་སྔོན་པོ་ནི་རང་ཉིད་ཀྱི་གཟི་བརྗིད་དང་མཚོན་རྟགས་ལྟ་བུ་ཞིག་ཏུ་འཁུམ་པས་མཚོ་སྔོན་པོའི་འཕེལ་འགྲིབ་ནི་ང་ཚོའི་འཕེལ་འགྲིབ་དང་ལས་དབང་གི་ཁ་ཕྱོགས་ལྟ་བུར་ངོས་གཟུང་ཆོག་གོ།འདི་ལྟར་བརྗོད་ཚེ།ང་ཚོས་ད་གཟོད་མཚོ་སྔོན་པོ་དང་ང་ཚོའི་བར་གྱི་འབྲེལ་བ་ཤེས་སྲིད་ལ།ཁོ་མོའི་གཞལ་དུ་མེད་པའི་རིན་ཐང་ཡང་ཞར་དུ་རྟོགས་ཐུབ།
མཛེས་སྡུག་འབུམ་གྱིས་ཕྱུག་པའི་མཚོ་སྔོན་པོ།
མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་ཤར་བྱང་རྒྱུད་དང༌།ཆི་ལེན་རི་བོའི་ཤར་ལྷོའི་ མཚམས་ཀྱི་མཚོ་ངོས་ལས་མཐོ་ཚད་ལ་མུས3260ཡོད་པའི་མཚམས་སུ་གཡུ་ཡི་མེ་ལོང་ཞིག་དང་མཚུངས་པར་མཛེས་སྡུག་འབུམ་གྱིས་ཆགས་ཤིང༌།རང་ཞིང་གི་མཚོ་ལྷོ་དང་མཚོ་བྱང་ཁུལ་ གཉིས་ཀྱི་ཧའེ་ཡན་དང་རྐང་ཚ།གུང་ཧི་བཅས་རྫོང་གསུམ་གྱི་ས་ཁོངས་བཟུང་ཡོད།སྤྱིའི་རྒྱ་ ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4232ཡོད་པ་དང༌།ཆུ་ཕྲན50ལྷག་གིས་གྲུབ་ཅིང་གཙོ་བོ་པི་ཧ་ཆུ་བོ་དང་ཧར་དགེ་ཆུ་བོ།རྟ་ནག་མ་ཆུ་བོ་སོགས་ཡིན།མཚོ་ནང་དུ་མཚོ་སྙིང་ངམ་རི་བོ་མ་ཧ་དེ་བ།བྱེ་གླིང༌།བྱ་གླིང་སོགས་ཡོད་ལ་ཀྲུང་གོའི་ཆེས་ཆེ་བའི་ཚྭ་མཚོ་ཡིན་ནོ།།
དབྱར་གྱི་དུས་ཚིགས་སླེབས་པའི་ཚེ་ན།མཚོ་འགྲམ་དུ་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་ཅིང་བྱ་རིགས་མང་པོ་ཕྱོགས་ཕྱོགས་ནས་ཉེ་བར་ལྷགས་ཏེ།མཚོ་སྔོན་པོར་མཛེས་སྡུག་དང་ གསོན་ཤུགས་ཀྱི་དཔལ་སྩོལ་བ་དང༌།ཐག་མི་རིང་བའི་ས་ན་བློན་པོ་གསེར་ཆེན་དང་ཨ་མ་ཟོར་དགུ་སོགས་རི་ཆེན་རི་ཆུང་མང་པོ་ནི་དཔའ་སྤོབས་ཀྱིས་འགྱིང་བའི་སྲུང་དམག་རེ་རེ་དང་ འདྲ་བར་ཀུན་ནས་བསྐོར་ཡོད་པས་མཐོང་བའི་མོད་ལ་ནང་སེམས་འགུལ་བར་བྱེད་པའི་ གནས་མཆོག་ལྟ་ན་སྡུག་པ་ཞིག་ཡིན་པར་མ་ཟད།རང་རེའི་བོད་པ་རྣམས་ཀྱིས་མཚོ་ཆེན་འདི་དད་སེམས་ཀྱིས་བརྟས་པའི་ལྷ་ཡི་མཚོ་མོར་ངོས་བཟུང་ནས་གཏེར་བུམ་འཕེན་པ་དང༌།རླུང་རྟ་དང་དར་ལྕོག་སོགས་འདོགས་པའམ་སྤུར་ཏེ་མཆོད་ཅིང་བཀུར་བར་བྱེད་དོ།།
མཚོ་སྔོན་པོ་ལ“མཐོ་སྒང་སྐྱེ་དངོས་ཀྱི་རྒྱུ་རྒྱུད་བང་མཛོད”ཞེས་མཚན་སྙན་འབར་བ་དང༌།ཁོ་མོའི་རློན་སར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་བས་སྐྱེས་དངོས་དང་སྲོག་ཆགས་ཀྱི་ ཐོན་ཁུངས་ཆེན་པོ་ཞིག་ཏུ་བརྩི་ལ།མཚོ་མོ་འདིའི་ཁོང་དུ་རུམ་པའི་གསེར་ཉ་ནི་ཆེས་རྩ་ཆེ་ཞིང་ཁྱད་དུ་འཕགས་པའི་ཉའི་རིགས་སུ་བགྲང་ཞིང༌།གཞན་ཡང་སྲུང་སྐྱོང་བྱ་ཡུལ་དུ་བདམས་པའི་བྱ་རིགས་ཁོ་ནར་རིགས189དང་ཁྲི10ཡི་ཡན་ཆོད་ཡོད་པར་སྨྲ་ལ།ཆུ་ལ་བརྟེན་ནས་འཚོ་བ་རོལ་བའི་བྱ་རིགས་ཀྱང72ཙམ་ཡོད་པ་དང༌།དེ་དག་ལས་གཙོ་བོ་ངང་བ་དང་ཁྲུང་ཁྲུང་སོགས་ཡོད་པ་རེད།རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་མགོ་ཁྲ་སོགས་ཀྱང་ གནས་འདི་ནས་རང་དབང་ངང་རྒྱུ་ཞིང་གཤོག་རྩལ་ངོམ་པར་བྱེད་པས།ཡུལ་འདིའི་བྱ་གླིང་ནི་མདོ་དབུས་མཐོ་སྒང་གི་ཆུ་བྱའི་རིགས་ལ་སྲུང་སྐྱོང་བྱེད་པའི་སྲུང་སྐྱོང་ཁུལ་དང་པོར་འབོད།དེ་མིན་ད་དུང་མཚོའི་མཐའ་སྐོར་དུ་རི་སྐྱེས་སྲོག་ཆགས་གལ་ཆེན་གཙོད་དང་སྣ་སོགས་ཀྱང་གང་དགར་འཚོ་བས་དངོས་གནས་སྲོག་ཆགས་ཀྱི་སྐྱེད་ཚལ་ངོ་མཚར་བ་ཞིག་ཏུ་མཐོང་ཞིང༌། འདི་དག་གིས་ཁོ་མོའི་སྒེག་པའི་བཞིན་ལ་རྒྱན་གྱིས་བརྒྱན་ཅིང་མཛེས་པར་སྤུད་དེ་སྙན་པའི་གྲགས་པ་ཕྱོགས་མཚམས་ཀུན་ཏུ་རྒྱས་པར་བྱས་ཤིང་ཉེ་རིང་གི་མགྲོན་པོ་རྣམས་ཀྱི་ཡིད་ཀྱི་ དང་བ་ཅིག་བཅར་དུ་འདྲེན་ནོ།།
མཚོ་སྔོན་པོ་རང་བྱུང་སྲུང་སྐྱོང་ཁུལ་དེ་འཛམ་གླིང་སྐྱེ་དངོས་སྣ་མང་རང་བཞིན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས།1992ལོར་འཛམ་གླིང་གི་རློན་ས་གཙོ་གྲས་སུ་བཀོད་ཅིང་ རྒྱལ་ཁབ་ཕྱི་ནང་ཀུན་གྱིས་དོ་སྣང་དང་མཐོང་ཆེན་བྱེད་པ་མ་ཟད།སྐྱེ་དངོས་རིག་པ་སྨྲ་བས “སའི་གོ་ལའི་མཁལ་མ”ཞེས་པའི་མཚན་སྙན་ཞིག་ཀྱང་གསོལ་ཡོད་པ་རེད།འབབ་རྒྱུད་སྤྱིའི་རྒྱ་ཁྱོན་ལ་མུས་སྤྱི་ལེ་གྲུ་བཞི་མ2096ཡོད་པའི་རང་བྱུང་སྲུང་སྐྱོང་ཁུལ་འདིས་ནུབ་རྒྱུད་ཀྱི་བྱེ་མ་ཤར་དུ་རྒྱུ་བར་ཚོད་འཛིན་བྱེད་པ་དང་མདོ་དབུས་མཐོ་སྒང་གི་ཤར་བྱང་རྒྱུད་ཀྱི་སྐྱེ་ཁམས་ བདེ་འཇགས་ཐད་ལ་རང་ནུས་བཏོན་དང་འདོན་བཞིན་ཡོད་ལ་བསུབ་ཏུ་མེད་པའི་བྱས་རྗེས་ཀྱང་ཆེན་པོ་བཞག་ཡོད།དམངས་གླུ་ལས་ཀྱང་འདི་ལྟར་བསྟན་ཡོད་དེ།
འབྲོག་རྩྭ་ཐང་ཡངས་པོར་ལུག་གིས་བཀང༌།།
ལུག་གཡང་དཀར་རམ་དཀར་རྩྭ་ལ་བསྟེན།།
ལུག་ཤ་ཤེད་རྒྱས་པ་རྩྭ་ཡི་དྲིན།།
འབྲོག་རྩྭ་ཐང་ཕ་མའི་ཕ་མ་རེད།།
མཚོ་སྔོན་པོ་ནང་དུ་གསེར་ཉ་མང༌།།
ཉ་གསེར་མིག་དྭངས་གསལ་ཆུ་ལ་བརྟེན།།
ཉ་རྐྱལ་རྩལ་རྒྱས་པ་ཆུ་ཡི་དྲིན།།
མཚོ་སྔོན་པོ་ཕ་མའི་ཕ་མ་རེད།།

ཉེན་ཁས་ཀུན་ནས་གཙེས་པའི་མཚོ་སྔོན་པོ།
ད་ལྟ་མཛེས་སྡུག་འབུམ་གྱིས་ཕྱུག་པའི་མཚོ་མོ་འདིའི་ཚེ་སྲོག་གི་རང་མདངས་ཉམས་ཞན་དུ་འགྲོ་ཞིང་ཉེན་ཁས་ཀུན་ནས་གཙེས་བཞིན་འདུག ང་ཚོས་ཁོ་མོའི་དར་ལ་བབས་པའི་ལང་ཚོ་ཉིན་རེར་བཞིན་སྐེམ་ཞིང་རིད་པར་འགྱུར་བ་མཐོང་དུས།ཡིད་སེམས་ཀྱི་མཐའ་ལ་སྐྱོ་བའི་སྨུག་ལོང་ཞིག་བཀག་ཀྱང་མི་ཁོགས་པར་འཁྱིལ་འོངས་སོ།།
ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བགྱིས་ན།ཀྲུང་གོ་གསར་པ་ཆགས་པའི་ཚུན་དུ་དུས་ཡུན་རིང་བོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆུང་བྱས་འདུག་པའི་རྗེས་ཤུལ་མངོན་པར་གསལ་སྟེ། “མཆོང་སྐྱོད་ཆེན་མོ”དང“རིག་གནས་གསར་བརྗེ་ཆེན་མོའི”སྐབས་དང༌།ལྷག་ཏུ“ཞིང་ལས་ཐད་ཏ་ཀྲེར་སློབ་སྦྱོང་བྱེད་པ”ཞེས་པའི་ཁ་གཡང་བསྒྲགས་ཏེ་ས་ཆུར་འཕྲོད་མིན་ལ་མི་ལྟ་བར་རི་ཀླུང་ཐང་གསུམ་ཀུན་ཏུ་ས་རྐོ་རྡོ་སློག་བྱས་ནས་རྨོ་འདེབས་ཀྱི་སྦྱོར་བ་རྒྱ་ཆེར་སྤེལ་བས།ས་ཆུ་ཤོར་བ་དང་བྱེ་ཐང་ཅན་དུ་གྱུར་པ་ཧ་ཅང་ཚབས་ཆེན་ཡིན།བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་དུ་ སྲིད་གཞུང་གིས་ཁོར་ཡུག་གནད་དོན་ལ་མཐོང་ཆེན་བྱེད་འགོ་བརྩམས་ཀྱང༌།སྒྲིག་སྲོལ་དང་ལམ་ལུགས་སོགས་ཞིབ་ཕྲ་ཞིག་ཆགས་མེད་རྐྱེན་མཚོ་སྔོན་པོའི་ཉེ་འཁོར་དུ་སྐེ་ཚེ་འདེབས་པ་ སོགས་བྱས་པས་སྔར་བཞིན་གནོད་སྐྱོན་ཆེན་པོ་ཐེབས་ཤིང༌།ཁོར་ཡུག་ཞན་འགྱུར་གྱི་གནས་ཚུལ་འཕྲལ་དུ་བསྒྱུར་ཐབས་མ་བྱུང་བར་དུས་ཡུན་རིང་བའི་སེམས་ཁྲལ་དང་ཁུར་བོ་ཞིག་ཏུ་ གྱུར་ཏོ།།
འབྲེལ་ཡོད་ཡིག་ཆ་ཞིག་ལས་གསལ་བ་ལྟར་ན།
དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་པའི་ནང་ཀྲུང་གོར་བསྡོམས་པས་བྱེ་རྡུལ་རླུང་འཚུབ་ཐེངས་ལྔ་བྱུང་བ་དང༌།ལོ་རབས་དྲུག་བཅུ་པའི་ནང་ཐེངས་དྲུག་བྱུང༌།ལོ་རབས་བདུན་བཅུ་པའི་ནང་ཐེངས་བཅུ་གསུམ་བྱུང༌།ལོ་རབས་བརྒྱུད་ཅུ་པའི་ནང་ཐེངས་བཅུ་བཞི་བྱུང༌།ལོ་རབས་དགུ་བཅུ་པའི་ནང་ཐེངས་ཉེར་གསུམ་བྱུང་ཞིང༌།2003ལོ་ཁོ་ནར་ཐེངས་བཅུ་གཉིས་བྱུང་བ་དང༌།ད་ལྟ་ས་ཁུལ་ཁ་ཤས་སུ་བྱེ་རྡུལ་གྱིས་བར་སྣང་བཟུང་ཞིང༌།ས་རྡུལ་གང་སར་འཚུབ་པ།ཆུ་བོ་བཙོག་པར་གྱུར་པ།ཁ་དབུགས་སྦགས་བསླད་ཀྱིས་ཟིན་པ།ས་ཆུ་ཉམས་ཞན་དུ་གྱུར་པ། མཚེའུ་སྐམ་ཐག་ཆོད་པ།ནགས་ཚལ་ཚར་བཅད་པ།རྩྭ་ཐང་བྱེ་ཐང་དུ་གྱུར་པ།དེར་མ་ཟད་བྱེ་ ཐང་ཅན་དུ་འགྱུར་ཚད་ལོ་རེར་སྤྱི་ལེ་གྲུ་བཞི་མ2460གི་མགྱོགས་ཚད་ལྟར་རྒྱ་བསྐྱེད་ཀྱིན་ ཡོད་པས།ལོ་རེར་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར540ཡན་ལ་བསླེབས།
གོང་གི་གྲངས་ཀ་འདི་དག་ནི་དངོས་གནས་ཧ་ལས་ཤིང་ཧང་སངས་དགོས་པ་ཞིག་རེད།མཚོ་སྔོན་པོར་དཔེ་རེ་བླངས་ནའང༌།ཉེ་བའི་ལོར།མཁའ་དབུགས་ལ་འགྱུར་ལྡོག་བྱུང་བ་དང་ མིའི་རིགས་ཀྱིས་རྒྱུན་ཆད་མེད་པར་གནོད་སྐྱོན་བཟོས་པར་བརྟེན།མཚོ་སྐོར་ས་ཁུལ་གྱི་ཁོར་ཡུག་ཇེ་ངན་དང་ཉིན་རེར་བཞིན་སྡུག་ནས་སྡུག་ཏུ་འགྱུར་བཞིན་ཡོད།དེ་གཙོ་བོ་ཕྱོགས་གཉིས་ནས་མཚོན་དེ།གཅིག་ནི་མཚོ་ལོ་རེར་བཞིན་ཐག་པ་དང༌།གཉིས་ནི་མཚོ་སྐོར་ས་ཁུལ་བྱེ་ཐང་ ཅན་དུ་གྱུར་པ་ཚབས་ཆེན་ཡིན་པས་རེད།རགས་རྩིས་བྱས་པ་ལྟར་ན།1908ནས་1961ལོའི་བར་གྱི་ལོ་ངོ53རིང་ལ་མཚོའི་ཐག་ཚད་མུས8。8ཡིན་པ་དང༌།ཆ་སྙོམས་བྱས་ན་ལོ་དྲུག་རེར་མུས1ཐག་པ་རེད།1955ལོ་ནས1985ལོའི་བར་གྱི་ལོ་ངོ30རིང་དུ་ཆུའི་ཐག་ཚད3。6ཡིན་ལ།ཆ་སྙོམས་བྱས་ན་ལོ་རེར་མུས0。12ཐག་པ་དང༌།ལོ་བརྒྱད་ལ་མུས1ཐག་པ་ཡིན་པས།མཚོའི་གནས་ཚད་སྲུང་འཛིན་བྱེད་རྒྱུ་ནི་མཚོ་སྔོན་པོའི་མངའ་ཁོངས་སྲུང་སྐྱོང་བྱེད་པའི་བྱ་བ་གཙོ་བོའི་ ནང་གི་གཙོ་བོ་ཡིན་པ་རེད།མཚོ་སྐོར་ས་ཁུལ་དུ་ཕྱུགས་འཚོ་བ་མང་དྲགས་པ་དང་ཞིང་ལས་ ཕྱོགས་བསྡུས་གསར་སྤེལ་བྱེད་པ་ས་བབ་དང་མི་བསྟུན་པས་བྱེ་ཐང་ཅན་དུ་འགྱུར་བར་སྔོན་འགྲོའི་ཆ་རྐྱེན་བསྐྲུན།1956ལོར་མཚོ་ཁུལ་གྱི་བྱེ་ཐང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ452。1ཡིན་པ་དང༌།ད་ལྟ་སྤྱི་ལེ་གྲུ་བཞི་མ700ལ་སླེབས་འདུག 1997ལོར་སྲུང་སྐྱོང་ཁུལ་དུ་བྱེ་སྒང་ཕལ་ཆེར་མེད་ ཅེས་བཤད་ཆོག་མོད།ད་སྐབས་རྒྱ་ཁྱོན་ལ་མུའུ600ཡོད་པའི་འགུལ་སྐྱོད་རང་བཞིན་གྱི་བྱེ་སྒང་ཞིག་ཆགས་ཡོད་པ་རེད།
དེ་མིན་ད་དུང་ཁོ་བོས་སྙན་ཞུ་ཞིག་ལས་མཐོང་བ་ལྟར་ན།མཚོ་སྔོན་པོའི་བྱ་གླིང་དེ་ལོ་ རབས70ནང་མཚོ་དཀྱིལ་དུ་གྲོང་ངེར་འགྱིང་བའི་གླིང་ཕྲན་ཞིག་ཡིན་ལ།གླིང་ཕྲན་སྟེང་མི་ བགྲོད་མི་ཐུབ་པར་བརྟེན་བྱའི་རིགས་ཀྱི་འཚོ་གནས་ལ་ཐད་ཀར་བར་ཆད་ཐེབས་པ་ཉུང་བས།ཁྲུང་ཁྲུང་མགོ་ཁྲ་སོགས་ཀྱི་གྲངས་ཀ་ཧ་ཅང་མང་ཟེར།དེ་ལྟ་ནའང་གཞེས་ནིང་ལོར་ཁོ་བོ་མཚོ་སྐོར་དུ་བཅར་འདྲིར་སྐྱོད་པའི་ཞོར་ལ་བྱ་གླིང་དུ་ཕྱིན་པ་ན།གོང་གི་སྙན་ཞུའི་ནང་དོན་དང་ ལྡོག་སྟེ་ཡོད་པ་ནི།མཚོ་ཐག་ནས་མཚོ་དཀྱིལ་གྱི་གླིང་ཕྲན་ཡང་གླིང་ཕྲན་ཕྱེད་ཅན་དུ་གྱུར་ཏེ་ མཚོ་ངོགས་དང་འབྲེལ་འདུག་པ་དང༌།མགྲོན་པོ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་བྱའི་བདེ་སྐྱིད་གྱི་འཚོ་བར་ཡང་འཇིགས་སྐུལ་ཐེབས་བཞིན་འདུག་གོ།རྒྱུ་མཚན་ནི་གནས་སྐོར་བྱ་བར་དོ་དམ་ལེགས་པོ་མ་བྱས་ཚེ།སྦགས་བསླད་དང་གནས་སྐོར་གཉིས་ཀྱི་བར་ལ་མཚུངས་རྟགས་སྦྱར་ཆོག་ཆོག་གི་ངེས་ཤེས་ཀྱང་རྙེད་འོངས།
གནས་ཚུལ་གཞན་ཞིག་ནི།ཟི་ལིང་གི་ཁྲོམ་སྲང་ཆེ་ཆུང་གང་རུང་དུ་“གསེར་ཉ།གསེར་ཉ”ཞེས་ཚོང་འབོད་བྱེད་པ་དང་འབྲེལ་བ་ཡོད་པ་ཞིག་སྟེ།མཚོ་ནང་གི་ཉ་ཚད་ལས་བརྒལ་བའི་ འཛིན་བཟུང་བྱས་པས་ཉའི་ཐོན་ཁུངས་ཇེ་ཉུང་དུ་སོང་ཞིང་ད་ལྟ་ཉ་འཛིན་མི་ཆོག་པའི་ བཅའ་ཁྲིམས་གཏན་འབེབས་བྱས་ཀྱང་ཉ་པ་རྣམས་ནི་ཁོགས་ཐབ་བྲལ་ཞིང༌།དེ་མིན་པི་ཧ་ཆུ་བོ་སོགས་ཀྱི་འབབ་རྒྱུན་ཆད་ཐེངས་རེར་རྐང་ཚ་སོགས་ནས་རླངས་འཁོར་ནང་འགྱིག་ཤོག་ བཏང་སྟེ་ཆུ་བླུག་ཅིང་ཉ་རྣམས་དེའི་ནང་དུ་བཀོད་དེ་མཚོ་ནང་དུ་བསྐྱལ་བའི་དཀའ་ལས་ ཆེན་པོ་མྱོང་བཞིན་པ་ཁོ་བོས་དངོས་སུ་མཐོང་མྱོང།
༢༠༠༤ལོའི་དབྱར་ཁར་ཁོ་བོ་མཚོ་འགྲམ་ས་ཁུལ་དུ་བཅར་འདྲིར་སྐྱོད་སྐབས།ས་དེའི་ འབྲོག་པ་རྒད་པོ་ཞིག་ལ་མཚོ་སྔོན་པོ་དང་གསེར་ཉའི་སྐོར་གྱི་གནས་ཚུལ་འདྲི་དུས།མཚན་ལ་ཅི་ཟེར་བརྗེད་ཟིན་པའི་རྒད་པོ་དེའི་གདོང་གི་ཟབ་སར་སྦས་པའི་སྐྱོ་ཉམས་རབ་རིབ་དེ་ཁོ་ བོས་ད་དུང་ཡང་བརྗེད་ཐབས་མི་འདུག་སྟེ།ཁོང་གིས་དངན་པ་རིང་བོ་འཐེན་བཞིན་ན་ནིང་དོ་ཚིགས་མཚོ་སྔོན་པོའི་ས་ཁུལ་དུ་གནས་སྐོར་ལས་རིགས་རྒྱ་ཆེར་དར་བ་དང་བསྟུན་ནས་ འབྲོག་པའི་ཡོང་སྒོ་ཇེ་མང་དུ་སོང་མོད་ཀྱང༌།ཁོར་ཡུག་ལ་སྦག་བཙོག་བཟོས་པ་དང་མི་རྣམས་ཀྱི་སེམས་ཁམས་ཡག་པོ་དེར་ཤན་ཤུགས་ངན་པ་ཐེབས་འགོ་བརྩམས་པས་ཡིད་སེམས་ཧ་ཅང་སྐྱོ་བ་ཞིག་རེད།སྔོན་ཆད་ཡིན་ན་གསེར་ཉ་འཛིན་མཁན་ནི་ཡུལ་གཞན་ནས་ཐོན་པའི་རྒྱ་ རིགས་དང་ཧོས་རིགས་ཚོ་ཡིན་པ་ལས།རང་ས་ཆའི་འབྲོག་པ་ཚོས་ལས་དེ་རིགས་གཏན་ནས་མི་སྒྲུབ་ལ་ཉ་ཤ་ཡང་མི་ཟ་བ་རེད།ཡིན་ན་ཡང་ལོ་འདི་འགའི་རིང་ལ་དངུལ་སྒོར་གྱི་བསླུ་བྲིད་ལྡོག་མ་ཐུབ་པར་འབྲོག་པ་ཁ་ཤས་ཀྱིས་ཀྱང་ལྐོག་ནས་གསེར་ཉ་འཛིན་པ་སོགས་བྱ་ངན་དེ་ རིགས་སྒྲུབ་ཀྱིན་འདུག་ཟེར།
… …

མཚོ་སྔོན་པོའི་སྐྱེ་ཁམས་སླར་གསོ་གསོ་འབྱུང་དགོས་ན་ད་དུང་གོ་རིམ་རིང་མོ་ཞིག་བརྒྱུད་དགོས་ཤིང༌།གཏོར་བརླག་གི་རིན་དོད་ལ་རྒྱུ་ཤུགས་གཉིས་ཀྱི་འགྲོ་སྒོ་རྒྱ་ཆེན་པོ་ཞིག་མ་བཏང་ན་ཧ་ཅང་དཀའ་བའི་ཚོད་ཡིན་ནོ།།
ལྷ་སྒྲུང་དུ་འགྱུར་སྲིད་པའི་མཚོ་སྔོན་པོ།
མཚོ་སྔོན་པོ་ནམ་ཞིག་དངོས་གནས་ལྷ་སྒྲུང་དུ་འགྱུར་སྲིད་དམ།
དྲི་བ་འདིར་ལན་མ་བཏབ་པའི་སྔོན་ལ་ང་ཚོས་ལྷ་སྒྲུང་དུ་གྱུར་ཟིན་པའི་དཔེ་མཚོན་རེ་ འདྲེན་ལ་བརྟག་པར་བྱའོ།།ཞིན་ཅང་གི་ལོ་པུའུ་མཚེའུའི་རྒྱ་ཁྱོན་ལ་བསྡོམས་པས་སྤྱི་ལེ་གྲུ་བཞི་མ20000ཡོད་པ་དང༌།གནའ་བོའི་ལིག་ལན་རྒྱལ་ཁབ་དེ་མཚེའུ་འདིར་བསྟེན་ནས་དར་ཞིང་ རྒྱས་པ་རེད།ཡིན་ན་ཡང་སྤྱི་ལོ1972ལོར་མཚེའུ་ཡོངས་སུ་སྐམ་ཐག་ཆོད་དེ་ད་ལྟ་མིང་གི་ལྷག་མ་ཙམ་དུ་ཟད་དོ།།མཚོ་སྔོན་པོའི་གནས་ཚུལ་ལ་བལྟས་ན་མཚོ་སྔོན་པོ་ཡང་ལོ་རེར་བཞིན་ཐག་བཞིན་ཡོད་པས་ལོ་པུའུ་མཚེའུའི་ལས་དབང་དེ་ཁོ་མོའི་མགོ་ལ་མི་འབབ་པའི་ངེས་པ་ཅི་ཡང་མེད་ལ།དེའི་དབང་དུ་སོང་ཚེ་མཚོ་སྔོན་པོ་ནམ་ཞིག་ལྷ་སྒྲུང་དུ་མི་འགྱུར་ཞེས་སུ་ཞིག་གིས་སྨྲ་བར་སྤོབས།
ང་ཚོས་གནམ་དང་འཐབ་རྩོད་བྱས།ང་ཚོས་ས་དང་འཐབ་རྩོད་བྱས་ཏེ་དགྲ་བོ་གང་མང་ཞིག་ལ་ཐུག་དུས།ད་གཟོད་ཆེས་ཉེན་ཁ་ཆེ་བའི་དགྲ་བོ་ནི་རང་ཉིད་ཡིན་པ་རྟོགས་ཤིང༌།རང་ བྱུང་ཁམས་ཀྱི་པང་ནས་ཅི་འདོད་གང་འདོད་དུ་གཏེར་ཁ་སོགས་དགོས་དགོས་པོ་བླངས་ བླངས་པའི་མཐར་རང་བྱུང་ཁམས་ཀྱི་ཆད་གཅོད་ཀྱང་དང་ལེན་མི་བྱེད་རང་བྱེད་དུ་གྱུར།མིའི་རིགས་དང་རང་བྱུང་ཁམས་བར་འཆམ་མཐུན་ཡོང་བར་མི་བརྩོན་པ་དང༌།སྲོག་ཆགས་དང་འཆམ་མཐུན་ཡོང་བར་མི་བརྩོན་པའི་མཇུག་འབྲས་ནི།ལོ་རེར་བཞིན་ནང་ལོགས་ཀྱི་ས་ཆ་མང་པོར་ཤ་འོད་རྒྱུགས་ཏེ་འཇིག་སྐྲག་ཚད་མེད་མྱོང་བཞིན་པ་ལྟ་བུ་རེད།
ད་ལྟ་ང་ཚོས་སའི་གོ་ལ་སྤྱི་ལ་དབང་བའི་སྤྱི་ནོར་མང་པོ་ཞིག་ཚར་བཅད་ཚར་འདུག་སྟེ།ཐ་ན་ཕ་ཡུལ་ལ་འགྲོ་ཐེངས་རེ་རེར་དེ་སྔའི་བྱེའུ་སྐྱ་རིལ་དེ་དག་ཀྱང་མཐོང་དཀོན་པར་གྱུར་ འདུག་པས།མ་འོངས་པ་ན་བྱ་བྱེའུའི་ཅ་ཅོ་སྒྲོག་པའི་སྐད་སྙན་ཡང་རྣ་བའི་བཅུད་དུ་སྨིན་པའི་སྐལ་བ་ཧ་ཅང་ཕྲ། ལྷག་པར་དུ་ན་ནིང་དོ་ཚིགས་ཡུལ་མི་རྣམས་རང་ཞིང་གི་མགོ་ལོག་དང་ ཞིན་ཧེ་སོགས་ས་ཆར་ཤ་རུལ་སྟེང་སྦྲང་ཐལ་འཁོར་འཁོར་གྱིས་ཞོགས་ཏེ་དབྱར་རྩྭ་དགུན་འབུ་བརྐོ་རུ་འགྲོ་བཞིན་པའི་འཚང་ཁར་ཞིག་ལྟོས་དང༌།མིག་སྔའི་ཁེ་ཕན་ཆུང་ངུ་དེར་དམིགས་ ནས་བུ་རབས་ཚ་རྒྱུད་དག་གི་སྐལ་ཡང་ཧམ་ཟ་བྱེད་པ་འདི་མ་གཞི་ནས་སྐྱོ་གར་ཞིག་ཅི་ལ་མིན་ཨང༌།ནམ་ཞིག་རྩྭ་ཐང་ཧྲིལ་བོ་སྐྱ་ཐེར་རེ་བཏང་ཚར་དུས་ད་གཟོད་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གཡང་མཐོན་པོར་བསྒྲག་སྟེ་སླར་གསོ་བྱ་ཟེར་ན།དེ་དུས་ད་ཡོད་ཀྱི་ཁེ་ཕན་གྱི་ལྡབ་བཅུ་ལྷག་གི་མ་རྩྭ་བཏང་རུང་ད་དུང་སླར་གསོ་བྱེད་ཐུབ་པའི་ངེས་པ་གཏན་ནས་མེད།
སྐུ་ཞབས་ལུའུ་ཞུན་ན་རེ།ནགས་ཚལ་རྣམས་རྩ་རྫོགས་བྱས།ཆུ་བོ་རྣམས་སྐམ་ཐག་ཆོད་ཚེ།མ་འོངས་པ་ན་ཆུ་ཐིགས་གཅིག་དང་ཟུངས་ཁྲག་གི་རིན་གོང་གཉིས་འདྲ་མཚུངས་ཡིན་སྲིད་དོ།།མི་ལྟེ་བར་འཛིན་པ་དང༌།རང་བྱུང་ཁམས་ཀྱི་ཆོས་ཉིད་དང་མི་བསྟུན་པའི་བྱེད་སྟངས་ཀྱིས་ང་ཚོ་ལ་བཀྲེས་ལྟོགས།ནད་ཡམས།ཐ་ན་ཚེ་སྲོག་གི་འཕར་ལྡིང་ཡང་མཚམས་འཇོག་པར་བྱེད་པས་མི་རང་རང་ནས་འགོ་བརྩམས་ཏེ་གཟབ་གཟབ་བྱེད་རྒྱུ་ཧ་ཅང་གལ་འགང་ཆེ་བ་རེད།དེ་ བཞིན་དུ་མཚོ་སྔོན་པོར་ཡང་སྲུང་སྐྱོང་གང་ལེགས་མི་བྱེད་པར་མུ་མཐུད་དུ་གནོད་སྐྱོན་བཟོ་རྐྱང་བྱེད་ཚེ།ནམ་ཞིག་དངོས་གནས་ལྷ་སྒྲུང་དུ་འགྱུར་སྲིད་དེ །དེ་ནི་ཆོས་ཉིད་ཀྱིས་ཐག་བཅད་ཡོད་པ་རེད།
མཇུག་ཏུ་སྐུ་ཞབས་དོན་གྲུབ་རྒྱལ་གྱི་གཞས་ཚིག་ཅིག་གིས་ཁོ་བོའི་རྩོམ་ཐུང་འདིའི་ མཇུག་བསྡུ་ཁུལ་ཙམ་བྱ་སྟེ།
… …
མཚོ་སྔོན་པོ་འདི་ནས་འཕྱུར་དུས།།
བྱ་ངང་པའི་སེམས་པ་དགའ་སོང༌།།
མཚོ་སྔོན་པོར་འགྲམ་དར་ཆགས་དུས།།
བྱ་ངང་པའི་སེམས་པ་སྐྱོ་སོང༌།།

2006/7/10ཉིན་ཟི་ལིང་དུ།

བསྟོད།7

དཔྱད་མཆན་སྤེལ།